གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

ཕུན་ཚོགས་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༠༩ཉིན།

༄༅།། རྒྱལ་སྲས་འཇང་ཚ་ལྷ་དབོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་དོགས་གནད་འགའ་ལ་དཔྱད་པ།


ཕུན་ཚོགས་བཀྲ་ཤིས།
[ནང་དོན་གནད་བསྡུས།]  དཔྱད་རྩོམ་འདིར་བོད་རྒྱའི་ལོ་རྒྱུས་དཔྱད་ཡིག་ཁུངས་མ་སྟེ། བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་། ཏུན་ཧོང་ཡིག་རྙིང་། རྒྱའི་ཡིག་ཚང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་རྣམས་ལ་གཞི་བཅོལ་ཏེ། འཇང་ཚ་ལྷ་དབོན་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་གཅེན་པོ་ཡིན་པ་དང་།  ཡབ་ཁྲི་འདུས་སྲོང་འདས་རྗེས་རྒྱལ་སྲིད་བརྩད་མཐར་ཁྲི་ལས་ཕབ་ཅིང་ཐང་མཚམས་སུ་ཕབ་པ། གྱིམ་ཤིང་ཀོང་ཇོ་བོད་དུ་སླེབས་པའི་དུས་དེར་བློན་རྒྱུད་ཁག་གེ་ནང་འགལ་ལས་རྐྱེན་ལམ་དུ་ཤོར་བ། བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་ལྷས་བོན་དང་གང་ཟག་ཐ་དད་ཡིན་ཚུལ་བཅས་ཀྱི་སྐོར་གླེང་བརྗོད་བགྱིས་ཡོད།
[བརྡ་ཆད་གཙོ་བོ] འཇང་ཚ་ལྷ་དབོན། སྲས་ལྷས་བོན། དོགས་གནད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)03-118-12
         གླེང་གཞི། 
         བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེར་འཇང་ཚལྷ་དབོན་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་དང་བཙུན་མོ་འཇང་མོ་བཟའ་ཁྲི་བཙུན་གཉིས་ཀྱི་སྲས་ཡིན་པར་བཞེད་ཅིང་། ཆུང་བྱིས་པའི་དུས་ནས་བྱད་བཞིན་ཁྱད་མཚར་དུ་ཡོད་པས་ལྷའི་སྲས་པོ་དང་མཚུངས་པར་བརྗོད་དེ་མཚན་ལའང་འཇང་ཚ་ལྷ་དབོན་དུ་གསོལ་ཞེས་གྲགས་པ་ལྟར། དེང་སྐབས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཁྲོད་དུའང་ཁོང་ནི་སྲས་ལྷས་བོན་དང་གང་ཟག་གཅིག་ཏུ་འདོད་ཡོད་དེ། “འཇང་ཚ་ལྷ་དབོན་ནི་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་པའི་རྗེས་ནས་འཁྲུངས་ཤིང་། ཀོང་ཇོ་དང་ལོ་གཅིག་ལ་འདས་པ་རེད་”①ཅེས་སྲས་ལྷས་བོན་གྱི་འདས་ལོ་དང་སྦྲེལ་ཏེ་ཁོང་གཉིས་གང་ཟག་གཅིག་ཡིན་པར་གསུངས་ཡོད་པ་ལྟ་བུ་དང་། ཡང་། “འཇང་ཚ་ལྷ་དབོན་ནི་བོད་རྗེ་ཁྲི་ལྡེ་གཙུག་བཙན་དང་འཇང་བཟའ་ཁྲི་བཙུན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་རྒྱལ་སྲས་ཤིག་ཡིན་”②ཞེས་པ། གཞན་ཡང་། “གྱིམ་ཤིང་ཀོང་ཇོ་ཉིད་ཁྲི་ལྡེ་གཙུག་བཙན་གྱི་བཙུན་མོར་བསུ་བ་ཁོ་ན་ཡིན་གྱི། འཇང་ཚ་ལྷས་བོན་ལ་ནི་ཅི་ནས་ཀྱང་མི་འཐད་པ་ཞིག་སྟེ། གྱིམ་ཤིང་ཀོང་ཇོ་བོད་ལ་འབྱོར་དུས་ཁྲི་ལྡེ་གཙུག་བཙན་ཉིད་ཀྱང་དགུང་ལོ་དྲུག་ཙམ་ལས་ཟིན་མེད་”③ཅེས་པ། “ཀིམ་ཤིང་ཀོང་ཅོ་བོད་དུ་ཕེབས་སྐབས་ཁྲི་ལྡེ་གཙུག་བཙན་དགུང་ལོ་བདུན་ཡིན་པས། དེའི་སྲས་སུ་གྱུར་པའི་ལྗང་ཚ་ལྷ་དབོན་ཞེས་པ་མེད་པས་......”④ཞེས་པ་སོགས། སྲས་འཇང་ཚ་ལྷ་དབོན་ནི་ཁྲི་ལྡེ་གཙུག་བརྟན་གྱི་སྲས་ཡིན་པར་བཞེད་པའི་དཔྱད་འབྲས་མང་པོ་མཐོང་རྒྱུ་ཡོད། དེ་ལྟར་ནའང་། ང་ཚོས་བོད་ཀྱི་ལོ་རྒྱུས་ལ་སློབ་གཉེར་དང་བསམ་གཞིག་བྱེད་པའི་ཁྲོད་དུ་དེ་དག་གི་དོན་གྱི་བྱུང་རིམ་འཁྲུག་པ་དང་ལོ་ཚིགས་སྔ་ཕྱི་མི་མཐུན་པའི་དོགས་གནད་མང་པོ་མཐོང་བས། འདིར་བོད་རྒྱའི་ལོ་རྒྱུས་དཔྱད་ཡིག་ཁུངས་མ་སྟེ། བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་། ཏུན་ཧོང་ཤོག་དྲིལ། རྒྱའི་ཡིག་ཚང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་ལ་གཞི་བཅོལ་ཏེ། འཇང་ཚ་ལྷ་དབོན་ནི་ཡབ་ཁྲི་འདུས་སྲོང་གི་སྲས་སུ་སྤྱི་ལོ་༦༩༠ཙམ་ལ་འཁྲུངས་ཤིང་། ཁྲི་ལྡེ་གཙུག་བརྟན་གྱི་གཅེན་པོ་ཡིན་སྐོར་དང་། སྲས་ལྷས་བོན་དང་གང་ཟག་ཐ་དད་ཡིན་སྐོར་བཅས་གླེང་བར་འདོད་དེ།
དང་པོ། འཇང་ཚ་ལྷ་དབོན་འཁྲུངས་ཚུལ་གྱི་གཏམ་རྒྱུད་ལ་བརྟག་པ།
         གཅིག འཇང་ཚ་ལྷ་དབོན་འཁྲུངས་ཚུལ་གྱི་གཏམ་རྒྱུད།
         འཇང་ཚ་ལྷ་དབོན་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་སུ་འཁྲུངས་པའི་སྐོར་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེར་གཅིག་མཐུན་དུ་འཁོད་ཡོད་དེ། 《རྒྱ་བོད་ཡིག་ཚང་ཆེན་མོ》ལས།  དེས (མེས་ཨག་ཚོམ) བཙུན་མོ། ལྗང་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་པ་ལ། སྲས་ཤིན་ཏུ་མཚར་བ་གཅིག་བལྟམས་པའི་མིང་། ལྗང་ཚ་ལྷ་དབོན་དུ་གྲགས་”⑤ཞེས་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་འཇང་མོ་བཟའ་ཁྲི་བཙུན་བཙུན་མོར་བསུས་ཤིང་། རྒྱལ་སྲས་ཤིག་འཁྲུངས་པར་གཞན་དང་མི་མཚུངས་པའི་ཁྱད་ཆོས་མངའ་བས་ལྷའི་དབོན་སྲས་དང་འདྲ་ཞེས་མཚན་ལའང་འཇང་ཚ་ལྷ་དབོན་དུ་ཐོགས་ཚུལ་འཁོད་པ་བཞིན། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་གཞན་དུའང་དེ་ལྟར་འདྲ་མཚུངས་སུ་འཁོད་ཡོད་པ་ནི།《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལས། “ཁྲི་ལྡེ་གཙུག་བཙན་ཨག་ཚོམ་གྱི་རིང་བསམ་ཡས་ཀ་ཆུའི་གཙུག་ལག་ཁང་བཞེངས་ཏེ།......སྲས་རྒྱལ་བུ་འཇམ་(འཇང་)ཚ་ལྷ་དབོན་ཏེ་མི་བུ་མི་འདྲ་བ་ལྷའི་སྲས་འདྲ་བ་ཞིག་འདུག་པར་གཟིགས་” ⑥ཞེས་པ་དང་།   《ཡར་ལུང་ཇོ་བོའི་ཆོས་འབྱུང་》དུ། “བཙུན་མོ་ལྗང་མོ་ཁྲི་བཙུན་ཁབ་ཏུ་བཞེས་པས་རྒྱལ་བུ་གཅིག་འཁྲུངས་པ་ལ། མིའི་བུ་མི་འདྲ་བ། ལྷའི་སྲས་འདྲ་བ་གཅིག་བྱུང་བས། མིང་ལྗང་ཚ་ལྷ་དབོན་དུ་བཏགས་སོ་”⑦ཞེས་པ། 《དེབ་ཐེར་དམར་པོ་》ར།  “......