ལྷ་སར་ཟླ་3པའི་ཚེས་16ཉིན་རྨོད་གཉའ་གཅོག་མཁན་རེད་འདུག

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 03-11



           ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་ཡོད། གནམ་གཤིས་རིམ་གྱིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་མི་རྣམས་ཀྱིས་དཔྱིད་རྨོད་ལས་དོན་གྲ་སྒྲིག་བྱེད་འགོ་ཚུགས་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བར། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་དཔྱིད་ཀར་ས་ཞིང་མུའུ་ཁྲི་57.27འདེབས་རྩིས་ཡོད་པས། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་40ཟིན་གྱི་ཡོད། འདི་ལོའི་དཔྱིད་རྨོད་དཔྱིད་འདེབས་བདེ་བླག་ངང་སྤེལ་ཆེད། ལྷ་ས་གྲོང་ཁྱེར་གྱིས་རྫས་ལུད་དབོར་འདྲེན་དང་། ཞིང་སྨན་ཉོ་སྒྲུབ། སོན་བརྗེ་རྒྱག་པ་སོགས་ལ་བརྟེན་ནས་དམིགས་ཚད་བདེ་བླག་ངང་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱས་ཡོད།

          དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ནི་ལྷོད་གཡེང་གཏན་ནས་གཏོང་མི་རུང་བའི་ལས་དོན་ཞིག་ཡིན་ལ། ལྷག་པར་དུ་སོན་བཟང་འདེམས་སྒྲུག་བྱ་རྒྱུ་ནི་དེའི་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པས། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་དུས་ཐོག་ཏུ་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་17རྫོང(ཆུས)སོ་སོར་སོན་བཟང་འདེམས་སྒྲུག་སོགས་དཔྱིད་འདེབས་ཐོན་སྐྱེད་ལག་རྩལ་ཐད་མཛུབ་ཁྲིད་བྱེད་པར་བཏང་ཡོད།

           “འདི་ལོ་གྲོང་ཁྱེར་ཡོངས་ཀྱི་འདེབས་འཛུགས་ལས་རིགས་ལས་དོན་གྱིས་འབྲུ་རིགས་ཐོན་སྐྱེད་ཀྱི་བདེ་འཇགས་གཙོ་གནད་དུ་འཛིན་པ་དང་།ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་ལྟེ་བར་བྱས་ཏེ།སྔ་ས་ནས་དམ་འཛིན་དང་དམ་འཛིན་ཏན་ཏིག་བྱས་ནས་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་བའི་འགན་ལེན་བྱ་རྒྱུ་རེད། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ཟླ་3ཚེས་16ཉིན་རྨོད་གཉའ་གཅོག་རྒྱུ་དང་། ཟླ་3ཚེས་25ཉིན་ནས་བཟུང་ནུབ་རྒྱུད་ནས་ཤར་རྒྱུད་དུ་རིམ་པས་འདེབས་འཛུགས་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན་ཟླ་5པའི་ཟླ་སྨད་དུ་བཏབ་ཚར་རྒྱུ་རེད”ཅེས་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་བྱུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1