ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་འཚམས་འདྲི་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-09



གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ཉེའི་མཚམས་སུ། ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་འཐབ་ཕྱོགས་ཁག་གི་ནང་འབད་འཐབ་གནང་བཞིན་པའི་རྒྱ་ཆེའི་བུད་མེད་སྤུན་ཟླར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླར་དུས་ཆེན་གྱི་འཚམས་འདྲི་གནང་བ།
          གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་འཐབ་ཕྱོགས་ཁག་གི་ནང་འབད་འཐབ་གནང་བཞིན་པའི་རྒྱ་ཆེའི་བུད་མེད་སྤུན་ཟླར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླར་དུས་ཆེན་གྱི་འཚམས་འདྲི་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། རྒྱ་ཆེའི་བུད་མེད་སྨན་དོན་ལས་དོན་པས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཉིན་མཚན་བལྟོས་མེད་འབད་འཐབ་གནང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟན་སྲུང་གནང་བ་དང་། སྲོག་སྐྱོབ་རྨས་སྐྱོར་དང་སྨན་དོན་མི་སྣའི་བྱམས་སེམས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མངོན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མི་སྣ། སྡེ་ཁུལ་གྱི་ལས་དོན་མི་སྣ། གསར་འགྱུར་ལས་དོན་མི་སྣ། དང་བླངས་པ་སོགས་ཁྲོད་ཀྱི་བུད་མེད་སྤུན་ཟླ་ཚོས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་སྙིང་རུས་ཆེན་པོས་འབད་བརྩོན་གནང་ནས། དཀའ་ཚེགས་ཆེ་བའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཚང་མས་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་། དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་རྒྱུན་འཁྱོངས་གནང་ཐོག ཚན་རིག་དང་མཐུན་པའི་འགོག་སྲུང་ཡག་པོ་གནང་ནས། རྒྱུན་མཐུད་བདེ་ཐང་ངང་རིམས་ནད་ལས་རྣམ་པར་རྒྱལ་རྒྱུའི་འཐབ་རྩོད་ཁྲོད་ཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་འཐབ་ཕྱོགས་ཁག་གི་བུད་མེད་སྤུན་ཟླར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་དང་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོའི་བུད་མེད་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། བུད་མེད་དུང་ཕྱུར་མང་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1