དེའི་སྲས་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམས་ཏེ། ལྕགས་ཕོ་འབྲུག་ལ་འཁྲུངས།......དེའི་སྲས་ལྗང་ཚ་ལྷ་དབོན་ལ་”⑧ཞེས་པ་སོགས་ཚང་མས་འཇང་ཚ་ལྷ་དབོན་ནི་ཁྲི་ལྡེ་གཙུག་བརྟན་གྱི་སྲས་ཡིན་པར་གཅིག་མཐུན་གྱིས་བཞེད་ཡོད་པ་མ་ཟད། ད་དུང་བཞིན་རས་ཁྱད་མཚར་དུ་ཡོད་པ་དེའི་སྐོར་ལ་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “དེའི་ཚེ་ཞང་བློན་ཀུན་རྩེ་བྲོ་ཆག་བྲེལ་བས་མ་དགའ་ནས་ངེད་ཀྱི་བཙན་པོ་འདི་ནི་དད་པ་ཆེ་བ་ཆོས་ལ་དགའ་ཞིང་བྱད་མི་མཚར་བས་བྲམ་ཟེ་ཡིན་ནམ་ཞེས་གླེང་། དེ་རྗེའི་སྙན་དུ་གསོལ་བས་ང་བྲམ་ཟེ་ཡིན་པར་གྱུར་ན་ངའི་ཁབ་ལྗང་མོ་ཁྲི་བཙུན་འདི་ལ་བུ་ང་བས་དད་པ་ཆེ་བ་བྱད་མི་སྡུག་པ་ཅིག་ཤོག་ཅིག ང་བཙན་པོ་མ་ནོར་བ་ཡིན་ན་བུ་ཞང་བློན་རྣམས་ཀྱིས་བཅས་མི་ཐོགས་པ་ཤོག་ཅིག་ཅེས་དམོད་བཙུགས་པས་ཁྲི་བཙུན་ལ་སྲས་ལྷའི་བུ་འདྲ་བ་སྣའི་གཟེངས་མཐོ་བ་དཔྲལ་བའི་དབྱེས་ཆེ་བ་ཤིན་ཏུ་མཛེས་པ་གཅིག་བཙས་པས་ནང་བློན་རྣམས་ན་རེ་བོད་ཀྱི་བཙན་པོ་ཡང་དག་པ་ཟེར་རོ་”⑨ཞེས་དང་། “སྲས་ཤིན་ཏུ་མཛེས་པ་ཞིག་བཙས་པས་ཞང་བློན་རྣམས་ཀྱིས་ལྷ་སྲས་འདི་མི་མིན་ལྷ་ཡི་དབོན་པོ་ཡིན་ནོ་ཟེར་སྨྲས་ནས་མཚན་དུའང་འཇང་ཚ་ལྷ་དབོན་ཞེས་གསོལ་”⑩ཞེས་བྱུང་བ་དང་།  དེ་བཞིན་ལྷའི་དབོན་སྲས་དང་འདྲ་བའི་རྒྱལ་སྲས་ལ་བོད་རང་ན་ཁབ་ཏུ་རན་པའི་བཙུན་མོ་ཞིག་མེད་ཚུལ་གྱི་གཏམ་རྒྱུད་ཀྱང་ཡོད་པ་ནི།“དེ་ལ་ཁབ་རན་པ་ན་བོད་ཀྱི་མི་སྤྲེའུ་བྲག་སྲིན་གྱི་རྒྱུད་པ་འདི་ཇོ་མོར་མི་འོས། མེས་སྲོང་བཙན་སྐམ་པོའི་ལུགས་སུ་བྱ་ཟེར་ནས་རྗེ་ལི་ཁྲི་བཞེར་མང་མའི་སྲས་མོ་གྱིམ་ཤང་ཀོང་ཇོ་བྱ་བ་ཡོད་ཟེར་བ་དེ་བླང་བར་འཆམ་”⑾ཞེས་བྱུང་བ་ལྟར་ཡིན། གཏམ་རྒྱུད་འདིས་གྱིམ་ཤིང་ཀོང་ཇོ་བོད་བཙན་པོའི་བཙུན་མོར་བསུ་བའི་རྒྱུ་མཚན་ནི་རྒྱལ་སྲས་ཀྱི་བྱད་བཞིན་མཛེས་པས་བོད་ཡུལ་ན་བཙུན་མོར་འོས་པ་ཞིག་མེད་པས་ཡིན་པར་བརྗོད་ཀྱང་། དོན་དངོས་ཐོག་གཏམ་རྒྱུད་འདིའི་ཡོལ་བའི་རྒྱབ་ན་བཙན་པོའི་སྲིད་གཞུང་ནང་ཁུལ་གྱི་ཛ་དྲག་ཆེ་བའི་སྲིད་རྩོད་ཀྱི་དོན་ཆེན་ཞིག་གབ་ནས་ཡོད་པའི་དོགས་གནད་ཅིག་རང་བཞིན་གྱིས་སྐྱེས་འོངས་པ་མ་གཏོགས། ལོ་རྒྱུས་དངོས་ཀྱི་བདེན་གཏམ་ཞིག་ཡིན་པར་སུས་ཀྱང་ཡིད་ཆེས་དཀའོ།
         གཉིས། འཇང་ཚ་ལྷ་དབོན་ནི་བཙན་པོ་ཁྲི་འདུས་སྲོང་ལ་འཁྲུངས་པའི་སྲས་ཡིན་ཚུལ།
         དེ་ཡང་རྒྱའི་ཡིག་ཚང་《སྲིད་སྐྱོང་མེ་ལོང་》 ལས།“ཐིའོ་ལུའུ་ཁྲི་ལོ་དང་པོ། སྤྱི་ལོ་༦༧༩ལོར།......བོད་ཀྱི་བཙན་པོ་འདས། བུ་ཁྲི་འདུས་སྲོང་ལོ་བརྒྱད་ལ་སོན་པ་རྒྱལ་ཁྲིར་འཁོད།......ཁྲི་འདུས་སྲོང་ལ་གཅུང་པོ་ལོ་དྲུག་སོན་པ་ཞིག་ཡོད་པ་མགར་ཁྲི་འབྲིང་གི་དམག་དཔུང་དུ་ཡོད། བོད་རྣམས་ཁྲི་འབྲིང་གི་དམག་ཤུགས་ལ་འཇིགས་ནས་བུ་དེ་རྒྱལ་ཁྲིར་འགོད་རྩིས་བྱས་ཀྱང་། ཁྲི་འབྲིང་གིས་དེ་ཁྲིར་མ་བཀོད་པར་ཁུ་ས་རོལ་དང་མཉམ་དུ་ཁྲི་འདུས་སྲོང་རྒྱལ་ཁྲིར་བཀོད་པ་རེད་”⑿ཅེས་འཁོད་པ་ལྟར་ན། ཁྲི་འདུས་སྲོང་ནི་སྤྱི་ལོ་༦༧༢ལོར་འཁྲུངས་དགོས་ཤིང་།  ལོ་བརྒྱད་ལ་སོན་དུས་ཡབ་མང་སྲོང་མང་བཙན་འདས་པ་དང་། བཙན་པོའི་སྲིད་གཞུང་ནང་ཁུལ་དུ་སྲིད་རྩོད་ཀྱི་འགལ་ཟླ་རྣོ་ངར་ཅན་བྱུང་སྟེ་གཅུང་པོ་ལོ་དྲུག་ལོན་པ་ཞིག་རྒྱལ་སར་འགོད་རྒྱུ་བྱས་ཀྱང་མགར་རྒྱུད་ཀྱི་བློན་ཆེན་ཚོས་དབང་ཤེད་བཙན་པོའི་སྟོབས་ལ་བརྟེན་ནས་ཁྲི་འདུས་སྲོང་རྒྱལ་སར་བཀོད་པ་ཞིག་ཡིན། ལོ་དེར་ཁྲི་འདུས་སྲོང་སྲིད་ཁྲི་ལ་འཁོད་པའི་སྐོར་ལ་དགེ་འདུན་ཆོས་འཕེལ་གྱིས།“ཅའོ་ལུན་གྱི་ལོ་དང་པོ་(༦༧༩)ལ། བོད་ཀྱི་བཙན་པོ་སྐུ་འདས་ཤིང་།  སྲས་ཁྲི་འདུས་སྲོང་དགུང་ལོ་བརྒྱད་ལ་ལོན་པ་ཞིག་ཁྲི་ལ་འཁོད་དོ་”⒀ཞེས་གསལ་པོར་གསུངས་ཡོད། འོན་ཀྱང་ཏུན་ཧོང་བོད་ཡིག་ཡིག་རྙིང་དུ། “བྱི་བའི་ལོ་ལ་བབ་སྟེ། (སྤྱི་ལོ་༦༧༦)  དབྱརད་བསྩན་ཕོ་སྤྲགས་གྱྀ་ཤ་ར་ན་བཞུགས་ཤྀང་། དགུན་ཚང་བང་སྣ་ནས། ཁྲྀ་མང་སློན་དགུང་དུ་གཤེགས། བཙན་ཕོ་སྲས་ཁྲྀ་འདུས་སྲོང་། སྒྲེགས་གྱྀ་ལྷ་ལུང་དུ་བལྟམ།......”⒁ཞེས་ཁྲི་འདུས་སྲོང་ནི་སྤྱི་ལོ་༦༧༦ལོར་སྐུ་བལྟམས་ཚུལ་གསལ་པོར་འཁོད་ཡོད་པས་ན། ཅའོ་ལུན་(ཐིའོ་ལུའུ་)གྱི་ཁྲི་ལོ་དང་པོའམ་དབྱི་ཧྥེང་གི་ཁྲི་ལོ་བཞི་པར་⒂བཙན་པོ་སྐུ་འདས་ཞེས་པ་ནི་མ་དག་པར་འདོད། རྒྱུ་མཚན་ནི་《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས་》ལས། “དབྱི་ཧྥེང་ཁྲི་ལོ་བཞི་པ་ནི་སྤྱི་ལོ་༦༧༩ལོར་ཡིན། ཏུན་ཧོང་ཡིག་རྙིང་ལྟར་ན་སྤྱི་ལོ་༦༧༦ལོར་མང་སྲོང་གྲོངས་པར་བརྗོད་པས་འདི་ནི་མང་སྲོང་གྲོངས་ཚུལ་གྱི་བརྡ་ཐང་ལ་འབྱོར་བའི་ལོ་ལྟར་བཀོད་པར་སྙམ་”⒃ཞེས་ཞབས་མཆན་བཀོད་པ་དེ་དོན་ལ་གནས་པར་འདོད་པས་ཡིན། དེ་ཡང་ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་སུ་མང་སྲོང་སྐུ་གཤེགས་པའི་ཕྱི་ལོར་(སྤྱི་ལོ་༦༧༧)ཞང་ཞུང་ནས་དུས་ཟིང་བསླངས་པ་དང་། སྤྱི་ལོ་༦༧༨ལོར་དེ་དག་ཞི་འཇགས་སུ་བཏང་བ་དང་བསྟུན་བཙན་པོ་སྐུ་གཤེགས་པའི་གསང་བའང་ཕྱིར་བརྟོལ་བའི་སྐོར་འཁོད་ཡོད་དེ། “སྟགི་ལོ་ལ་བབ་སྟེ། (སྤྱི་ལོ་༦༧༨ལོ་) བཙན་པོ་ཡབ་གྱྀ་རིང་། བ་ལམ་ན་མཁྱྀད་ཅིང་བཞུགསྟེ།......ར་སང་རྗེ་སྤུང་རྱེ་རྱང་དྔ་། ཁུ་ཁྲྀ་སྙ་དགྲུ་ཟུང་ལ་བཀྱོན་བབ་སྟེ། བཙན་ཕོ་ཉེན་ཀར་ན་བཞུགས་ཤྀང་། ཡབ་བཏོལ་བར་ལོ་གཆྀག་”⒄ཅེས་བྱུང་བ་ལྟར་ཡིན། དེས་ན་བཙན་པོ་གཤེགས་པའི་བརྡ་དེ་ཐང་ལ་འབྱོར་དུས་སྤྱི་ལོ་༦༧༩ལོར་ཡིན་པ་ནི་ངོ་འཕྲོད་ཐུབ་པས། སྤྱི་ལོ་༦༧༦ལོར་ཡབ་མང་སྲོང་འདས་པ་དང་སྲས་འདུས་སྲོང་སྐུ་བལྟམས་པ་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཏུ་འཁུམས། དེ་བས་འདུས་སྲོང་དགུང་ལོ་བཞིའི་སྟེང་སྲིད་ཁྲིར་བཞུགས་ཀྱང་། ཆབ་སྲིད་ཀྱི་འགན་དབང་ནི་མ་ཡུམ་ཁྲི་མ་ལོད་ཀྱིས་བཞེས་ཤིང་།  དམག་སྲིད་ཀྱི་འགན་དབང་ནི་མགར་རྒྱུད་ཀྱིས་བཟུང་སྡེ་བཙན་པོའི་སྲིད་གཞུང་ནང་ཁུལ་དུ་སྲིད་རྩོད་ཀྱི་འགལ་བ་རིམ་པར་བྱུང་ཡོད།
