རྒྱལ་ཁབ་རིམ་པའི་གསར་འགྱུར་ཐོག་ལྷ་བཟོ་ལེགས་སྨོན་སྐོར་བཀོད་འདུག

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-13





བོད་ཀྱི་ལྷ་རིས་པ་ལེགས་སྨོན་ཀྱིས་རི་མོ་འབྲི་བཞིན་པ།
         བོད་ཀྱི་ལྷ་རིས་པ་ཞིག་གིས་བོད་རིགས་སློབ་མ་བཅུ་ཕྲག་འགའ་ཁྲིད་དེ་ཁྲེན་ཏུའུ་ཡི་སྡོད་ཁུལ་ཞིག་ཏུ་སླེབས་པ་དང་།སྒྱུ་རྩལ་ལམ་ནས་སྡོད་ཁུལ་འཆམ་མཐུན་དང་དེ་བས་མཐུན་སྒྲིལ་དང་འཁྲུག་ཆ་དོད་པ་ཞིག་ཏུ་བསྒྱུར།ད་ལོར་ལོ་ན་50ལོན་པའི་ལེགས་སྨོན་ནི་ཀྲུང་གོ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གཉན་ལུང་ཡུལ་ཤོག་ཏུ་སྐྱེས་པའི་ལྷ་རིས་པ་ཞིག་ཡིན་ལ།དེ་ཡང་ཐང་ག་ནི་ཀྲུང་གོའི་བོད་ཀྱི་རིག་གནས་ལས་ཁྱད་ཏུ་འཕགས་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་སྟེ།མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཅིང་ཆོས་ལུགས་ཀྱི་ཚོན་མདངས་རྣམ་པར་བཀྲ་བའི་ཐུན་མིན་གྱི་སྒྱུ་རྩལ་ཞིག་ཡིན་ལ།རྒྱལ་ཡོངས་སུ་ཀརྨ་སྒ་བྲིས་ལུགས་ཀྱི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་གཉིས་མ་གཏོགས་མེད་དེ།ལེགས་སྨོན་དེ་གཉིས་ལས་གཅིག་ཡིན།



ལེགས་སྨོན་གྱི་ཚབ་མཚོན་ཐང་ག《སློབ་དཔོན་པདྨ་འབྱུང་གནས།》

    2004ལོར་ལེགས་སྨོན་གྱིས་སློབ་མ་རྣམས་ཁྲིད་དེ་ཁྲེན་ཏུའུ་གྲོང་ཁྱེར་ཝུའུ་ཧུའོ་ཆུས་ཅིན་དབྱང་སྲང་ལམ་ཅི་ཧྥུའུ་སྡོད་ཁུལ་དུ་སླེབས།ཅི་ཧྥུའུ་སྡོད་ཁུལ་གྱི་རྒྱུན་སྡོད་མི་གྲངས་ཁྲི་3ལྷག་ཡོད་དེ།མང་ཤོས་ནི་རྒྱ་རིགས་དང་དེ་མིན་གཞན་བོད་རིགས་དང་།ཆའང་རིགས།ཧུའེ་རིགས།སོག་རིགས་སོགས་གྲངས་ཉུང་མི་རིགས་མི་གྲངས་ཆིག་སྟོང་ལྷག་ཀྱང་ཡོད།
    ལེགས་སྨོན་ཐོག་དང་པོར་སྡོད་ཁུལ་དུ་སླེབས་སྐབས།སྡོད་ཁུལ་གྱི་ཡུལ་མི་རྣམས་ཀྱིས་ཁོ་ལ་ཆ་རྒྱུས་ཅི་ཡང་མེད་ཅིང་།ལྷག་པར་དུ་བྱིས་པ་འདི་འདྲ་མང་པོ་ཞིག་ཁྲིད་ཡོང་དོན་ཅི་ཡིན་མི་ཤེས།དེ་བཞིན་ཅིན་དབྱང་སྲང་ལམ་གྱིས་ཆེད་དུ་འབྲེལ་ཡོད་ལས་མི་མངགས་ཏེ་ཁོའི་གམ་དུ་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་དུས།ཁོ་ཚོས་ད་གཟོད་ལེགས་སྨོན་གྱི་བྱིས་པ་དེ་ཚོར་ཐང་ག་འབྲི་སྲོལ་ཁྲིད་པའི་གནས་ཞིག་འཚོལ་བཞིན་པ་ཤེས།

 

ལེགས་སྨོན་གྱི་ཚབ་མཚོན་ཐང་ག《གླིང་རྗེ་གེ་སར་རྒྱལ་པོ།》
    ལེགས་སྨོན་ལོ་ན་7སོན་པ་ནས་བཟུང་རང་གི་ཕ་ལགས་ཀྱི་མདུན་ནས་ཐང་ག་འབྲི་སྦྱོང་གི་འགོ་བརྩམས་པ་དང་།ཉིན་བཞིན་དུ་བྲིས་རྩལ་ཇེ་བཟང་དུ་འགྲོ་བ་དང་བསྟུན་ནས་ཁོ་རང་གིས་དགེ་རྒན་མིང་གྲངས་ཅན་ཞིག་ལ་བསྟེན་འདོད་པས།ཐབས་ལམ་མང་པོ་བཙལ་མོད་དགེ་རྒན་ཡག་མོ་ཞིག་དང་འཕྲད་པའི་གོ་སྐབས་མ་རྙེད།སྐབས་དེར་ཁོ་རང་གིས་རྗེས་ཕྱོགས་ནར་སོན་ན་རང་ཉིད་དགེ་རྒན་བཟང་པོ་ཞིག་བྱེད་དགོས་པའི་འདུན་པ་བརྟན་པོ་བཅངས།མི་ལོ་བཅུ་ཕྲག་ལྷག་ལ་དཀའ་སྤྱད་འབད་བརྩོན་བརྒྱུད་ཁོ་རང་ཡང་ལྷ་རིས་པ་གྲགས་ཅན་ཞིག་ཏུ་གྱུར་ཏེ།རང་གི་མདུན་དུ་རི་མོ་འབྲི་སྦྱོང་བྱེད་དུ་སུ་ཡོང་ཡང་གཅིག་ཀྱང་ཕྱིར་མི་འདེད་པར་མ་ཟད་རིན་མེད་སྒོས་ཁྲིད་སྟོན་བྱས།ཆེས་ཐོག་མར་ཁོའི་མདུན་ས་ནས་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་མང་ཤོས་ཤིག་སི་ཁྲོན་བོད་ཁུལ་གྱི་དབུལ་ཕོངས་ཞིང་འབྲོག་ཁྱིམ་ཚང་གི་བྱིས་པ་ཡིན་ཏེ།ཟས་རིན་དང་སྡོད་གནས་བཀོད་སྒྲིག་བྱས་ཡོད་པར་མ་ཟད།གཟའ་འཁོར་རེར་མི་རེར་སྒོར་50རེ་ཡོད་དེ།དེ་དག་ཚང་མ་ལེགས་སྨོན་ཁོ་རང་གི་རི་མོ་བཙོང་བའི་ཡོང་འབབ་ལས་གཅོག་བཞིན་ཡོད།
    ཁོ་རང་སྡོད་ཁུལ་དེར་སླེབས་པ་ནས་བཟུང་རྒྱ་རིགས་དང་མི་རིགས་གཞན་པའི་སློབ་མར་རི་མོ་འབྲི་སྦྱོང་ཁྲིད་སྟོན་བྱས།དགེ་རྒན་རང་དང་སློབ་མ་རྣམས་རི་མོ་ལ་མཁས་ཤིང་ད་དུང་གླུ་ལེན་བྲོ་འཁྲབ་ལ་དགའ་བས།སྡོད་ཁུལ་གྱིས་རྩ་འཛུགས་འོག་ཁོ་ཚོས་མི་རིགས་མཐུན་སྒྲིལ་གླུ་གར་ཚོགས་པ་དང་ཁྲིམས་ལུགས་དྲིལ་བསྒྲགས་ཚོགས་པ་བཙུགས་ཏེ།སློབ་མ་རྣམས་མི་རིགས་མཐུན་སྒྲིལ་རང་འདུན་པ་རུ་གྱུར།

 
ལེགས་སྨོན་གྱིས་སློབ་མར་སློབ་ཁྲིད་བྱེད་བཞིན་པ།
    2013ལོར།ཅིན་དབྱང་སྲང་ལམ་གྱིས་སྨི་གྲུ་བཞི་མ་300ཡས་མས་ཅན་གྱི་བྱེད་སྒོ་སྤེལ་ཡུལ་རིན་མེད་སྒོས་ལེགས་སྨོན་ལ་སློབ་ཁྲིད་བྱེད་ཡུལ་དུ་གཡར་ཏེ།སྲང་ལམ་གྱིས་གཙོ་སྒྲུབ་བྱས་ཤིང་ཅི་ཧྥུའུ་སྡོད་ཁུལ་གྱིས་འགན་སྒྲུབ་བྱས་པའི་ཅིན་དབྱང་སྲང་ལམ་མི་རིགས་རིག་གནས་ཁྱིམ་གཞིས་ཞེས་པ་བཙུགས་ཏེ།ས་གནས་གཏན་འཁེལ་དུ་གྱུར་རྗེས་སློབ་མ་ཡང་ཇེ་མང་དུ་གྱུར་ཏེ།ད་ལྟ་དགེ་རྒན་ཁོང་ཉིད་ལ་རྒྱ་རིགས་དང་བོད་རིགས།ཧུའེ་རིགས།དབྱིས་རིགས།སོག་པོའི་རིགས།དེ་མིན་ཐའེ་ཝན་དང་ཞང་ཀང་སོགས་ཀྱི་སློབ་མ་50ལྷག་ཡོད།

ལེགས་སྨོན་གྱིས་སློབ་མར་སློབ་ཁྲིད་བྱེད་བཞིན་པ

    ལེགས་སྨོན་གྱིས་བཤད་རྒྱུར།ཐང་ག་སྦྱང་མཁན་ཅི་འདྲ་མང་ན།ལག་རྩལ་འདི་དེ་བས་རྒྱུད་འཛིན་ཡག་པོ་དང་དར་སྤེལ་གཏོང་ཐུབ་ཟེར།
    རྒྱུས་ལོན་བྱས་པ་ལྟར་ན།གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོགམིག་སྔར་སློབ་མ་རྣམས་རང་རང་གི་ཁྱིམ་དུ་བསྡད་ཡོད་ལ།ལེགས་སྨོན་གྱིས་ཀྱང་དྲ་ཐོག་སློབ་ཁྲིད་བྱེད་བཞིན་ཡོད་ལ།འཕྲིན་ཕྲན་བརྒྱུད་ནས་སློབ་མ་རྣམས་ལ་རི་མོ་སློབ་ཁྲིད་བྱེད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1