ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ལན་ཆ་ཆེན་པོ་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-10



        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་ལན་ཆ་ཆེན་པོ་བྱུང་བ།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་སྤུས་ཚད་མཐོ་པོའི་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་ཏུ་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་དང་བསྟུན་ནས་དུས་བཀག་ལྟར་སྤུས་ཚད་མཐོ་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ཏེ། ཏང་དང་མི་དམངས་ལ་ཚད་ལོན་གྱི་རྒྱུགས་ལེན་འབུལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
        སྤྱི་ལོ་2020ལོར་སླེབས་སྐབས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་ཏན་ཏིག་ངང་ཁས་ལེན་གནང་བ་ཞིག་ཡིན་པས། ངེས་པར་དུ་དུས་བཀག་ལྟར་མངོན་འགྱུར་ཡོང་བ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མུ་མཐུད་ཁུལ་གསུམ་དང་ཀྲོའུ་གསུམ་སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་གཞི་དོན་འཁྱོལ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་སྲིད་ཇུས་དོན་འཁྱོལ་དམ་འཛིན་བྱས་ཏེ། འགག་སྒྲོལ་དཀའ་སེལ་གྱིས་ལས་འགན་ལེགས་སྒྲུབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
        ཤིན་ཅང་ཧོ་ཐན་ས་ཨུད་ཀྱི་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཨའེ་ཉི་ཝར་ཐུར་ཤུན་གྱིས། ང་ཚོ་ཧོ་ཐན་ས་ཁུལ་དེ་ཁུལ་གསུམ་དང་ཀྲོའུ་གསུམ་གྱི་ས་ཁུལ་དབུལ་པོའི་གྲས་ཤིག་ཡིན་པའི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་བློ་བརྟན་འགྱུར་མེད་ངང་བྱ་ཐབས་ནུས་ལྡན་སྤྱད་དེ། ཤིན་ཏུ་དབུལ་བའི་གྲོང་ཚོའི་དབུལ་སྒྲོལ་དཀའ་གནད་ཧུར་ཐག་སེལ་རྒྱུ་ཡིན། ང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དེར་རྒྱལ་ཁ་ལེན་པའི་སེམས་ཤུགས་དང་ཆོད་སེམས་ཡོད་ཅེས་གསུངས་ཡོད་པ་རེད།
        ཡུན་ནན་ཞིང་ཆེན་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཀྲོའུ་ནི་མཐའ་མཚམས་དང་། མི་རིགས། དབུལ་ཕོངས་བཅས་གཞི་གཅིག་ཏུ་འདུས་པ་ཞིག་ཡིན་པ་དང་། ཁུལ་གསུམ་དང་ཀྲོའུ་གསུམ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ཀྲོའུ་དེ་ཡོངས་ཀྱི་མི་འབོར་ལྔ་ཆ་གཅིག་ཙམ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་གཞིའི་ནང་བཅུག་ཡོད། རྒྱལ་མོ་རྔུལ་ཆུ་ཀྲོའུ་ལྕགས་ཟམ་ཁ་གྲོང་ཁྱེར་ཝུའེ་ལ་པ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་སྡེ་ཁུལ་གྱི་ལས་བྱེད་པ་ཐེན་ཞུའེ་ཝུན་གྱིས། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྣོད་བཅུད་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་སྤྱོད་སྤེལ་ཏེ། གནས་སྤོས་མང་ཚོགས་ཚང་མ་བརྟན་ལྷིང་དང་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་ཡིན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དོན་འཁྱོལ་ཡག་པོ་བྱས་ཏེ། རིམས་ནད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཤུགས་རྐྱེན་མི་ཐེབས་པ་བྱ་རྒྱུ་དང་། ཡུལ་མི་ཚོ་དང་མཉམ་དུ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པར་འབད་འཐབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དབུལ་ཞྭ་ཕུད་མེད་པའི་རྫོང་དབུལ་པོ་52དང་གྲོང་ཚོ་དབུལ་པོ་1113ལ་སྒོ་བྱང་བཀལ་ནས་ལྟ་ཞིབ་བྱེད་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ལྟ་སྐུལ་ནན་ཏན་བྱེད་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་སེམས་ནུས་གཅིག་སྒྲིལ་གྱིས་མཐའ་མའི་དཀའ་གནད་ཡག་པོ་སེལ་དགོས་ཞེས་ནན་སྟོན་གནང་ཡོད། ཀོང་ཞི་ཏ་ཧྭ་ཡའོ་རིགས་རང་སྐྱོང་རྫོང་ནི་ཀོང་ཞི་ཡི་ཤིན་ཏུ་དབུལ་བའི་རྫོང་4ཡི་གྲས་ཤིག་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་སྒོ་བྱང་བཀལ་ནས་ལྟ་སྐུལ་དམག་འཐབ་བྱེད་སའི་རྫོང་ཞིག་ཀྱང་རེད། དེ་གར་ས་དཀོན་པ་དང་ཆུ་དཀོན་པ། བྲག་རིའི་རྒྱ་ཁྱོན་གྱིས་90%བཟུང་བ་དང་། མི་རེའི་ཆ་སྙོམས་རྨོ་ཞིང་མུའུ་0.8ཀྱང་ཟིན་གྱི་མེད། ཏ་ཧྭ་རྫོང་ཆི་པེ་ནུང་ཤང་གི་ཤང་ཀྲང་ཝུའེ་ཡུང་ཀྲེན་གྱིས། འདི་ལོ་ང་ཚོའི་ཤང་ལ་ཉེན་ཁ་ཆེ་བའི་སྡོད་ཁང་138སྒྱུར་བཀོད་ཀྱི་ལས་འགན་དང་ཁྱིམ་ཚང་གི་ཆུ་སྒྲོམ་361འཛུགས་སྐྲུན་གྱི་ལས་འགན་ཡོད། མིག་སྔར་ལས་འགོ་འཛུགས་ཚད་90%ལྷག་ཙམ་ཟིན་པ་དང་། ཟླ་བ་ལྔ་པའི་ཟླ་མཇུག་གོང་ཚང་མ་ལས་མཇུག་འགྲིལ་ནས་རྒྱུན་གཏན་ལྟར་སྤྱོད་ཐུབ་པ་བྱ་རྒྱུ་ཡིན། ང་ཚོ་ཆི་ལི་ནུང་ཤང་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་འཐབ་ས་མདུན་མ་ཡིན་པའི་ངོས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
        ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཧོ་ཀྲང་རྫོང་ནི་ཝུའུ་མོང་རི་བོའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དུ་གནས་པ་དང་། ཀུའེ་ཀྲོའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད། ཧོ་ཀྲང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཅན་ཕིང་གིས། མང་ཚོགས་ཀྱི་ཧུར་སེམས་སྐུལ་སློང་དང་དམངས་སེམས་གཅིག་སྒྲིལ། མི་སེར་གྱི་ནང་གནས་སྒུལ་ཤུགས་འཕེལ་བ་བཅས་བྱ་རྒྱུ་ཡིན། ང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་ཡག་པོ་བྱ་རྒྱུའི་སེམས་ཤུགས་དང་ཆོད་སེམས་ཡོད་ཅེས་གསུངས་ཡོད་པ་རེད།
        སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཀྲོའུ་ཞི་ཏེ་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལིའུ་པིན་གྱིས། ང་ཚོས་ངེས་པར་དུ་ཞི་ཏེ་ཡི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ངར་ཤུགས་གཅིག་སྒྲིམ་དང་བབ་བསྟུན་མདུན་སྐྱོད་ཀྱིས་གྲོང་ཚོ་དབུལ་པོ་ལྷག་མ་དབུལ་སྒྲོལ་དང་མི་འབོར་དབུལ་པོ་ཉུང་གཏོང་གི་ལོ་འཁོར་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
        ལིའུ་ཕན་ཧྲན་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཁུལ་དུ་གནས་པའི་ཉིང་ཞ་ལྷོ་རྒྱུད་རི་ཁུལ་དུ་མིག་སྔར་ཤིས་ཅི་རྫོང་དང་གྲོང་ཚོ་དབུལ་པོ་80 