         ཡང་བོད་འཇང་དབར་གྱི་ཆབ་སྲིད་འབྲེལ་འདྲིས་ནི་དུས་སྔ་མོ་ཞིག་ནས་བཙུགས་ཡོད་པ་ཐུབ་བསྟན་ཕུན་ཚོགས་མཆོག་གིས། “སྤྱི་ལོ་༦༧༠ལོའི་ལྕགས་རྟ་ལོ་ཡས་མས་ཀྱི་དུས་སུ་དེང་གི་འབའ་ལུང་(维西)དང་།  ས་ཐམ།(丽江) ཅན་ཁྲོན་(剑川)བཅས་ཀྱི་ཕྱོགས་ཐམས་ཅད་བོད་དམག་གིས་བཟུང་་་་་་་”⒅ཞེས་ཁྲི་འདུས་སྲོང་སྲིད་ཁྲིར་མ་བཞུགས་པའི་སྔོན་ཞིག་ནས་བོད་དམག་གིས་འཇང་ཡུལ་གྱི་ཕྱོགས་བཟུང་ཡོད་སྐོར་གསུངས་པ་དང་།  ཡང་ཁོང་གིས། “སྤྱི་ལོ་༦༨༠ལོའི་ལྕགས་འབྲུག་ལོར་ཀླུ་འཕེལ་ས་ཁུལ་དུ་བོད་ཀྱིས་འབྲི་ཆུའི་དམག་སྐར་ཞེས་པ་བཙུགས། ཡུལ་འདི་ནི་ས་མདོ་ཁ་དང་། འགག་བཙན་པོ་ཞིག་ཡིན་པ་མ་ཟད། ཁྲོན་ཞིས་(川西)དང་ཏིན་ཞིས་(滇西)ཕྱོགས་གཉིས་ཀྱི་ས་ཁུལ་དུ་ཕར་རྒོལ་བྱེད་པའི་དམག་མི་ལ་བཀོད་འདོམས་བྱེད་བདེ་བ་དང་། གཡུལ་སར་ཡོ་བྱད་སྐྱེལ་བདེ་བའི་ཆེད་དུ་ཡིན་སྟབས། འབྲི་ཆུའི་ཐོག་གི་ལྕགས་ཟམ་དེ་འགྲིམ་འགྲུལ་གྱི་སྲོག་རྩ་ལྟ་བུ་ཞིག་ཆགས་ཡོད་པས། འབྲི་ཆུར་ལྕགས་ཟམ་བཙུགས་པའི་ལོ་ཚིགས་དེ་མ་མཐའ་ཡང་སྤྱི་ལོ་༦༨༠ལོ་ལས་ཕྱི་ཐབས་མེད་པ་ཞིག་རེད་”⒆ཅེས་སྤྱི་ལོ་༦༨༠ལོ་སྟེ་ཁྲི་འདུས་སྲོང་སྲིད་ཁྲིར་བཞུགས་མ་ཐག་པའི་སྐབས་དེ་ཤེད་ལ་བོད་དམག་གིས་འབྲི་ཆུར་ལྕགས་ཟམ་བསྐྲུན་ཅིང་།  བོད་དང་འཇང་མྱྭའི་དབར་འབྲེལ་བ་བཙུགས་པའི་སྐོར་གསུངས་པ་སོགས་ལས་རྟོགས་ཐུབ་པ་ཡིན། དེ་ཡང་སྐབས་དེ་ཤེད་ཙམ་དུ་ཐོག་མར་ཐང་དམག་གིས་བོད་དང་འཇང་ཡུལ་མྱྭའི་འབྲེལ་ལམ་བཅད་ཅིང་། མྱྭའི་ཚོ་པ་མང་པོ་ཞིག་མངའ་ཞབས་སུ་བསྡུས་པས་ཁྲི་འདུས་སྲོང་སྲིད་ཁྲིར་བཞུགས་པའི་ཕྱི་ལོ་སྟེ། སྤྱི་ལོ་༦༨༠ལོར་བོད་ཀྱིས་འཇང་ཡུལ་དུ་དམག་སྣེ་དྲངས་ཏེ་མྱྭའི་ཚོ་པ་ཚང་མ་ཚུར་བཀུགས་ཡོད་པའི་སྐོར་ལ་རྒྱའི་ཡིག་ཚང་《སྲིད་སྐྱོང་མེ་ལོང་》ལས། “ཡུང་ལུང་ཁྲི་ལོ་དང་པོ། (སྤྱི་ལོ་༦༨༠ལོ་) སྔོན་ཆད་ཅན་ནན་ཏའོ་ཡི་མའོ་ཀྲོའུ་ནས་དམག་བསྡུས་པ་དང་ནུབ་ཕྱོགས་སུ་ཨན་རོང་མཁར་བརྩིགས་ཏེ་བོད་དང་མྱྭ་ཡི་འབྲེལ་ལམ་བཅད། དེར་བོད་ཀྱིས་ཆཱང་རྒོད་ལ་སྣེ་ཤན་བྱེད་དུ་བཅུག་ནས་མཁར་དེ་འཕྲོག་རྗེས་དམག་དཔུང་བཞག་ནས་བསྲུངས། དེར་བརྟེན་ནས་ཞི་ཨར་ས་ཆའི་མྱྭའི་ཚོ་པ་ཚང་མ་བོད་ལ་མགོ་བཏགས་”⒇ཞེས་བྱུང་བ་དེས་དོན་དེ་དེ་བས་ཁ་གསལ་བར་གྱུར། དེ་ལྟར་ནའང་། རྒྱའི་ལོ་རྒྱུས་དེབ་ཐེར་《སྲིད་སྐྱོང་མེ་ལོང་》ལས། “ཁྲུའེ་ཀུང་ཁྲི་ལོ་བཞི་པ།(སྤྱི་ལོ་༦༨༨ལོ་) ཟླ་བཅུ་གཉིས་པ། རྒྱལ་མོས་(ཐང་གི་རྒྱལ་མོ་ཝུའུ་ཙི་ཐེན་)ལིའང་ཀྲོའུ་དང་། ཧྥེང་ཀྲོའུ། པ་ཡན་བཅས་ཀྱི་དམག་བཏང་ཐོག་ཡ་ཀྲོའུ་ནས་རི་ལམ་བཤངས་ཏེ་ཐོག་མར་མཐའ་འཁོབ་ཀྱི་ཆཱང་པར་དཔུང་འདེགས་པ་དང་དེ་ནས་བོད་ལ་དམག་འདྲེན་པར་འདོད་”(21)ཅེས་བློན་ཆེན་དག་ལ་གྲོས་ཁ་བསྡུར་བའི་གནས་ཚུལ་བཀོད་ཡོད་པ་མ་ཟད། ད་དུང་དེ་ལས་“ཡུང་ཁྲང་ཁྲི་ལོ་དང་པོ། (སྤྱི་ལོ་༦༨༩ལོ་)  ལང་ཆོང་ཀྲོའུ་ཡི་མྱྭའི་ཚོ་དཔོན་པང་ཧྲི་ཞི་སོགས་ཀྱི་ཚོ་ཁག་ཉེར་ལྔ་སྔོན་བོད་ལ་སྐྱབས་བཅོལ་བ་སྐབས་འདིར་ཐང་ལ་མགོ་འདོགས་སུ་སླེབས། པང་ཧྲི་ཞི་ཞེས་པ་ལང་ཆོང་ཀྲོའུ་ཡི་ཚི་ཧྲི་དཔོན་ལ་བསྐོས་ཏེ་རང་འོག་ཚོ་སྡེ་སྐྱོང་དུ་བཅུག་” (22)ཅེས་བོད་སྲིད་ཀྱིས་སྐྱོང་བའི་འཇང་གི་ཚོ་པ་ཉེར་ལྔ་བོད་ལས་ངོ་ལོག་པའི་གནས་ཚུལ་ཞིག་ཀྱང་བཀོད་ཡོད། སྐབས་དེར་དགུང་ལོ་བཅོ་ལྔ་ཙམ་ལ་སླེབས་པའི་བཙན་པོ་ཁྲི་འདུས་སྲོང་གིས་བོད་དམག་འཇང་ཡུལ་དུ་དྲངས་ཡོད་ཚུལ་སྐོར་ལ་《བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་》ལས། “སྤྱི་ལོ་༦༨༩ལོར་སྔར་བོད་འབངས་སུ་ཡོད་པའི་འཇང་པ་ཚོ་ཁག་རྣམས་ངོ་ལོག་བྱས། སྤྱི་ལོ་༦༩༠ལོར་འཇང་ཡུལ་དུ་དམག་བཏང་” (23)ཞེས་པ་དང་།  ཡང་《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》ལས། “འདུས་སྲོང་མང་པོ་རྗེ་ནི་སྤྱི་ལོ་༦༧༩ལོར་རྒྱལ་པོའི་ཁྲི་ལ་འཁོད།......ལྗང་མོ་ཁྲི་བཙུན་དང་།  མཆིམས་བཟའ་བཙན་མོ་ཏོག་གཉིས་ཁབ་ཏུ་བཞེས་” (24)ཞེས་སྐབས་དེ་ཤེད་དུ་འཇང་བཟའ་ཁྲི་བཙུན་ཡང་ཁབ་ཏུ་བསུས་པ་ལས་ཤེས་ནུས། སྐབས་དེར་འཇང་བཟའ་ཁབ་ཏུ་བསུས་པ་དེ་ཡང་མཐར་གཏུགས་ནས་བཤད་ན། བོད་དམག་འཇང་ཡུལ་དུ་དྲངས་པའི་འབྲས་བུ་ཞིག་ཏུ་བརྩི་རུང་སྟེ། དབང་སྒྱུར་གྲལ་རིམ་གྱི་གཉེན་དོན་ནི་ཆབ་སྲིད་ཀྱི་ཁེ་ཕན་དང་དགོས་མཁོར་དམིགས་པ་ཞིག་ཡིན་པས། དྲག་པོའི་རྗེས་ཀྱི་ཞི་ཐབས་ལ་བརྟེན་ནས་འཇང་མྱྭའི་ཚོ་པ་ཁག་མངའ་ཞབས་སུ་བཅུག་པ་ལས་བྱུང་བ་ཡིན་པ་ཡང་ཚོར་ཐུབ། དེར་བརྟེན། འཇང་མོ་ཁྲི་བཙུན་ནི་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོ་མ་ཡིན་པར་ཁྲི་འདུས་སྲོང་གི་བཙུན་མོ་སྟེ། འཇང་མོ་ཁྲི་བཙུན་དང་བཤོས་པ་ལས་འཇང་ཚ་ལྷ་དབོན་འཁྲུངས་པའི་ལོ་རྒྱུས་ཀྱི་བྱུང་བ་དེ་དག་ལས་ར་སྤྲོད་ཐུབ་པས། འཇང་ཚ་ལྷ་དབོན་འཁྲུངས་ཚུལ་གྱི་གཏམ་རྒྱུད་དག་གི་དོགས་གནད་ཀྱང་ངང་གིས་སེལ་ཐུབ་ཅིང་།  “ཀིམ་ཤིང་ཀོང་ཅོ་བོད་དུ་ཕེབས་སྐབས་ཁྲི་ལྡེ་གཙུག་བཙན་དགུང་ལོ་བདུན་ཡིན་པས། དེའི་སྲས་སུ་གྱུར་པའི་ལྗང་ཚ་ལྷ་དབོན་ཞེས་པ་མེད་ལ། 《སྦ་བཞེད་》སོགས་སུ་གསུངས་པའི་རྒྱལ་སྲས་ལྗང་ཚ་ལྷ་དབོན་ཞེས་པ་ནི་ལོ་རྒྱུས་སྨྲ་བ་པོ་རང་ཉིད་ཀྱི་རྟོག་བཟོར་ངེས་སོ་” (25)ཞེས་འཇང་ཚ་ལྷ་དབོན་ནི་ལོ་རྒྱུས་དངོས་བྱུང་གི་རྒྱལ་སྲས་ཤིག་མིན་པར་སྙམ་པའི་དོགས་གཞི་དེ་དག་ཀྱང་རང་བཞིན་གྱིས་སེལ་ནུས་སྙམ།
