གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༢ཉིན།

སྡོད་ཡུལ་ལེགས་བཅོས་བྱས་པས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ལ་རྣམ་པ་གསར་པ་ཆགས།


           འཕྱོངས་རྒྱས་རྫོང་གདོང་དཀར་སྡེ་ཁུལ་གྱི་གྲོང་མི་ཁྲ་སེ་ནི་སྡེ་ཁུལ་དེའི་གསང་སྤྱོད་སྒྱུར་བཀོད་ལེགས་སྒྲུབ་བྱས་ནས་དེའི་ཁེ་ཕན་ཐོབ་པའི་ཞིང་དུད་སྔ་ཤོས་ཡིན།  ཁོང་རང་དགའ་སྤྲོའི་ངང་“ད་ལྟ་གཅིན་སྐྱག་གི་གནོད་པ་ཡོངས་སུ་སེལ་ནས་དྲི་ངན་དང་སྦྲང་ནག་མེད་པར་ཁྱིམ་ཡང་གཙང་མར་གྱུར་ཡོད”ཅེས་བཤད།

བསྐྱར་བཟོ་བྱས་རྗེས་ཀྱི་སྤྱོད་ཁང་།
           མི་རྣམས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན་ནས་གྲོང་གསེབ་ཀྱི་སྲོལ་རྒྱུན་“གསང་སྤྱོད”དེ་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་བཟོ་བའི་ཞན་ཆ་ཞིག་ཏུ་གྱུར་ཡོད། 2019ལོར་རང་རེའི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྡོད་ཡུལ་ལེགས་བཅོས་ལས་དོན་ཧུར་ཐག་གིས་སྤེལ་ནས་གསང་སྤྱོད་སྒྱུར་བཀོད་དང་། གྲོང་ཚོའི་གཙང་སྦྲ་ལ་དོ་སྣང་ཆེན་པོ་བྱས་ཏེ་སྟོབས་ཤུགས་ཡོད་རྒུ་སྐུལ་སློང་དང་ཐོན་ཁུངས་སྡེབ་སྒྲིག་གིས་རང་རེའི་གྲོང་ཁྱེར་གྱི་གྲོང་གསེབ་སྡོད་ཡུལ་དག་གི་ཞན་ཆ་མགྱོགས་མྱུར་གྱིས་བཅོས་པ་རེད།
          གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་པིན་གིས་“2019ལོར་ལས་ཁུངས་བཅོས་སྒྱུར་བྱས་པ་ནས་བཟུང་ང་ཚོས་‘གསང་སྤྱོད་གསར་བརྗེ’ཧུར་ཐག་གིས་སྤེལ་ཞིང་། མིག་སྔའི་བར་ཁྱོན་བསྡོམས་དུད་ཚང་22184ལ་གསང་སྤྱོད་སྐྲུན་པ་དང་། མང་ཚོགས་རང་ཉིད་ཀྱིས་དུད་ཚང་14063ལ་གསང་སྤྱོད་བསྐྲུན། ‘གྲོང་ཚོ་རེར་དུད་ཚང་རེ་དང་དུད་ཚང་རེར་གཱ་རེའི’ཡི་བླང་བྱ་གཞིར་བཟུང་སྟེ། དུད་ཚང་10545ཡིས་རྩིས་ཁྲ་བཟོ་བའི་ལས་དོན་ལེགས་གྲུབ་བྱུང་ཡོད”ཅེས་མཚམས་སྦྱོར་གནང་བ་རེད།

ཡུལ་སྨད་གྲོང་ཚོའི་རྣམ་པ།
          གྲོང་ཚོའི་གཙང་སྦྲའི་བྱ་འགུལ་ནི་གྲོང་གསེབ་ཀྱི་སྡོད་ཡུལ་ལེགས་སྒྲིག་བྱེད་པའི་རྨང་གཞིའི་ལས་དོན་ཞིག་ཡིན། ཡར་ཀླུང་ཆེན་པོའི་གྲོང་ཚོ་གང་ཡིན་ས་ནས་ལས་བྱེད་པ་ཁག་ཅིག་དང་མང་ཚོགས་ཁག་ཅིག་གིས་ལྕགས་ཁེམ་དང་། ཕྱགས་མ། འདེད་འཁོར་བཅས་འཁྱེར་བའམ་ཡང་ན་ཆུ་རྐ་བཤངས་པ་དང་ལམ་འགྲམ་གྱི་གད་སྙིགས་དང་ལུད་ཕུང་ལ་གད་བདར་བྱེད་པ། ཡང་ན་གྱང་རོ་དང་རྩིག་རུལ་བཤིག་པ་སོགས་ཚ་ཚ་འུར་འུར་གྱི་རྣམ་པས་མི་རྣམས་ལ་སེམས་རྩ་འཁོལ་ཞིང་། དཀའ་བའི་རྔུལ་ཆུ་ཡི་རྗེས་ན་ཡོད་པ་ནི་གྲོང་ཚོའི་མི་རྣམས་བློ་བདེ་བག་ཕེབས་དང་གཙང་སྦྲ་དོད་པོ་ཞིག་བྱུང་བ་དེ་རེད།2019ལོར་རང་རེའི་གྲོང་ཁྱེར་གྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་“གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་པ་དང་དཔེ་སྟོན་སྐུལ་ཁྲིད”མཐའ་འཁྱོངས་བྱས་ཏེ་རྒྱུག་ཆུ་དང་ཆུ་རྐ། མི་མང་འདུ་སའི་གད་སྙིགས་རྣམས་གཅིག་སྡུད་སྒོས་གཙང་སེལ་བྱེད་པ་དང་། ཆུའི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་འདམ་རྫབ་དང་གྱང་རོ་རྩིག་རུལ་སོགས་གཙང་སེལ་བྱེད་པ། གྲོང་ཚོའི་གཙང་སྦྲའི་བྱ་འགུལ་ཧུར་ཐག་གིས་སྒྲིག་འཛུགས་བྱས་ཏེ་སྤེལ།

མཚོ་སྨད་རྫོང་གིས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ནས་གཞུང་ལམ་རྒྱུད་དུ་གད་སྙིགས་གཙང་ཕྱགས་བྱེད་བཞིན་པའི་ཚུལ།
          “ང་ཚོས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཏུན་26639དང་། གྲོང་ཚོའི་ནང་གི་མཁོ་མེད་རྙིང་ཧྲུལ་ཅན་གྱི་འཕྲུལ་ཆས་698། གང་བྱུང་དུ་སྤུངས་པའི་སོག་མ་4203། སྒོ་ཕྱུགས་དང་ཁྱིམ་བྱའི་གསོག་ལུད་སོགས་ཀྱི་སྙིགས་རོ་ཏུན་3174བཅས་གཙང་མར་ཕྱགས་ཏེ་འཚོ་བའི་གད་སྙིགས་གཙང་བཅོས་ནུས་ལྡན་བྱས་ཡོད།” ཝང་པིན་གིས་“ང་ཚོས་ད་དུང་གྲོང་གསེབ་ཀྱི་ཆུ་རྫིང་3240དང་། ཡུར་བུ་སྤྱི་ལེ་5753། ཆུ་ལམ་དང་མཚེའུ་སྤྱི་ལེ་3008། འདམ་རྫབ་ཏུན་3733། གྱང་རོ་དང་རྩིག་རུལ་302བཅས་ལ་གཙང་བཤེར་བྱས་ཚར་ཡོད།”ཅེས་ངོ་སྤྲོད་བྱས་པ་རེད།
ཝང་པིན་གིས་ང་ཚོར་ཆུ་གསུམ་རྫོང་ཆུ་མདོ་གཙང་བོ་ཡུལ་ཚོས་གད་སྙིགས་དང་སྒོ་རྩིས་ཚོང་ཁང་གི་ཚོང་ཟོག་བརྗེ་བའི་བྱེད་སྒོ་སྤེལ་བ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བཤད། 
          “ང་ཚོའི་ཡུལ་ཚོས་གད་སྙིགས་བརྗེ་རེས་སྒོ་རྩིས་ཚོང་ཁང་གི་སྒོ་ཕྱེ་བ་ནས་བཟུང་། ཡུལ་ཚོའི་ཁོར་ཡུག་འཕྲོད་བསྟེན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཁྲོམ་གཞུང་གཙང་མ་ཡིན་པར་མ་ཟད། གྲོང་མིའི་འཕྲོད་བསྟེན་གྱི་འདུ་ཤེས་ཀྱང་མཐོ་རུ་ཕྱིན་ཡོད།”ཅེས་ཡུལ་ཚོའི་ཡུལ་དཔོན་བློ་གྲོས་རབ་བརྟན་གྱིས་དེ་ལྟར་བཤད།

མཚོ་སྣ་རྫོང་སྨད་མོན་པ་ཡུལ་ཚོའི་ཟུར་གཅིག
           རྒྱ་ཚ་རྫོང་གུང་ཁང་གྲོང་ཚོའི་རྒན་མོ་བསོད་ནམས་སྒྲོལ་དཀར་གྱིས་ང་ཚོར་སྔོན་ཆད་གྲོང་ཚོའི་ནང་“གནམ་དྭངས་དུས་ཐལ་མདོག་དང་ཆར་པ་བབས་དུས་འདམ་གྱིས་ཁེངས་པ”ཞིག་ཡིན་པ་དང་། གད་སྙིགས་རླུང་གིས་ལྡང་བ་དང་བཙོག་ཆུ་རླངས་པར་འགྱུར་ཞིང་བ། གཅིན་སྐྱག་གང་སར་མཐོང་རྒྱུ་ཡོད། ད་ཆ་སྡོད་ཡུལ་ལེགས་བཅོས་བྱས་པ་བརྒྱུད་གྲོང་ཚོའི་ནང་ཆེད་བཀོལ་མངག་གསང་སྤྱོད་དང་གད་སྙིགས་བླུགས་སྣོད་བཙུགས་ཡོད་པས་འཚོ་བའི་ཁོར་ཡུག་ཇེ་ཡག་ཏུ་ཕྱིན་ཡོད།
          གྲོང་གསེབ་ཀྱི་སྡོད་ཡུལ་ལེགས་བཅོས་བྱ་འགུལ་རྒྱ་ཆེན་པོར་སྤེལ་བ་དང་བསྟུན་ནས་རང་རེའི་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་རྣམ་པ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་།དགུན་གྲང་ངར་ལྡང་བའི་སྐབས་སུ་གྲོང་གསེབ་ཀྱི་འགྲོ་ལམ་ཐོག་བག་ཕེབས་དལ་བགྲོད་བྱེད་སྐབས་འགྲོ་ལམ་ཡངས་ཤིང་རྒྱ་ཆེ་བ་དང་།ཁོར་ཡུག་གཙང་ཞིང་གྲལ་དག་ལཔ།ཡུལ་སྲོལ་གོམས་གཤིས་མངོན་པར་དོད་པ་བཅས་སྤྲོ་སྣང་ལྡན་པའི་རི་མོའི་ཤོག་དྲིལ་ཞིག་བཀྲམ་པ་དང་གཉིས་སུ་མ་མེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1