དབུལ་ཕོངས་མི་འབོར་ཆིག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་དབུལ་སྒྲོལ་ཐུབ་མེད། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཞུའེ་ཀྲིས། ང་ཚོ་ཉིང་ཞ་ཡི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ངེས་པར་དུ་ལོ་རྒྱུས་ཀྱི་ཞིབ་བཤེར་དང་མང་ཚོགས་ཀྱི་ཞིབ་དཔྱད། ཀྲུང་དབྱང་གི་དཔྱད་ཞིབ། སྨྱན་སྦྱོར་གྱི་ལྟ་སྐུལ་བཅས་ཐེག་ཐུབ་པ་དགོས། དེ་ནི་ང་ཚོའི་ལྗོངས་ཡོངས་ཀྱི་དབུལ་སྐྱོར་ལས་དོན་ལ་བཏོན་པའི་ཆེས་ནན་ཞིང་ཆེས་ཆ་ཚང་བ་ཆེས་མཐོ་ཤོས་བཅས་ཀྱི་བླང་བྱ་ཞིག་ཡིན་པས། ང་ཚོ་དབུལ་སྐྱོར་ལས་བྱེད་པ་ཚང་མས་ཆད་ལུས་མེད་པར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ཞེས་གསུངས་ཡོད་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནི་ལས་སླ་པོའི་ངང་གདོང་མཆོང་བྱས་པ་ཙམ་གྱིས་རྒྱལ་ཁ་ལེན་ཐུབ་པ་ཞིག་མིན་པས། ངེས་པར་དུ་འཕྲད་པའི་དཀའ་ངལ་དང་འགྲན་རྩོད་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་མཐའ་མའི་ལོ་ཞིག་ཡིན་པ་དང་། མཇུག་བསྡུའི་ལོར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས། ལས་འགན་ཁག་དེ་བས་ལྕི་བ་དང་བླང་བྱ་དེ་བས་མཐོ་བ་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།
        ཨན་ཧུའེ་ཞིང་ཆེན་ཧོ་ཆིའུ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་སྲིད་ཇུས་དྲིལ་བསྒྲགས ་ལས་དོན་མི་སྣ་ཧུང་ཡུང་ལེའང་གིས། གོམ་སྟབས་རྗེས་མར། ང་ཚོས་སྤྱི་ཕན་ལས་གནས་གསར་སྤེལ་དང་། ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན། སྤྱི་ཚོགས་འགན་བཅོལ་མཐའ་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཁོང་ཚོའི་ཡོང་འབབ་མང་དུ་ཏན་ཏིག་གཏོང་རྒྱུ་དང་། འཚོ་བའི་དཀའ་ངལ་དངོས་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། དབུལ་ཕོངས་མི་འབོར་ལྷག་མ་ཚང་མ་དབུལ་སྒྲོལ་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
        རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར། ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ལིན་དབྱི་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ཁོའོ་ཡོན་སུང་ལེའི་ཡིས། ང་ཚོས་བསམ་བློའི་ཐོག་དེ་བས་ལྷོད་གཡེང་གཏོང་མི་རུང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་དེ་བས་དོན་འཁྱོལ་བྱེད་དགོས། ཞན་ཆ་འཚོལ་བ་དང་ཞན་ཆ་གསབ་པ། དབུལ་ཕོངས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ། བལྟོས་བཅས་ཀྱི་དབུལ་པོ་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས་ཞེས་གསུངས་ཡོད་པ་རེད།
        ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱིས་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་འཁུར་མཁན་རིགས་10ཡི་འགན་འཁྲི་གཙོ་བོའི་གསལ་ཐོ་བཟོས་པ་དང་། མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ངང་སེལ་བ། ཞན་ཆ་དང་ཉམས་ཞན་ས་ཆར་ཁྱོན་ཡོངས་ནས་ཁ་གསབ་བྱེད་བཞིན་ཡོད། ཀན་ཀྲོའུ་གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་གི་ལས་བྱེད་པ་ཞུས་ཧའེ་ཡང་གིས། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་སྒྲོལ་བྱ་རྒྱུ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དབུལ་ཞྭ་ཕུད་ཟིན་པའི་རྫོང་དང་དབུལ་ཞྭ་འཕུད་གྲབས་ཡོད་པའི་རྫོང་། དེ་བཞིན་དབུལ་པོ་མིན་པའི་རྫོང་བཅས་ལ་རིགས་དབྱེའི་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པའི་འགན་ལེན་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་རྒྱལ་ཁ་མ་ཐོབ་བར་འགག་སྒྲོལ་དམག་འཐབ་ཕྱིར་འཐེན་གཏན་ནས་བྱེད་མི་སྲིད་ཅེས་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1