གཉིས་པ།  གྱིམ་ཤིང་ཀོང་ཇོ་ནི་བཙན་པོ་སུའི་ཁབ་ཏུ་བསུས་པར་བརྟག་པ།
         གཅིག གྱིམ་ཤིང་རྐང་ཇོ་ནི་བཙན་པོ་ཁྲི་ལྔེ་གཙུག་བརྟན་གྱི་བཙུན་མོར་བསུས་པའི་གཏམ་རྒྱུད།
         བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་དག་ན་གྱིམ་ཤིང་ཀོང་ཇོ་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་འཇང་ཚ་ལྷ་དབོན་གྱི་བཙུན་མོར་བསུས་ཤིང་ཆབ་སྲིད་འགལ་བས་འཇང་ཚ་བཀྲོངས་པ་དང་།  དེ་རྗེས་ཀོང་ཇོ་རང་ཉིད་ཀྱི་གདམས་ཁ་ལྟར་ཡབ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོར་ཡིད་འཐད་བྱུང་བའི་གཏམ་རྒྱུད་གྲགས་ཆེ་སྟེ། “ཁྲི་ལྡེ་གཙུག་བཙན་ཨག་ཚོམ་གྱི་.......སྲས་འཇམ་(འཇང་)ཚ་ལྷ་དབོན་ལ་རྒྱ་ནག་ཧོ་ནང་ཧུ་བྱ་བ་ནས་རྒྱ་ནག་པོའི་སྲས་མོ་གྱིམ་ཤིང་ཀོང་ཇོ་བཙུན་མོར་བླངས་ནས་བོད་དུ་བྱོན་པ་ལ། རྒྱའི་བཀྲ་ཤིས་ཁྲི་ཤིང་ཁྲི་སྒོ་ནས་ཆས་ནས་བྱོན་དུས། དངུལ་དཀར་གྱི་མེ་ལོང་ཕྱིས་ནས་གཟིགས་པས། སྲས་རྒྱལ་བུ་འཇམ་(འཇང་)ཚ་ལྷ་དབོན་ཏེ་མི་བུ་མི་འདྲ་བ་ལྷའི་སྲས་འདྲ་བ་ཞིག་འདུག་པར་གཟིགས་” (26)ཞེས་དང་།  “རྒྱ་བོད་ས་མཚམས་སུ་བྱོན་དུས་དངུལ་དཀར་གྱི་མེ་ལོང་ཕྱིས་ནས་གཟིགས་པས། ལྷ་སྲས་འཇམ་(འཇང་)ཚ་ལྷ་དབོན་དེ་ཆིབས་རྟ་རྒྱུགས་པས་ཆིབས་ལས་ལྷུང་ནས་གྲོངས་པས། མེས་ཁྲི་ལྡེ་བཙུག་བཙན་ཨག་ཚོམ་བཞུགས་པ་ གཟིགས་ཏེ།  ཁ་ནིང་གི་ལྷ་སྲས་འཇམ་(འཇང་)ཚ་ལྷ་དབོན་དེ་མིའི་བུ་མི་འདྲ་ལྷའི་སྲས་འདྲ་བ་ལ། ད་ནི་ཡབ་བགྲེས་པོ་དབུ་སྐྲ་ཐམས་ཅད་དཀར་པོ། ཞལ་ཐམས་ཅད་ནི་སྨ་ར་དཀར་པོས་ཁེངས་པ། ཞལ་གང་ན་ཡོད་ངོ་མི་ཤེས་པ་དེ་འདྲ་བ་ཞིག་གཟིགས་” (27)ཞེས་པ་དང་། དེ་རྗེས་ཁྲི་ལྡེ་གཙུག་བཙན་གྱིས་ཀོང་ཇོ་ལ་“ཁྱོད་ཀྱི་ཁྱོ་རྒྱལ་བུ་ནི་རྟ་རྒྱུགས་པས་བསྣད་ནས་གྲོངས། ད་ཁྱོད་ས་ཐག་རིང་པོ་ནས་ཡོང་བས། ཡང་ན་ངེད་ཀྱི་བློན་པོ་རིགས་བཟང་བ་ནོར་ཆེ་བ། ཕོ་རྒོད་ལེགས་པ་གཅིག་ལ་སྡོད་དམ། ཡང་ན་ང་མི་རྒན་ལ་སྡོད་དམ། ཡང་ན་རྒྱའི་ཡུལ་དུ་འགྲོ། རྒྱའི་ཡུལ་དུ་ལྡོག་ན་ནི་ངས་རྫོངས་ཆེན་པོ་བྱས་ལ་གཏོང་གསུངས་པས། ལྷ་གཅིག་ཀོང་ཇོ་རང་གིས་རྒྱལ་པོ་མེས་ཨག་ཚོམ་རང་ལ་སྡོད་པར་བདམས་སོ་” (28)ཞེས་གྱིམ་ཤིང་ཀོང་ཇོ་བོད་བཙན་པོའི་བཙུན་མོ་བྱེད་མིན་དེ་ཀོང་ཇོ་རང་གིས་ཐག་བཅད་པར་འཁོད་པ་དང་། འཇང་ཚ་ལྷ་དབོན་ཁྲི་ལྡེ་གཙུག་བཙན་གྱི་སྲས་ཡིན་པར་བརྗོད་པ་སོགས་ནི་ལོ་རྒྱུས་འབྲི་བ་པོས་དགོས་མཁོ་གང་རུང་ཞིག་ལ་དམིགས་ནས་བྲིས་པ་ལས་ལོ་རྒྱུས་ཀྱི་དོན་དངོས་མིན་པ་ནི་ཚང་མས་ཤེས་སླ་བ་ཞིག་རེད།
         ཡང་གོང་གི་གཏམ་རྒྱུད་དེ་དང་འདྲ་ཆེ་བ་ལོ་རྒྱུས་དེབ་ཐེར་གཞན་དུའང་འཁོད་ཡོད་དེ། དཔེར་ན་《རྒྱ་བོད་ཡིག་ཚང་ཆེན་མོ་》ལས། “དེས་བཙུན་མོ། ལྗང་བཟང་ཁྲི་བཙུན་ཁབ་ཏུ་བཞེས་པ་ལ། སྲས་ཤིན་ཏུ་མཚར་བ་གཅིག་བལྟམས་པའི་མིང་། ལྗང་ཚ་ལྷ་དབོན་དུ་གྲགས། དེའི་ཁབ་ཏུ་འོས་པ། བོད་ན་མེད་པས། རྒྱ་ནག་ནས། རྒྱ་རྗེ་ཁིང་ཛུང་ཁྲི་བཞེར་གྱི་སྲས་མོ། ཀིམ་ཤིང་ཀོང་ཇོ་བླངས་པས། ཀོང་ཇོ་མ་སླེབས་པ་ལ། གཉེགས་ཁྲི་བཟངས་འདོན་གྱི་བུ་མོ་མ་བླངས་བའི་ཀོ་ལོང་བྱས་ནས། ལྗང་ཚ། གཉེགས་ཀྱིས་ཀྲོང་”(29)ཞེས་པ་དང་། 《མཁས་པའི་དགའ་སྟོན་》ལས། “ཁྲི་ལྡེ་གཙུག་བརྟན་ཞེས་བྱ་བ། ། ལྕགས་ཕོ་འབྲུག་ལ་ཕོ་བྲང་ལྡན་དཀར་འཁྲུངས། ། བཙུན་མོ་ལྗང་མོ་ཁྲི་བཙུན།......ཁྲི་བཙུན་ལ་སྲས་ལྷའི་བུ་འདྲ་བ་སྣའི་གཟེངས་མཐོ་བ་དཔྲལ་བའི་དབྱེས་ཆེ་བ་ཤིན་ཏུ་མཛེས་པ་གཅིག་བཙས་པས་ནང་བློན་རྣམས་ན་རེ་བོད་ཀྱི་བཙན་པོ་ཡང་དག་པ་ཟེར། སྲས་ལ་མི་མིན་ལྷའི་དབོན་པོ་ཡིན་ནོ་ཟེར་ནས་མིང་ཡང་ལྗང་ཚ་ལྷ་དབོན་དུ་གསོལ་ལོ། ། དེ་ལ་ཁབ་རན་པ་ན་བོད་ཀྱི་མི་སྤྲེའུ་བྲག་སྲིན་གྱི་རྒྱུད་པ་འདི་ཇོ་མོར་མི་འོས། མེས་སྲོང་བཙན་སྐམ་པོའི་ལུགས་སུ་བ་ཟེར་ནས་རྗེ་ལི་ཁྲི་བཞེར་མང་མའི་སྲས་མོ་གྱིམ་ཤིང་ཀོང་ཇོ་བྱ་བ་ཡོད་ཟེར་བ་དེ་བླང་བར་འཆམ།......བུ་མོས་རང་གི་འཕྲུལ་གྱི་མེ་ལོང་སྲིད་གསུམ་མཐོང་བ་ཞིག་ཡོད་པ་ལ་བལྟས་པས་གྲོགས་སྐལ་བོད་ན་ཡོད་པར་ཤེས། རྒྱལ་བུ་ལྷའི་བུ་འདྲ་བ་མཐོང་ནས་འགྲོ་བར་བྱས་ནས་བོད་དུ་འོངས། ཤུལ་དུ་རྒྱལ་བུས་མཚན་དུ་རྟ་བཅགས་པས་འཕང་ཐང་དགེ་རར་སྔགས་པའི་ཟོར་མདའ་འཕངས་པས་ཕོག་སྟེ་གྲོངས་” (30)ཞེས་པ་སོགས་འཇང་ཚ་ལྷ་དབོན་གྱི་འདས་རྐྱེན་ལ་ཅུང་མི་མཐུན་པ་མ་གཏོགས། གཞན་རྣམས་གཅིག་མཐུན་དུ་སྣང་བ་ལྟར་ཡིན། གཏམ་རྒྱུད་དེ་དག་ནི་གཅིག་གིས་གཅིག་ལ་ལད་ཟློས་ཀྱིས་བྱུང་བའི་དོགས་པ་ཞིག་རང་བཞིན་གྱིས་འཆར་འོང་བ་ཡིན། གཞན་ཡང་གྱིམ་ཤིང་ཀོང་ཇོ་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོར་བསུས་ཤིང་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས་ཚུལ་གྱི་གཏམ་རྒྱུད་ཅིག་ཀྱང་ཡོད་དེ། དཔེར་ན་“ཀོང་ཇོ་ཡབ་ཀྱི་བཙུན་མོར་མངའ་གསོལ་ཏེ། །......