ཞི་ཅིན་ཕིང་གི་བཀའ་ལྟར་ཨམ་གཙིགས་བསྡམས་ནས་དམག་འཐབ་མཐའ་འཁྱོངས་བྱེད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-13



          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚེས་10ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་སྐབས། ཧུའུ་པེ་དང་ཝུའུ་ཧན་ནི་ཐེངས་འདིའི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ཀྱི་གལ་ཆེའི་ནང་གི་འགངས་ཆེན་དང་རྒྱལ་ཕམ་ཐག་གཅོད་བྱེད་སའི་ས་ཆ་ཞིག་རེད། ནད་ཡམས་སྔོན་འགོག་ཚོད་འཛིན་དེ་མུ་མཐུད་མིག་སྔའི་གལ་ཆེ་ཤོས་ཀྱི་ལས་དོན་ལ་བརྩིས་ཐོག གོ་མེད་ཚོར་མེད་དུ་མི་སྡོད་པ་དང་། དཀའ་འཐབ་ལ་ཞེན་པ་མི་ལོག་པ། ལྷོད་གཡེང་མི་བྱེད་པ་བཅས་ཀྱི་ཐོག་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་དངོས་འཛིན་བྱས་ནས། ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་། ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་སྟོན་གནང་ཡོད། དེའི་ཐད་ཚང་མས། ཡང་འབད་བསྐྱར་འབད་དང་། ལས་ཀ་བྱེད་མཁས་པོ་བྱས་ནས། ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐར་ཕྱིན་པ་ལེན་རྒྱུ་ཡིན་ཞེས་བཤད་ཡོད།
          སྨན་དོན་མི་སྣ་ནི་ནད་ཡམས་ལས་རྒྱལ་བར་བྱེད་པའི་སྟོབས་ཤུགས་གལ་ཆེ་ཤོས་དེ་ཡིན། ཧོ་ཧྲེན་ཧྲན་སྨན་ཁང་བཀོད་འདོམས་ལྟེ་གནས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་དཔྱད་སྟེགས་བུ་བརྒྱུད་ནས། ནད་ཁུལ་དུ་ལས་དོན་སྒྲུབ་བཞིན་ཡོད་པའི་སྨན་དོན་མི་སྣ་དང་བརྙན་མཐོང་འབྲེལ་བ་གནང་བ་དང་། ཁོ་ཚོའི་ལས་དོན་དང་འགན་སྲུང་གི་གནས་ཚུལ་བཀའ་འདྲི་ཞུས་གནང་འདུག ཁོང་གིས་སྨན་དོན་མི་སྣ་ནི་ཆེས་མཛེས་པའི་ལྷ་ཡི་ཕོ་ཉ་ལྟ་བུ་དང་། དོན་ངོ་མའི་དཔའ་བོ་རེད་ཅེས་བསྔགས་བརྗོད་གནང་བ་རེད། དེས་ཧོ་ཧྲེན་ཧྲན་སྨན་ཁང་གི་འཐབ་ས་དང་པོར་ཕྱག་ལས་གནང་མཁན་སྨན་དོན་མི་སྣར་དྲོ་སྐྱིད་ཀྱི་ཚོར་སྣང་བྱུང་བ་དང་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད། འགོ་ནད་ཚན་ཁག་དང་པོའི་ནད་ཁུལ་དང་པོའི་ཀྲུའུ་རེན་ལི་ཆི་ཡིས། ང་ཚོས་ངེས་པར་དུ་ཀྲུའུ་ཞིའི་བཀའ་ལྟར། ཚན་རིག་དང་མཐུན་པའི་ངང་སྨན་བཅོས་བྱ་རྒྱུ་ཡིན་ལ། ནད་ཚབས་ཆེ་བའི་ནད་པ་འགའ་རེར་ཡང་ང་ཚོས་ལག་རྩལ་དང་སྨན་བཅོས་བྱ་ཐབས་གསར་པ་སྤྱད་ཡོད། དེའི་ནང་ཕྲ་ཕུང་ཨ་མའི་ལག་རྩལ་དང་། ཁེ་ལུང་འདྲ་བཟོ་རྐྱང་པའི་འགོག་གཟུགས་ཉེར་སྤྱོད་ཚུད་ཡོད། དེའི་ནང་ད་དུང་དྲག་སྐྱེད་བྱུང་བའི་མིའི་ཁྲག་ཁུ་ནད་པར་བླུག་པ་དང་། ནད་ཐོག་ཏུ་ཚོད་ལྟ་བྱེད་བཞིན་པའི་ནད་དུག་འགོག་པའི་སྨན་རྫས་ཁག་གཅིག་བཏོན་ཐོག བྱང་ཆུབ་བའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ནད་པར་ཞབས་ཞུ་བྱས་ནས། ནད་པ་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བ་དང་། ལུས་བདེ་སེམས་སྐྱིད་ངང་ཧོ་ཧྲེན་ཧྲན་སྨན་ཁང་ནས་ཐོན་ཐུབ་པ་བྱེད་བཞིན་ཡོད་ཅེས་གསུངས་འདུག
          ཞི་ཅིན་ཕིང་གིས། སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་དེ་ཨང་དང་པོར་འཇོག་དགོས་པ་དང་། ཚན་རིག་དང་མཐུན་པའི་ངང་གནད་འཕིགས་སྐྱོབ་བཅོས་བྱ་རྒྱུའི་ཐད་ཤུགས་བརྒྱབ་ནས། གང་ཐུབ་ཅི་ཐུབ་ཀྱིས་ནད་པ་དྲག་ཚད་མཐོ་རུ་གཏོང་བ་དང་། ནད་པ་འཆི་ཚད་ཉུང་དུ་གཏོང་དགོས་ཞེས་བསྟན་ཡོད། ