གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༣ཉིན།

ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་དང་། འཛམ་གླིང་རང་བཞིན་གྱི་དོན་སྙིང་།


—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་སྐོར་གླེང་བ།
 
     འདི་ལོ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་ཟིན་རྗེས་རང་རྒྱལ་གྱི་མི་འབོར་དབུལ་པོ་དུང་ཕྱུར་1ཡས་མས་དབུལ་སྒྲོལ་ཐུབ་ནས་ལོ་10སྔ་སྣུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་གཏོང་བའི་གྲོས་རིམ་ནང་གི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་ཡིན་པ་དང་། འཛམ་གླིང་ཐོག་གི་རྒྱལ་ཁབ་གང་འདྲ་ཞིག་གིས་ཀྱང་དུས་ཡུན་ཐུང་ངུ་དེ་འདྲའི་ནང་མི་མང་པོ་དེ་འདྲར་དབུལ་སྒྲོལ་བྱེད་རོགས་བྱེད་མི་ཐུབ་པས། དེ་ལས་ཀྲུང་གོ་དང་འཛམ་གླིང་ཚང་མར་དོན་སྙིང་གལ་ཆེན་ལྡན་ཡོད།
     དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནི་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཐོག་མཇུག་བསྡུའི་ལོར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས། ལས་དོན་ཁག་གི་ལས་འགན་དེ་བས་ལྕི་བ་དང་བླང་བྱ་དེ་བས་མཐོ་བ་ཡོད་པའི་ནན་བཤད་གནང་བ་དང་། ང་ཚོར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཡིད་ཆེས་བརྟན་གཏོང་དང་འབད་འབུངས་ལྷོད་མེད་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་དང་། ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཚང་མར་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་བྱ་གཞག་དེ་ལེགས་གྲུབ་མཐའ་གཅིག་ཏུ་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་2020ལོར་སླེབས་སྐབས་རང་རྒྱལ་གྱིས་ད་ཆ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པ། ཁུལ་ཁོངས་རང་བཞིན་གྱི་དབུལ་པོ་ཧྲིལ་པོ་མེད་པ་བཟོ་བ་བཅས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་རྒྱུ་གཞིར་བཟུང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དཀའ་སེལ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་ཡོད། མིག་སྔའི་གནས་ཚུལ་ལ་བལྟས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཟིན་ལ་ཉེ་བ་དང་། མང་ཚོགས་དབུལ་པོའི་ཡོང་འབབ་ཆུ་ཚད་ཚད་གཞི་མཐོན་པོས་མཐོ་རུ་ཕྱིན་པ། ས་ཁུལ་དབུལ་པོའི་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ། ས་ཁུལ་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་མངོན་གསལ་དོད་པོས་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་པ། དབུལ་པོ་བཅོས་སྐྱོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་ལས། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཇུས་གཞི་དང་གྲུབ་འབྲས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཡོངས་ཁྱབ་ཏུ་བྱུང་ཡོད།
     དབུལ་པོར་འགོག་རྒོལ་བྱེད་པ་ནི་གནའ་དེང་གི་རྒྱལ་ཁབ་ཕྱི་ནང་གང་དུ་ཡང་རྒྱལ་སྲིད་སྐྱོང་བའི་དོན་ཆེན་ཞིག་རེད། དབུལ་པོ་མེད་པ་བཟོ་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། རིམ་བཞིན་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བཅས་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་རེད་ལ། རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་གྱི་དགོས་ངེས་ཀྱི་བླང་བྱ་ཡང་རེད། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་གཞི་ཁྱོན་ཆེ་བའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་བར། ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པས། རྩོད་ཐབས་བྲལ་བའི་སྒོ་ནས་འཛམ་གླིང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་པ་ལས་ཀྲུང་ཧྭ་མི་རིགས་ལ་ལོ་ངོ་བརྒྱ་སྟོང་ནས་ཡོད་པའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ང་ཚོ་མི་རབས་དེའི་ལག་ནས་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཐུབ་རྒྱུ་རེད། ད་ཆ། དབུལ་སྒྲོལ་འགག་སྒྲོལ་མཐའ་མའི་འགག་རྩའི་དུས་སུ་སླེབས་ཡོད་པས། ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ནས་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་བར་འཕྲད་པའི་དཀའ་ཚེགས་དང་འགྲན་སློང་སྔར་བཞིན་ཆེན་པོ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་རང་འགན་གཙང་སྒྲུབ་དང་ལས་འགན་ཆུད་ཟོས་སུ་མི་གཏོང་བར། རིམས་ནད་ཀྱི་ཤུགས་རྐྱེན་ཚད་གཞི་དམའ་ཤོས་སུ་ཚོད་འཛིན་ཧུར་ཐག་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་འབད་བརྩོན་བྱས་ཏེ། ལོ་རྒྱུས་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས།
     དབུལ་པོ་མེད་པར་བཟོ་བ་ནི་གནའ་སྔ་མོ་ནས་མིའི་རིགས་ཀྱིས་ཉིན་མཚན་ཀུན་ཏུ་རེ་སྙེག་བྱེད་པའི་ཕུགས་འདུན་ཞིག་ཡིན་པ་དང་། འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་དབུལ་པོ་ཉུང་གཏོང་བྱ་གཞག་གི་ཧུར་བརྩོན་ཆེ་བའི་དར་སྤེལ་གཏོང་མཁན་དང་ནུས་ཤུགས་ལྡན་པའི་སྐུལ་སྤེལ་གཏོང་མཁན་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་རང་རྒྱལ་གྱིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བརྗིད་ཉམས་ཆེ་ཤོས་ཀྱི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་འགོ་བཙུགས་ནས། མིའི་རིགས་ཀྱིས་དབུལ་པོར་འགོག་རྒོལ་བྱེད་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་པ་རེད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་དུ་ཀྲུང་གོ་ཁོ་ནས་འཕེལ་རྒྱས་མྱུར་པོ་དང་གཞི་ཁྱོན་ཆེ་བའི་དབུལ་པོ་ཉུང་གཏོང་དུས་གཅིག་ཏུ་མངོན་འགྱུར་བྱས་ནས། མི་འབོར་དབུལ་པོ་དུང་ཕྱུར་1ཡས་མས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ་དང་། མི་དུང་ཕྱུར་14མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་རེད། དེ་ནི་ཧ་ལས་དགོས་པའི་མི་ཡུལ་གྱི་ངོ་མཚར་ཞིག་དང་ཀྲུང་གོས་མིའི་རིགས་འཕེལ་རྒྱས་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་རླབས་ཆེན་ཞིག་ཀྱང་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤོབས་པ་བྱེད་འོས་པ་ཞིག་རེད། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འགོད་དགོས་ངེས་ཡིན།
     “དང་པོ་སྒྲུབ་དུས་མངོན་ཆུང་ཡང་། ལེགས་གྲུབ་ཐུབ་དུས་དོན་སྙིང་ཆེ” ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཡིད་ཆེས་བརྟན་གཏོང་དང་། ངར་ཤུགས་གཅིག་སྒྲིམ། དམག་ཧྲག་དཔུང་འཇུག གྲོང་རྒོལ་མཁར་གཏོར་བཅས་བྱས་ཏེ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱས་ཐོག མིའི་རིགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རླབས་ཆེན་ངོ་མཚར་རྩོམ་དགོས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1