ལྕགས་ཕོ་རྟ་ལ་སྤྲུལ་པའི་རྒྱལ་བུ་བལྟམས། ། ཆེན་མ་སྣ་ནམ་བཟའ་ཡིས་ཕྲོགས་ནས་བསྙོན། ། ཕྱི་ལོ་རྒྱལ་བུ་ཞབས་འཛུགས་དགའ་སྟོན་ཆེ། ། སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཞེས། ། རང་མཚན་རང་གིས་བཏགས་ཏེ་ཡུམ་ངོས་བཟུང་། །” (31)ཞེས་བྱུང་བ་དང་།  ལྔ་པ་ཆེན་པོའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སོགས་སུའང་དེ་འདྲ་བ་གསུངས་ཡོད་པ་ལྟ་བུའོ། འོན་ཀྱང་ཁྲི་སྲོང་ལྡེ་བཙན་ནི་གྱིམ་ཤིང་ཀོང་ཇོ་འདས་རྗེས་ཀྱི་ལོ་གསུམ་པ་སྟེ། ཆུ་རྟ་སྤྱི་ལོ་༧༤༢ལོར་སྣ་ནམ་བཟའ་མང་མོ་རྗེ་ལས་འཁྲུངས་པ་ཡིན་སྐོར་ཏུན་ཧོང་ཡིག་རྙིང་དུ། “རྟའི་ལོ་ལ་(སྤྱི་ལོ་༧༤༢)......བཙན་པོ་སྲོང་ལྡེ་བརྩན་བྲག་མར་དུའ་བལྟམ། ཡུམ་མང་མོ་རྗེ་ནོངས་ཕར་ལོ་གཆིག་”(32)ཅེས་གསལ་བས། གོང་གསལ་གཏམ་རྒྱུད་དེ་དག་ནི་ལོ་རྒྱུས་དངོས་བྱུང་གི་བདེན་ལུགས་དང་མཐུན་ཐབས་མེད་པ་རྟོགས་སླ་བ་ཞིག་ཡིན།
         གཉིས། གྱིམ་ཤིང་རྐང་ཇོ་ནི་རྒྱལ་སྲས་འཇང་ཚ་ལྷ་དབོན་གྱི་ཁབ་ཏུ་བསུས་པ་ནི་དོན་དངོས་ཡིན་ཚུལ།
         གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་ལོའི་སྐོར་ལ་བོད་རྒྱའི་ཡིག་ཚང་རྣམས་སུ་ཅུང་མི་མཐུན་པར་ཡོད་དེ། ལ་ལས་སྤྱི་ལོ་༧༡༠ལོར་བཞེད་པ་དང་ཁ་ཅིག་གིས་སྤྱི་ལོ་༧༡༢ལོར་འདོད། འོན་ཀྱང་སྤྱི་ལོ་༨༢༣ལོར་བཙུགས་པའི་《དབོན་ཞང་རྡོ་རིང་》ཡི་གེ་ལས། “ཀིང་ལུང་གྀ་ལོ་ལ་ཀྀམ་ཤྀང་ཀྀང་ཅོ། བཙན་པོའྀ་ཁབ་ཏུ་བླངས་ནས། དབོན་ཞང་དུ་འགྱུར་”(33)ཞེས་བྱུང་བའི་ཀིང་ལུང་གི་ལོ་ནི་ཐང་ཀྲུང་ཙུང་གི་ཁྲི་ལོ་བཞི་པ་སྟེ་སྤྱི་ལོ་༧༡༠ལོ་ཡིན་པས། གྱིམ་ཤིང་ཀོང་ཇོ་བོད་དུ་བསུས་ལོ་ནི་སྤྱི་ལོ་༧༡༠ལོ་ཡིན་པ་ཤིན་ཏུ་གསལ། དེ་དུས་འཇང་ཚ་ལྷ་དབོན་ནི་ལོ་ན་༢༠ཙམ་དུ་སླེབས་ཡོད་པ་གོང་སྨོས་ཀྱི་ལོ་རྒྱུས་དག་གུང་བསྒྲིགས་ན་ཤེས་ཐུབ་མོད། ཁྲི་ལྡེ་གཙུག་བརྟན་གྱི་འཁྲུངས་ལོའི་སྐོར་ལ་རྒྱའི་ཡིག་ཚང་《སྲིད་སྐྱོང་མེ་ལོང་》དང་《ཐང་ཡིག་གསར་རྙིང་》 དེ་བཞིན་དགེ་ཆོས་མཆོག་གི་《དེབ་ཐེར་དཀར་པོ་》སོགས་སུ “རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་ནི་......སྤྱི་ལོ་༦༩༨ལོའི་ས་ཁྱི་ལོར་ཕོ་བྲང་ལྡན་དཀར་དུ་སྐུ་འཁྲུངས་”(34)ཞེས་པ་དང་། ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་སུ “འབྲུགི་ལོ་ལ་བབ་སྟེ་(སྤྱི་ལོ་༧༠༤)དཔྱྀད་ཁོ་(ཕོ་)བྲང་ཙལ་དུ་རྒྱལ་གཙུག་རུ་བལྟམ་”(35)ཞེས་(བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཕལ་མོ་ཆེས་ཀྱང་འབྲུག་ལོར་ཡིན་པར་འདོད་)ཡབ་ཁྲི་འདུས་སྲོང་གི་འདས་ལོ་སྟེ། སྤྱི་ལོ་༧༠༤ལོར་སྐུ་བལྟམས་པར་འདོད་པ་སོགས་བཞེད་ཚུལ་མི་འདྲ་བ་ཡོད། དེས་ན་སྔ་མ་ལྟར་ན་ཀོང་ཇོ་བོད་དུ་ཕེབས་པའི་ལོ་དེར་ཁྲི་ལྡེ་གཙུག་བརྟན་དགུང་ལོ་བཅུ་གསུམ་ཙམ་དང་།  ཕྱི་མ་ལྟར་ན་དགུང་ལོ་བདུན་ཙམ་ཡིན་པ་གསལ་བས། འདི་གཉིས་ཀ་གང་བདེན་ཡང་སྐབས་དེར་ཁྲི་ལྡེ་གཙུག་བརྟན་ལ་སྲས་འཇང་ཚ་ལྷ་དབོན་ཞེས་པ་ཞིག་འཁྲུངས་ཐབས་མེད་ཅིང་། ལྷག་དོན་སྲས་དེར་ཀོང་ཇོ་ཁབ་ཏུ་བཞེས་ཐབས་མེད་པ་ནི་རྟོགས་སླ་བ་ཞིག་ཡིན། འོ་ན་གྱིམ་ཤིང་ཀོང་ཇོ་ཡང་སྙིང་སུའི་བཙུན་མོར་བསུས་པ་ཡིན་ནམ་ཞེ་ན། 《ལྡེའུ་ཆོས་འབྱུང་》ལས། “......རྒྱལ་པོའི་སྲས་ཆེ་བ་འཇང་ཚ་ལྷ་དབོན་ལ་ཨོར་ཅོང་བླང་པར་བྱས་” (36)ཞེས་དང་།  《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》ལས། “འདུས་སྲོང་མང་པོ་རྗེ་ནི་སྤྱི་ལོ་༦༧༩ལོར་རྒྱལ་པོའི་ཁྲི་ལ་འཁོད། ......ལྗང་མོ་ཁྲི་བཙུན་དང་།  མཆིམས་བཟའ་བཙན་མོ་ཏོག་གཉིས་ཁབ་ཏུ་བཞེས། ལྗང་མོ་ཁྲི་བཙུན་ལ་སྲས་ཆེ་བ་ལྗང་ཚ་ལྷ་དབོན་འཁྲུངས། མཆིམས་བཟའ་ལ་སྲས་ཆུང་བ་མེས་ཨག་ཚོམ་འཁྲུངས་” (37)ཞེས་བྱུང་བས། འཇང་ཚ་ལྷ་དབོན་ནི་ཁྲི་འདུས་སྲོང་གི་སྲས་ཆེ་བ་དང་ཁྲི་ལྡེ་གཙུག་བརྟན་ནི་ཁྲི་འདུས་སྲོང་གི་སྲས་ཆུང་བ་ཡིན་པ་མ་ཟད། སྲས་ཆེ་བ་འཇང་ཚ་ལྷ་དབོན་ལ་གྱིམ་ཤིང་ཀོང་ཇོ་བཙུན་མོར་བསུས་པ་ཡིན་པ་ཤེས་ཐུབ། དེས་རྒྱའི་ཡིག་ཚང་《སྲིད་སྐྱོང་མེ་ལོང་》ལས་བྱུང་བའི་ “ཁྲང་ཨན་ཁྲི་ལོ་གསུམ་པ། (སྤྱི་ལོ་༧༠༣)  བོད་ཀྱི་འབངས་སུ་མངའ་བའི་ལྷོ་མཐའི་ཚོ་པ་ཚང་མ་ངོ་ལོག་པས་བཙན་པོ་ཁྲི་འདུས་སྲོང་དངོས་ཀྱིས་དམག་དཔུང་ཁྲིད་དེ་འདུལ་དུ་ཕྱིན། བཙན་པོ་དམག་ཁྲོད་དུ་འདས་ཤིང་བུ་རྣམས་ཀྱིས་རྒྱལ་ཁྲི་བརྩད་དེ་རིང་ཞིག་འདས་རྗེས། བློན་འབངས་རྣམས་ཀྱིས་ཁྲི་འདུས་སྲོང་གི་བུ་ཁྲི་ལྡེ་གཙུག་བཙན་བཙན་པོར་བཀུར། དེ་དུས་ལོ་བདུན་ཡིན་” (38)ཞེས་སྤྱི་ལོ་༧༠༤ལོར་ཡབ་འདུས་སྲོང་འཇང་ཡུལ་དུ་སྐུ་གཤེགས་རྗེས་སྲས་རྣམས་ཀྱིས་རྒྱལ་སྲིད་ལ་བརྩད་མྱོང་བའི་ལོ་རྒྱུས་དངོས་དང་ཐོད་གཏུགས་ཐུབ་པ་ཡིན། རྗེས་སུ་འཇང་དང་མཆིམས་ཕྱོགས་གཉིས་སུ་གྱེས་ནས་སྲས་རྣམས་སྲིད་ལ་རྩོད་པའི་རྐྱེན་གྱིས་བཙན་པོའི་སྲས་ཆེ་བ་“འཇང་ཚ་ལྷ་དབོན་ལ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བཙུན་མོར་བསུས་ཀྱང་བོད་དུ་མ་འབྱོར་གོང་དུ་ལྗང་ཚ་འདས། ......མཐར་(གྱིམ་ཤིང་ཀོང་ཇོ་)......མེས་ཨག་ཚོམ་གྱི་ཁབ་ཏུ་བཞེས་” (39)པ་ནི་སྲོལ་རྒྱུན་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཁག་ཏུ་འཁོད་པའི་འབྲེལ་ཡོད་ལོ་རྒྱུས་གཏམ་རྒྱུད་དེར་བདེན་ཁ་སྟེར་བྱེད་ཅིག་དང་ལོ་རྒྱུས་ཀྱི་བྱུང་བ་དངོས་ཀྱང་ཡིན་པར་ཁོ་བོས་འདོད།
གསུམ་པ། འཇང་ཚ་ལྷ་དབོན་དང་སྲས་ལྷས་བོན་གཉིས་གང་ཟག་གཅིག་ཡིན་མིན་ལ་བརྟག་པ།
         གཅིག འཇང་ཚ་ལྷ་དབོན་དང་སྲས་ལྷས་བོན་གཉིས་གང་ཟག་གཅིག་ཏུ་འདོད་ལུགས།
         བོད་ཀྱི་སྔོན་བྱོན་མཁས་པའི་ཆོས་འབྱུང་ལོ་རྒྱུས་མང་པོར་འཇང་ཚ་ལྷ་དབོན་ཉིད་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་ཡིན་པར་བཞེད་པ་ནི། བཙན་པོ་ཁྲི་ལྡེ་གཙུག་བརྟན་ལ་སྲས་ལྷས་བོན་ཞེས་པ་ཞིག་ཡོད་པ་དེར་གོ་འཛོལ་ཐེབས་པ་ཞིག་ཡིན་པར་འདོད་དེ། མཚན་འདོགས་གཅིག་ཏུ་སྣང་བའི་ཕྱིར། སྔོན་གྱི་བཞེད་ཚུལ་དེའི་ཤུགས་རྐྱེན་ལས་དེང་ཉེ་དུས་ཀྱི་ལོ་རྒྱུས་སྨྲ་བའི་ཁྲོད་དུའང་རྒྱལ་སྲས་འཇང་ཚ་ལྷ་དབོན་དང་སྲས་ལྷས་བོན་གཉིས་གང་ཟག་གཅིག་ཏུ་འདོད་མཁན་ཡོད། དཔེར་ན། ཆབ་འགག་རྟ་མགྲིན་མཆོག་གིས་མཛད་པའི་《གྱིམ་ཤིང་ཀོང་ཇོ་བོད་ཀྱི་བཙན་པོ་སུ་ལ་བསུས་པའི་སྐོར་གླེང་བ་》ཞེས་པར། “རྒྱལ་བུ་འཇང་ཚ་ལྷ་དབོན་དེ་གྱིམ་ཤིང་ཀོང་ཇོ་བོད་ལ་ཕེབས་པའི་རྗེས་སུ་ད་གཟོད་འཁྲུངས་ཤིང་།  གྱིམ་ཤིང་ཀོང་ཇོ་དང་ལོ་གཅིག་ལ་འདས་པ་རེད་” (40)ཅེས་སྲས་ལྷས་བོན་དང་གང་ཟག་གཅིག་ཏུ་བཞེད་པ་ལྟར་དང་།  དེ་ཡང་ཏུན་ཧོང་ཡིག་རྙིང་བ“ཡོས་བུའྀ་ལོ་ལ། (སྤྱི་ལོ་༧༣༩)  སྲས་ལྷས་བོན་དྲོན་ན་བཞུགས། བཞུགས་པ་ལས་ནོངས། ......བཙན་མོ་ཀྀམ་ཤེང་ཁོང་ཅོ་ནོངས་པར་ལོ་ཆིག་” (41)ཅེས་བྱུང་བ་ལ་ཁུངས་བཅོལ་བ་གསལ་པོ་ཡིན། གཞན་ཡང་པད་གཞུང་ཟླ་བ་ཆུང་བདག་མཆོག་གིས་ཀྱང་“ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་ཀྱི་ནང་དོན་ལས་འཇང་ཚ་ལྷས་བོན་ནི་ཁྲི་ལྡེ་གཙུག་བཙན་གྱི་གདུང་སྲས་འཁྲུལ་མེད་ཡིན་ཚུལ་གསལ་ཕྱིར་”ཞེས་དང་།  “ལྷས་བོན་ནི་ཕྱིས་སུ་མ་དག་རྒྱུན་འབྱམས་སུ་སོང་བའི་འཇང་ཚ་ལྷ་དབོན་ཞུ་བའི་རྒྱལ་སྲས་དེའི་མཚན་དངོས་”ཞེས་པ། “འཇང་ཚ་ལྷ་དབོན་ཉིད་ཨ་ཕྱི་འབྲོ་བཟའ་ཁྲི་མ་ལོད་དང་ཡབ་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་བཞུགས་གནས་ཀྱི་ཕོ་བྲང་གཙོ་བོ་དྲོན་དུ་སྐུ་འདས་ཚུལ་གསལ་བ་དེ་ལས་ཀྱང་ཁོང་ནི་ཐང་མཚམས་སུ་ཕབ་མེད་པ་རིགས་འདེད་ཐུབ་སྙམ་”ཞེས་པ། “བརྡ་རྙིང་ཡིག་ཆའི་ནང་བོན་ལ་བསྒྲོན་པའམ་གྱེར་བའི་དོན་ལྡན་པས། ལྷས་བོན་ནི་ལྷས་བསྒྲོན་པའམ་ལྷས་བཀུར་བའམ་ལྷས་བསྐྲུན་པའི་དོན་ཏེ། རང་རེའི་ཕྱི་རབས་ལོ་རྒྱུས་སྨྲ་བ་པོ་དག་གིས་འཇང་ཚ་ལྷ་དབོན་ཉིད་མི་ཡི་བུ་དང་མི་འདྲ་བར་ལྷའི་སྲས་ལྟར་ཤིན་ཏུ་མཚར་ཚུལ་བསྟན་པ་ལའང་རྒྱུ་མཚན་ངེས་ཅན་ཞིག་ཡོད་སྙམ་” (42)ཞེས་པ་སོགས་འཇང་ཚ་ལྷ་དབོན་དང་ལྷས་བོན་གཉིས་མི་གཅིག་ཏུ་བཞེད་པ་ལྟ་བུ་རེད། ཡང་གངས་འཚོ་མཆོག་གིས་ཏུན་ཧོང་ཡིག་རྙིང་དུ་གསལ་བའི་སྲས་ལྷས་བོན་གྱི་འདས་ལོ་སྟེ། སྤྱི་ལོ་༧༣༩ལོ་དེ་གཞིར་མཛད་ནས། “འཇང་ཚ་ལྷ་དབོན་ཚེ་ལས་འདས་ནས་ཕལ་ཆེར་ལོ་གསུམ་གྱི་རྗེས་སུ་ད་གཟོད་ཁྲི་སྲོང་ལྡེ་བཙན་སྐུ་འཁྲུངས་”ཞེས་དང་།  “འཇང་ཚ་ལྷ་དབོན་ཚེལས་མ་འདས་གོང་གི་ལོ་ངོ་བཅུ་སྟེ་སྤྱི་ལོ་༧༢༩ནས་༧༣༩བར་”ཞེས་པ།“༧༣༩ལོའི་དབྱར་ཁའི་མཚན་མོ་ཞིག་ལ་རྒྱལ་སྲས་ཀྱིས་རྟ་རྒྱུག་འགྲན་སྐབས་རྟས་བསྐྱུར་ནས་ཚེ་ལས་འདས་” (43)ཞེས་པ་སོགས་འཇང་ཚ་ལྷ་དབོན་དང་སྲས་ལྷས་བོན་གཉིས་གང་ཟག་གཅིག་ཏུ་གཟིགས་ནས་འབྲེལ་ཡོད་ལོ་རྒྱུས་གསུངས་པ་ལྟ་བུ་ཡིན། དེ་དག་གིས་མཚོན། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཁྲོད་དུ་འཇང་ཚ་ལྷ་དབོན་དང་ལྷས་བོན་གཉིས་གང་ཟག་གཅིག་ཏུ་འདོད་པ་ནི་གཅིག་མཚུངས་སུ་སྣང་། འོན་ཀྱང་གོང་སྨོས་ཇི་བཞིན་འཇང་ཚ་ལྷ་དབོན་ནི་ཁྲི་འདུས་སྲོང་དང་འཇང་བཟའ་ཁྲི་བཙུན་གཉིས་ཀྱི་སྲས་སུ་སྤྱི་ལོ་༦༩༠ཡས་མས་ཤིག་ལ་སྐུ་འཁྲུངས་ཤིང་།  སྤྱི་ལོ་༧༡༠ལོར་སྐུ་བཀྲོངས་པ་ཞིག་ཡིན་པ་དང་། སྲས་ལྷས་བོན་ནི་འཁྲུངས་ལོ་མི་གསལ་ཡང་སྤྱི་ལོ་༧༣༩ལོར་འདས་པ་ཞིག་ཡིན་པས། འཇང་ཚ་ལྷ་དབོན་དང་སྲས་ལྷས་བོན་གཉིས་གང་ཟག་གཅིག་ཏུ་འདོད་པ་ནི་ལོ་རྒྱུས་དོན་དངོས་དང་མི་མཐུན་པའི་དོགས་གནད་ཅིག་ཏུ་གྱུར་ཡོད།
         གཉིས།  འཇང་ཚ་ལྷ་དབོན་དང་སྲས་ལྷས་བོན་གཉིས་གང་ཟག་ཐ་དད་ཡིན་ཚུལ།
         ཡབ་ཁྲི་འདུས་སྲོང་དགུང་དུ་གཤེགས་རྗེས་བཙན་པོའི་སྲིད་གཞུང་ནང་ཁུལ་དུ་བློན་འབངས་རྣམས་ཀྱིས་གཙོ་བྱས་ཏེ་སྲས་རྣམས་སྲིད་རྩོད་ཀྱི་མདུང་རྩེར་དེད་དེ་འགལ་བ་རྣོ་ངར་ཅན་དུ་སོང་ཡོད་ཚུལ་ལ་རྒྱའི་ཡིག་ཚང་《སྲིད་སྐྱོང་མེ་ལོང་》ལས། “ཁྲང་ཨན་ཁྲི་ལོ་གསུམ་པ། (སྤྱི་ལོ་༧༠༣ལོ་) བོད་ཀྱི་འབངས་སུ་མངའ་བའི་ལྷོ་མཐའི་ཚོ་པ་ཚང་མ་ངོ་ལོག་པས་བཙན་པོ་ཁྲི་འདུས་སྲོང་དངོས་ཀྱིས་དམག་དཔུང་ཁྲིད་དེ་འདུལ་དུ་ཕྱིན། བཙན་པོ་དམག་ཁྲོད་དུ་འདས་ཤིང་བུ་རྣམས་ཀྱིས་རྒྱལ་ཁྲི་བརྩད་དེ་རིང་ཞིག་འདས་རྗེས། བློན་འབངས་རྣམས་ཀྱིས་ཁྲི་འདུས་སྲོང་གི་བུ་ཁྲི་ལྡེ་གཙུག་བཙན་བཙན་པོར་བཀུར། དེ་དུས་ལོ་བདུན་ཡིན་” (44)ཞེས་པ་དང་།  《ཐང་ཡིག་གསར་རྙིང་》ལས། “བོད་ཀྱི་ལྷོ་ཕྱོགས་ཀྱི་ཚོབ་ཚང་མ་བོད་ལ་ངོ་ལོག་པས། བཙན་པོ་རང་ཉིད་འདུལ་དུ་ཆས་ཏེ་དམག་ཐོག་ཏུ་ཚེལས་འདས། རྒྱལ་བུ་རྣམས་ཀྱིས་རྒྱལ་སྲིད་བརྩད་པ་ལ། ......