གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

མེ་སོན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༠༧ཉིན།

༄༅།། དབྱར་གྱི་མཛེས་སྡུག

མེ་སོན།
ཨེ་མ་ལྷུན་པོའི་སྤོ་དང་ཡངས་པའི་ཐང་།། 
རབ་མཐོ་གངས་ཀྱི་མདངས་དང་མཚོ་མོའི་གཞུང་།།
ཡིད་འོང་ནགས་ཀྱི་ཚལ་དང་གཙང་བོའི་འགྲམ།། 
ཀུན་ལ་དབྱར་གྱི་ལང་ཚོས་མཛེས་སྡུག་བསྩལ།།

གཏིང་མཐའ་མི་མངོན་ཀུན་གསལ་སྒེག་མོའི་ངོས།།
དྭངས་པའི་སྤྲིན་པ་ཞོ་དཀར་སྤུངས་པ་ལས།།
བསིལ་སྦྱིན་ལྷ་ཡི་བདུད་རྩི་འཐོར་བ་ཡིས།། 
ས་ཆེན་པང་ལ་ལྗང་མདོག་མཛེས་པ་བསྐྲུན།། 
    
སྙན་པའི་གདངས་དབྱངས་མགྲིན་པར་བསྐྱིལ་བ་ཡི།། 
འདབ་ལྡན་དཔྱིད་ཀྱི་ཕོ་ཉའི་གྲེ་འགྱུར་གྱིས།།
ཕུན་ཚོགས་དབྱར་གྱི་དཔལ་ཡོན་ལེགས་དྲངས་ཏེ།
སྐྱེ་རྒུའི་ཡིད་ངོར་སྤྲོ་སྣང་འབུམ་གྱིས་གཏམས།།  

བཱེ་ཌཱུར་མདངས་འཛིན་ལྷ་ཡི་རྫིང་རིང་ངོགས།།
ངང་པའི་བུ་མོ་ཁྲུས་ཞུགས་སྟ་གོན་གྱིས།།
སྙན་པའི་མགྲིན་དབྱངས་དར་དིར་སྒྲོག་པ་ཡིས།།
འདབ་ཆགས་ཚོགས་ཀུན་གླུ་དབྱངས་ལེན་ལ་བྲེལ།།
  
གཡུ་མདོག་སྤང་ལྗོངས་སར་བའི་འཛིན་མའི་གཞིར།།
དཀར་དམར་ཆུ་སྐྱེས་བཞད་པའི་མཛེས་དཔལ་དང་།།
སྣ་བརྒྱའི་དྲི་བསུང་ཕྱོགས་ཀུན་འཐུལ་བ་ཡིས།།
སྐད་སྙན་བྷྲ་མ་ར་དག་མགྲོན་དུ་འགུགས།།
    
བསིལ་རླུང་དལ་བུར་རྒྱུ་བའི་འབྲོག་ལྷས་སུ།། 
ནོར་ནག་ཐང་མར་བརྡལ་བའི་ལོངས་སྤྱོད་དང་།།
མར་ཆུར་ནོམ་དུ་བླངས་པའི་སྤྲོ་སྣང་གིས།།
གཡང་ཁྱིམ་སྦྲ་ནག་དགོད་སྒྲས་གང་བར་བྱས།།

དྲོད་འཇམ་ཉི་འོད་འཁྱིལ་བའི་རི་གཤམ་ན།།
བསོད་ནམས་ས་རུ་སྨིན་པའི་ལོ་ལེགས་ཀྱི།།
སྙེ་མའི་མགོ་ལྕོག་ལྡེམ་པའི་སྟངས་ཀ་ཡིས།།
དང་བའི་ཡིད་ངོར་སྐྱིད་པའི་ཟེའུ་འབྲུ་དགོད།།

དེ་ལྟར་མ་བཀོད་རང་བྱུང་ལེགས་བྱས་འབུམ།།
འཛད་མེད་འདོད་དགུ་ཆར་དུ་སྙིལ་མཛད་པའི།།
དགེ་མཚན་དཔྱིད་དུ་འབར་བའི་དབྱར་དུས་ཀྱིས།།
སུམ་རྩེན་སྐྱེད་མོས་ཚལ་གྱི་དཔལ་ལ་འཁུ།།
      
       2018. རབ་རྒྱན་ས་ཕོ་ཁྱིའི་ལོའི་ཆུ་སྟོད་ཟླ་བའི་ཡར་ངོའི་བཟང་པོ་གཉིས་པའི་ཉིན།   མེ་སོན་གྱིས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1