གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༠༩ཉིན།

རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ནང་འཛུལ་དང་ཕྱིར་ཐོན་བྱ་རྒྱུར་དོགས་ཟོན་བྱས་ཏེ་ནུས་ལྡན་ངང་ཟོག་འགྲེམས་ཤར་གཏོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ།

        ལི་ཁེ་ཆང་གིས་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དང་ཟོག་འགྲེམས་ཁེ་ལས་མཁའ་འགྲུལ་ཡན་ལག་ལྟེ་གནས་ལ་རྟོག་ཞིབ་གནང་སྐབས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ནང་འཛུལ་དང་ཕྱིར་ཐོན་བྱ་རྒྱུར་དོགས་ཟོན་བྱས་ཏེ་ནུས་ལྡན་ངང་ཟོག་འགྲེམས་ཤར་གཏོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་3ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཁེ་ཆང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དང་ཧྲུན་ཧྥུང་ཧྭ་པེ་མཁའ་འགྲུལ་ཡན་ལག་ལྟེ་གནས་སུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། མཁའ་ཐོག་སྐྱེལ་འདྲེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་ས་ཁོངས་ལས་བརྒལ་ནས་མཆེད་རྒྱུར་དོགས་ཟོན་ནུས་ལྡན་བྱེད་པ། རྒྱལ་སྤྱི་རྒྱལ་ནང་གི་ཟོག་འགྲེམས་སྐྱེལ་འདྲེན་ཤར་གཏོང་ཐུབ་པ་བཅས་བྱས་ཏེ། རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་དེ་བས་ལེགས་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
        གནམ་ཐང་གི་འཁོར་སྐྱོད་ཚོད་འཛིན་ལྟེ་གནས་སུ། ལི་ཁེ་ཆང་གིས་རིམས་ནད་ཐོན་ཚུན་རྒྱལ་ཡོངས་ཀྱི་གནམ་གྲུའི་ལན་གྲངས་དང་། མི་སྣ་རྒྱལ་མཚམས་ནས་འགྲོ་འོང་བྱེད་ཚུལ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་སོགས་ཀྱི་གནས་ཚུལ་སྙན་སེང་གསན་རྗེས་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས་སྨན་དོན་མི་སྣ་དང་རིམས་ནད་འགོག་ཟོན་གྱི་དངོས་ཟོག་སྐྱེལ་འདྲེན་འགན་ལེན་དང་། གཅིག་ལ་གཅིག་གཏད་ཀྱི་གནམ་གྲུའི་ལན་གྲངས་ཤར་གཏོང་གིས་གཙོ་གནད་ལས་རིགས་ཀྱི་ཞིང་པ་ལས་མི་ལས་གནས་ཐོག་ཕྱིར་ལོག་དང་ལས་འགོ་བསྐྱར་ཚུགས་བྱེད་རོགས་བྱས་པར་བསྔགས་བརྗོད་གནང་ཡོད། ལི་ཁི་ཆང་གིས། ཉེ་ཆར་ཏོག་གསར་གློ་ཚད་ཀྱི་རིམས་ནད་དེ་ཕྱི་རྒྱལ་དུ་མཆེད་ཚད་མགྱོགས་མྱུར་འཕར་སྣོན་འགྲོ་བའི་རྣམ་པ་ཐོན་བཞིན་ཡོད་པས་རིམས་ནད་ལ་ཁ་གཏད་གཅོག་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགྲན་རྩོད་ཡིན། རྒྱལ་སྤྱིའི་སྒྲིག་འཛུགས་དང་། འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་བར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་མཁའ་འགྲུལ་སྐྱེལ་འདྲེན་གྱི་སྔོན་འགོག་ཚོད་འཛིན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།འགོག་ཟོན་བྱ་ཐབས་མཐུན་སྦྱོར་ངང་སྤྱད་དེ་རིམས་ནད་ནང་འཛུལ་དང་ཕྱིར་ཐོན་བྱ་རྒྱུར་སྔོན་འགོག་བྱེད་པ། མི་སྣ་འགྲོ་འོང་གོ་རིམ་ལྡན་ལ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་པ་བཅས་ནི་འགྲུལ་པ་ཚང་མར་འགན་འཁུར་བ་ཞིག་ཡིན་ལ་རྒྱལ་ཁབ་ཁག་གི་མི་དམངས་ལ་འགན་འཁུར་བ་ཞིག་ཀྱང་ཡིན་པས། རྒྱལ་སྤྱིའི་མཉམ་ལས་ཀྱི་འགན་འཁུར་བའི་རྣམ་འགྱུར་མངོན་པ་བྱེད་དགོས་ཞེས་གསུངས་ཡོད།
        ལི་ཁེ་ཆང་གནམ་ཐང་གི་ཚོང་ཁང་ནང་ཕེབས་ནས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ནས་ཡིན་པ་དང་པེ་ཅིང་དུ་གནམ་གྲུ་བརྗེ་པོ་རྒྱག་མཁན་ཡུལ་སྐོར་བ་ཞིག་དང་གླེང་མོལ་གནང་ཡོད། ཁོང་ད་དུང་གནམ་གྲུ་སླེབས་སའི་ཐོན་སྒོར་ཕེབས་ནས་གཟུགས་པོའི་དྲོད་ཚད་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད་ལས་དོན་མི་སྣ་དང་སྤེལ་རེས་གནང་བ་དང་། མཁའ་ཐོག་སྐྱེལ་འདྲེན་དང་མི་སྣ་རྒྱལ་མཚམས་ནས་འགྲོ་འོང་བྱེད་སྐབས་བཟུང་བའི་སྔོན་འགོག་ཚོད་འཛིན་བྱ་ཐབས་དང་ཐོལ་བྱུང་གནས་ཚུལ་ཐོན་ཚེ་ཇི་ལྟར་བྱས་ནས་འཕྲལ་དུ་ཐག་གཅོད་བྱེད་མིན་ཐད་བཀའ་འདྲི་ཞིབ་ཕྲ་གནང་ནས། གནམ་ཐང་གིས་ཁུལ་དབྱེ་བ་དང་རིམ་པ་དབྱེ་བ། རིགས་དབྱེ་བ་བཅས་ཀྱི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་ཉེན་ཁ་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྤྱད་པར་ཁས་ལེན་གནང་ཡོད། ལི་ཁེ་ཆང་གིས། མཁའ་འགྲུལ་སྐྱེལ་འདྲེན་མི་སྣ་རུབ་འདུས་ཆེ་བའི་ཁར་ཁྱེད་ཚོ་རིམས་ནད་འགོག་ཟོན་གྱི་འཐབ་ས་དང་པོར་ཡོད་པས། འབྲེལ་ཡོད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་རིམས་ནད་མཆེད་རྒྱུ་སྔོན་འགོག་བྱེད་པའི་མཁའ་འགྲུལ་འགག་སྒོ་ཡག་པོ་སྲུང་དགོས་ཞེས་གསུངས་ཡོད་པ་རེད།
        ལི་ཁི་ཆང་གིས་དངོས་ཟོག་སྐྱེལ་འདྲེན་ལས་རིགས་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཧྲུན་ཧྥུང་ཧྭ་པེ་མཁའ་འགྲུལ་ཡན་ལག་ལྟེ་གནས་སུ། ཀུང་སིའི་འགན་འཁུར་བས་རིམས་ནད་ཀྱི་རྐྱེན་པས་ཁེ་ལས་ཀྱི་མ་གནས་མཐོ་རུ་ཕྱིན་པ་སྙན་སེང་ཞུས་ཡོད། ལི་ཁེ་ཆང་གིས་ཁེ་ལས་ལ་ཉེ་དུས་རྒྱལ་ཁབ་ཀྱིས་བཏོན་པའི་ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ་དང་། དངུལ་རྩའི་རྒྱབ་སྐྱོར་སོགས་ཀྱི་སྲིད་ཇུས་ལོངས་སྤྱོད་ཐུབ་མིན་བཀའ་འདྲི་གནང་བ་དང་། འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་ཞབས་ཞུར་ཤུགས་སྣོན་བརྒྱབ་ཏེ་གཞུང་ཁོངས་དང་དམངས་གཉེར་སོགས་རིགས་ཁག་གི་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་འཛིན་ཐོག གང་མགྱོགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། ཁོང་གིས། ཟོག་འགྲེམས་སྦྲེལ་ཐག་དེ་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་དང་འབྲེལ་ཡོད། མིག་སྔར་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་ཟོག་འགྲེམས་ནི་རྨང་གཞི་གལ་ཆེན་ཞིག་རེད། འཕར་རྩ་ཆེན་པོ་མུ་མཐུད་ཤར་གཏོང་ཐུབ་པ་དང་འཁོར་རྒྱུག་ཕྲ་མོ་ཤར་གཏོང་ཐུབ་པ་བྱས་ནས་ཐོན་ལས་འབྲེལ་ཐག་བདེ་བླག་ངང་ཤར་གཏོང་ཐུབ་པ་དང་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་བརྟན་པོའི་ངང་མཁོ་འདོན་ཐུབ་པ་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་རྒྱལ་སྤྱིའི་ཟོག་འདྲེན་གནམ་གྲུ་མང་དུ་གཏོང་བ་དང་རྒྱལ་སྤྱིའི་ཟོག་འགྲེམས་མྱུར་འདྲེན་མ་ལག་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཆེད་ཕན་འབྲས་ཆེ་ལ་སྟབས་བདེ་ཞིང་བརྟན་ལྷིང་བཅས་ཀྱི་ཟོག་འགྲེམས་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་ཡོད།
        ས་ཡུལ་དངོས་སུ་མྱུར་སྐྱེལ་མི་སྣ་མཐོང་སྐབས། ལི་ཁེ་ཆང་གིས་ཁོང་རྣམ་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས། རིམས་ནད་ཐོན་ཚུན་ཁྱེད་ཚོ་ཉིན་ལྟར་ལས་ཀ་བྱེད་ཀྱི་ཡོད་མེད་དང་ད་ཆ་ཉིན་གཅིག་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ག་ཚོད་ཡོད་མེད་བཀའ་འདྲི་གནང་ཡོད། ལི་ཁི་ཆང་གིས། མི་དམངས་མང་ཚོགས་ཀྱིས་མཛའ་བརྩེའི་ངང་ཁྱེད་ཚོར་མྱུར་སྐྱེལ་བུ་ཆུང་ཞེས་འབོད་ཀྱི་ཡོད། ཁྱེད་ཚོ་ནི་རིམས་ནད་ཁྲོད་དཔའ་ངར་ཆེན་པོས་མདུན་བསྐྱོད་བྱེད་མཁན་ཡིན། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པ་མངོན་མཁན་ཞིག་ཡིན། ཁྱེད་ཚོས་ཁྲོམ་ལམ་ཆེ་ཆུང་གང་སར་བསྐྱོད་དེ་མི་དམངས་མང་ཚོགས་ལ་སྐྱེལ་བ་ནི་འཚོ་བའི་མཁོ་ཆས་ཁོ་ན་མ་ཡིན་པར་མི་ཡུལ་གྱི་དྲོ་སྐྱིད་ཀྱང་བསྐྱལ་ཡོད་ཅེས་གསུངས་པ་དང་། ཁོང་གིས། འབྲེལ་ཡོད་ཕྱོགས་ནས་མྱུར་སྐྱེལ་ལས་རིགས་ཀྱི་ཁ་རས་སོགས་འགོག་སྲུང་མཁོ་ཆས་ཀྱི་དགོས་མཁོ་འགན་ལེན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་མ་ཟད་ཚང་མས་རང་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་དགོས་པའི་བཀའ་མངགས་ཀྱང་གནང་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1