སྐྱེ་བོ་རྣམས་ཀྱིས་ཁྲི་ལྡེ་གཙུག་བཙན་བཙན་པོའི་ཁྲི་ལ་བཀོད། དེ་དུས་ལོ་ན་བདུན་ལ་སོན་མ་ཐག་ཡིན་” (45)ཞེས་བྱུང་བ་དག་ལས་ཤེས་ཐུབ་ཅིང་། སྐབས་དེར་འཇང་བཟའ་ཁྲི་བཙུན་གྱི་སྲས་འཇང་ཚ་ལྷ་དབོན་ནི་ལོ་བཅོ་ལྔ་ཙམ་དང་།  མཆིམས་བཟའ་བཙན་མེ་ཏོག་གི་སྲས་རྒྱལ་གཙུག་རུའམ་ཁྲི་ལྡེ་གཙུག་བརྟན་ནི་ལོ་བདུན་ཙམ་དང་ཡང་ན་ལོ་གཅིག་ཙམ་ཡིན་དགོས་ཏེ། བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་འཁྲུངས་ལོ་ལ་སྔ་ཕྱི་མི་མཐུན་པ་གཉིས་ཡོད་པ་ལས། གཅིག་ནི་ས་ཁྱི་ལོ་སྟེ་སྤྱི་ལོ་༦༩༨ལོ་དང་།  ཅིག་ཤོས་ནི་འབྲུག་གི་ལོ་སྟེ་སྤྱི་ལོ་༧༠༤ལོར་ཡིན་པར་བཀོད་ཡོད་པའི་ཕྱིར། གཞན་ཡང་ཏུན་ཧོང་ཡིག་རྙིང་བ  “སྦྲུལ་གྱོ་ལོ་ལ་བབ་སྟེ་(སྤྱི་ལོ་༧༠༥ལོ་)བཙན་པོ་སྲས་རྒྱལ་གཙུག་རུ་དང་།  པྱྀ་ཁྲྀ་མ་ལོད་དྲོན་ན་བཞུགས། ལྡེག་རེན་པའ་མནོན་སྣང་གྲགས་དང་། ཁེ་རྒད་མདོ་སྣང་ལས་སྩོགས་པ་ལོག་སྟེ་བོན་མོ་ན་ལ་ཙེར་ལྡེག་རེན་པ་ལོག་པ་རྣམས་བཀུམ། པོང་ལག་རང་དུ་བཙན་པོ་གཅེན་ལྷ་བལ་ཕོ་རྒྱལ་ས་ནས་ཕབ། བཙན་པོ་ཡབ་ཁྲྀ་འདུས་སྲོང་གྱྀ་དཔུར། མེར་ཀིའི་རྀང་ཁང་ན་བཞུགས་” (46)ཞེས་སྤྱི་ལོ་༧༠༥ལོར་ཁྲི་འདུས་སྲོང་སྔོན་ནས་འདས་ཟིན་པས། འདིའི་ཚིག་གི་འགྲོས་རིམ་དང་བརྡ་དོན་ལ་བརྟགས་ཚེ། བཙན་པོ་ཞེས་པ་ཁྲི་ལྡེ་གཙུག་བརྟན་རང་ལ་གོ་དགོས་ཤིང་།  བཙན་པོ་ཕྱི་ནི་ཁྲི་མ་ལོད་དང་།  བཙན་པོ་ཡབ་ནི་ཁྲི་འདུས་སྲོང་། བཙན་པོ་གཅེན་ནི་འཇང་ཚ་ལྷ་དབོན་ལས་འོས་པ་མེད། དེར་བརྟེན། ལོ་དེ་ལ་བཙན་པོ་སྲས་རྒྱལ་གཙུག་རུ་ནི་ཕྱི་ཁྲི་མ་ལོད་དང་མཉམ་དུ་དྲོན་ན་བཞུགས་དུས། སྲིད་རྩོད་ཀྱི་ནང་དུ་ལག་བསྲིངས་མྱོང་བའི་འཇང་ཚ་ལྷ་དབོན་གྱི་ཕྱོགས་གཏོགས་དང་རྒྱབ་དཔུང་གི་བློན་པོ་ལྡེག་རེན་པའ་མནོན་སྣང་གྲགས་དང་། ཁེ་རྒད་མདོ་སྣང་ལ་སོགས་པ་བོན་མོ་ན་ལ་ཙེ་ཞེས་པར་སྲོག་ཁྲིམས་བཅད་དེ་བཀུམས་པ་དང་།  པོང་ལག་རང་དུ་བཙན་པོ་གཅེན་ལྷ་བལ་ཕོ་སྟེ་འཇང་ཚ་ལྷ་དབོན་རྒྱལ་ས་ནས་ཕབ་སྟེ་ཐང་མཚམས་སུ་ཕབ་པའོ། ལོ་རྒྱུས་དངོས་དོན་འདི་ལ་《ལྡེའུ་ཆོས་འབྱུང་རྒྱས་པ་》རུ།  “འཇང་ཚ་ལྷ་དབོན། རྒྱལ་ས་མ་ཟིན་ཏེ་ཐང་འཚམས་སུ་ཕབ་བོ་”(47)ཞེས་བྱུང་། དེ་མིན་བཙན་པོ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱི་སྲས་རྣམས་རྒྱལ་སྲིད་ལ་རྩོད་པའི་ལས་དེ་འདྲའི་ནང་ཞུགས་ཡོད་ཚུལ་བོད་རྒྱའི་ཡིག་ཚང་གང་ནའང་མཐོང་ཆོས་སུ་མ་འགྱུར་བས། སྲས་ལྷས་བོན་ཐང་མཚམས་སུ་དབབ་དགོས་རྐྱེན་མེད་ཅིང་།  ཐང་མཚམས་སུ་ཕབ་པ་དངོས་ནི་འཇང་ཚ་ལྷ་དབོན་ཡིན་པ་དང་ཁོང་ནི་བཙན་པོ་གཅེན་ལྷ་བལ་ཕོ་ཡིན་པའི་བདེན་པའང་ར་འཕྲོད་པར་འགྱུར། དེས་ན་འཇང་ཚ་ལྷ་དབོན་ནི་སྤྱི་ལོ་༦༩༠ལོའི་ཡས་མས་ལ་འཁྲུངས་ཤིང་། སྤྱི་ལོ་༧༠༤ལོར་རྒྱལ་སྲིད་བརྩད་མཐར་ཐང་མཚམས་སུ་ཕབ་པ་དང་།  གྱིམ་ཤིང་ཀོང་ཇོ་བོད་དུ་བསུས་པའི་ལོ་སྟེ། སྤྱི་ལོ་༧༡༠ལོར་ཐང་མཚམས་ཀྱི་འཚོ་བ་མཇུག་རྫོགས་ཏེ་ཕྱིར་ཕོ་བྲང་དུ་ཕེབས་ནས་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བསུ་རྒྱུའི་གྲབས་བཤམས་དུས་བློན་གཉགས་སོགས་ཀྱིས་མཚན་རྟ་བཅིབས་པར་ཁ་གཡར་ཏེ་བཀྲོངས་པ་ནི་ལོ་རྒྱུས་དངོས་དོན་དུ་སེམས། སྲས་ལྷས་བོན་ནི་འཇང་ཚ་ལྷ་དབོན་གྲོངས་རྗེས་སམ་གྱིམ་ཤིང་ཀོང་ཇོ་བོད་དུ་འཚོ་བཞུགས་སྐབས་སུ་ཡོད་པ་མ་ཟད། ཀོང་ཇོ་དང་འདྲ་བར་སྤྱི་ལོ་༧༣༩ལོར་འདས་ཤིང་། སྤྱི་ལོ་༧༤༡ལོར་ཀོང་ཇོ་དང་མཉམ་དུ་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་བསྒྲུབས་ཡོད་སྐོར་ཏུན་ཧོང་ཡིག་རྙིང་དུ།  “ཡོས་བུའྀ་ལྀ་ལ་(སྤྱི་ལོ་༧༣༩ལོ་) བཙན་པོ་དབྱརད་ཆབ་སྲྀད་ལ་བེག་དུ་གཤེགསྟེ། སྲས་ལྷས་བོན་དྲོན་ན་བཞུགས། བཞུགས་པ་ལས་ནོངས། ......བཙན་མོ་ཀྀམ་ཤེང་ཁོང་ཅོ་ནོངས་པར་ལོ་ཆིག་”(48)ཅེས་པ་དང་།  ཡང་“སྦྲུལ་གྱི་ལོ་ལ་(སྤྱི་ལོ་༧༤༡ལོ་) ......བཙན་པོ་སྲས་ལྷས་བོན་དྔ། བཙན་མོ་ཁོང་ཅོ་གཉྀས་གྱྀ་མདད་བཏང་བར་ལོ་གཅྀག་”(49)ཅེས་བྱུང་། མདོར་ན། འཇང་ཚ་ལྷ་དབོན་དང་སྲས་ལྷས་བོན་ནི་གང་ཟག་ཐ་དད་ཡིན་པ་མ་ཟད། འཇང་ཚ་ལྷ་དབོན་ནི་སྲས་ལྷས་བོན་གྱི་ཁུ་བོ་དང་།  ཁྲི་ལྡེ་གཙུག་བརྟན་གྱི་གཅེན་ལྷ་བལ་ཕོ་ཡིན་པའང་བོད་རྒྱའི་ལོ་རྒྱུས་ཡིག་ཚང་ལས་གསལ་པོར་རྟོགས་ཐུབ།
བཞི་པ། མཇུག་བསྡུ་བ།
         བོད་བཙན་པོའི་དུས་ཀྱི་དོན་གནད་ཆེ་ཕྲ་དག་ནི་ཡུལ་དུས་ཀྱིས་བསྐལ་བས་གང་ཞིག་དོན་དངོས་དང་མཐུན་མིན་གྱི་ཁ་ཆོན་གཅོད་པ་ནི་ལས་སླ་པོ་ཞིག་མིན་ནའང་། སུས་ཀྱང་འཕྲི་སྣོན་གྱི་བཟོ་བཅོས་མ་ཕོག་པའི་གནའ་བོའི་བོད་ཀྱི་ལོ་རྒྱུས་ཟིན་ཐོ་གལ་ཆེན་ཏེ། བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་། བྲག་བརྐོས་ཡི་གེ ཁྲམ་ཤིང་། ཏུན་ཧོང་ཤོག་དྲིལ། རྒྱའི་ཡིག་ཚང་སོགས་ནི་ཡིད་རྟོན་འཕེར་བའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཤ་སྟག་ཡིན་པ་ནི་བསྙོན་དུ་མེད་པས། དཔྱད་གཞིའི་རྒྱུ་ཆ་དེ་དག་གུང་བསྒྲིགས་པ་དང་གོ་བསྡུར་བྱས་ན། བཙན་པོའི་དུས་ཀྱི་ལོ་རྒྱུས་དོགས་གནད་མང་པོ་ཞིག་གི་བདེན་པའི་ངོ་བོ་ལྷང་ངེར་མངོན་ཐུབ་པ་ནི་གདོན་མི་ཟའོ།  དེར་བརྟེན། གནའ་བོའི་བོད་རྒྱའི་ལོ་རྒྱུས་ཡིག་ཚང་ཁུངས་བཙུན་དེ་དག་གི་བྱུང་བ་རྣམས་གུང་བསྒྲིགས་ཏེ་བལྟས་ཚེ འཇང་ཚ་ལྷ་དབོན་ནི་བཙན་པོ་ཁྲི་འདུས་སྲོང་གིས་(སྤྱི་ལོ་༦༨༩ལོར་)བོད་ཀྱི་དམག་དཔུང་འཇང་ཡུལ་དུ་དྲངས་རྗེས་བསུས་པའི་འཇང་མོ་ཁྲི་བཙུན་དང་བཤོས་པའི་སྲས་སུ་སྤྱི་ལོ་༦༩༠ལོའི་ཡས་མས་སུ་འཁྲུངས་ཤིང་།  བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་གཅེན་པོ་ཡིན་པ་དང་།  ཡབ་ཁྲི་འདུས་སྲོང་འདས་རྗེས་གཅེན་གཅུང་ཕན་ཚུན་དབར་རྒྱལ་སྲིད་བརྩད་མཐར། སྤྱི་ལོ་༧༠༥ལོར་ཐང་མཚམས་སུ་ཕབ་པ་དང་།  ཐང་མཚམས་ཀྱི་འཚོ་བ་མཇུག་རྫོགས་ཏེ་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བསུས་པའི་དུས་དེར་བློན་རྒྱུད་ཁག་གི་ནང་འགལ་ལས་རྐྱེན་ལམ་དུ་ཤོར་བ་སོགས་གསལ་ལེར་ཤེས་ཐུབ་པས། དེས་ན་སྤྱི་ལོ་༧༣༩ལོར་གྱིམ་ཤིང་ཀོང་ཇོ་དང་དུས་མཉམ་པར་འདས་ཤིང་།  སྤྱི་ལོ་༧༤༡ལོར་ཀོང་ཇོ་དང་མཉམ་དུ་མདད་བཏང་སྟེ་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་བསྒྲུབས་པའི་སྲས་ལྷས་བོན་དང་གང་ཟག་ཐ་དད་ཡིན་པ་མ་ཟད། དེའི་ཁུ་བོ་ཡིན་པའང་ཤེས་སླ་བ་རེད་ཅེས། ཁོ་བོས་ལོ་རྒྱུས་སློབ་གཉེར་གྱི་ཟུར་དུ་འཕྲད་པའི་དོགས་གནད་དག་ལ་རང་ནུས་ཅི་ལྕོགས་ཀྱིས་དཔྱད་ཁུལ་བགྱིས་པར་ནོངས་ཆ་ཅིས་ཀྱང་ལྡན་སྲིད་པས།  གཟུར་གནས་མཁས་པའི་ཕྱག་སོར་ཡངས་པོས་ཡོ་བསྲང་གནང་རྒྱུར་རེ་སྒུག་བྱེད་བཞིན་ཡོད། །
         མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
         ①(40)《ཆབ་འགག་རྟ་མགྲིན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  སྤྱི་ལོ་༢༠༠༣ལོའི་ཟླ་༦པར་དཔར་ཐེངས་དང་པོ་བརྒྱབ། ཤོག་ངོས་༡༣༥  ༡༣༥རུ་གསལ།
         ②(43)གངས་འཚོ། 《འཇང་ཚ་ལྷ་དབོན་གྱི་འདས་རྐྱེན་ལ་དཔྱད་པ་》 ༢༠༠༤ལོའི་《བོད་ལྗོངས་ཞིབ་འཇུག་》བོད་ཡིག་དུས་དེབ་གཉིས་པ། ཤོག་ངོས་༢༩  ༣༠ནས༣༤བར་གསལ།
         ③(42)པད་གཞུང་ཟླ་བ་ཆུང་བདག 《འཇང་ཚ་ལྷས་བོན་དང་འབྲེལ་བའི་ལོ་རྒྱུས་སྐོར་ལ་རགས་ཙམ་དཔྱད་པ་》 ༢༠༡༥ལོའི་《བོད་ལྗོངས་སློབ་ཆེན་གྱི་རིག་དེབ》བོད་ཡིག་དུས་དེབ་གཉིས་པ། ཤོག་ངོས་༧༢  ༧༡ནས་༧༣བར་གསལ།
         ④(25)འཇིགས་མེད་རྣམ་རྒྱལ། 《“ལྗང་ཚ་ལྷ་དབོན་”ཞེས་པ་ཡོད་མེད་དང་ཁྲི་སྲོང་ལྡེ་བཙན་ཀིམ་ཤིང་ཀོང་ཇོའི་སྲས་ཡིན་མིན་སྐོར་ཅུང་ཟད་གླེང་བ་》 ༡༩༨༧ལོའི་《བོད་ལྗོངས་ཞིབ་འཇུག་》བོད་ཡིག་དུས་དེབ་གཉིས་པ། ཤོག་ངོས༡༡༠  ༡༡༠བཅས་སུ་གསལ།
         ⑤(29)སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ་》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་༦པར་དཔར་ཐེངས་གཉིས་པ་བསྒྲིགས། ཤོག་ངོས་༡༧༨  ༡༧༨བཅས་སུ་གསལ།
         ⑥(26)(27)(28)ཉང་ཉི་མ་འོད་ཟེམ 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༡༠པར་དཔར་ཐེངས་གཉིས་པ་བཏབ། ཤོས་ངོས་༢༤༩   ༢༤༩   ༢༤༩ -༢༥༠   ༢༥༠བཅས་སུ་གསལ།
         ⑦ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེ། 《ཡར་ལུང་ཇོ་བོའི་ཆོས་འབྱུང་》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༨ལོའི་ཟླ་༣པར་དཔར་ཐེངས་དང་པོ་བཏབ། ཤོག་ངོས་༥༩ན་གསལ།
         ⑧ཚལ་པ་ཀུན་དགའ་རྡོ་རྗེ། 《དེབ་ཐེར་དམར་པོ་》 མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ལོའི་ཟླ་༡༠པར་དཔར་ཐེངས་དང་པོ་བཏབ། ཤོག་ངོས་༣༦ན་གསལ།
         ⑨⑩⑾(30)(31)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》 མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༣པར་དཔར་ཐེངས་གསུམ་པ་བརྒྱབ། ཤོག་ངོས་༡༥༦ནས་༡༥༧  ༧༤  ༧༤  ༡༥༧  ༡༥༧བཅས་སུ་གསལ།
         ⑿⒃⒇(21)(22)(38)(44)(45)འཇམ་དབྱངས་དར་རྒྱས། 《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས་》(དེབ་དང་པོ་) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ་༥པར་དཔར་ཐེངས་དང་པོ་བཏབ། ཤོག་ངོས་༣༤  ༢༠  ༣༨  ༤༢  ༤༥  ༦༣  ༨༣  ༡༦༠བཅས་སུ་གསལ།
         ⒀《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》 དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་༡༢པར་དཔར་ཐེངས་གཉིས་པ་བཏབ། ཤོག་ངོས་༢༩༥ན་གསལ།
         ⒁⒄(32)(33)(35)(41)(46)(48)(49)གཉའ་གོང་དཀོན་མཆོག་ཚེ་བརྟན།《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ་༤པར་དཔར་ཐེངས་དང་པོ་བཏབ། ཤོག་ངོས་༥༧  ༦༥  ༩༠  ༢༠༥  ༧༢  ༧༨  ༧༨བཅས་སུ་གསལ།
         ⒂འདིར་ཅའོ་ལུན་དང་དབྱི་ཧྥེང་ཞེས་པ་ནི་ཐང་ཀའོ་ཙུང་ལ་ཁྲི་ལོ་བརྩི་སྟངས་བཅུ་བཞི་ཡོད་པའི་ནང་གསེས་གཉིས་ཡིན་ཞིང་། ཅའོ་ལུན་གྱི་ཁྲི་ལོ་དང་པོ་དང་དབྱི་ཧྥེང་གི་ཁྲི་ལོ་བཞི་པ་གཉིས་ཀ་ནི་སྤྱི་ལོ་༦༧༩ལོ་ཡིན་པའོ།
         ⒅⒆(24)(34)(37)(39)ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༩པར་དཔར་ཐེངས་དང་པོ་བརྒྱབ། ཤོག་ངོས་༡༥༥  ༡༥༥  ༩༡  ༩༡  ༩༨བཅས་སུ་གསལ།
         (23)ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་དང་པོར་དཔར་ཐེངས་གཉིས་པ་བཏབ། ཤོག་ངོས་༣༧ན་གསལ།
         (36)ལྡེའུ་ཇོ་སྲས། 《ལྡེའུ་ཆོས་འབྱུང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོའི་ཟླ་༩པར་དཔར་ཐེངས་དང་པོ་བརྒྱབ། ཤོག་ངོས་༡༢༠ནས་༡༢༡བར་གསལ།
         (47)མཁས་པ་ལྡེའུ། 《ལྡེའུ་ཆོས་འབྱུང་རྒྱས་པ་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ་༢པར་དཔར་ཐེངས་གསུམ་པ་བརྒྱབ། ཤོག་ངོས་༢༨༤ན་གསལ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1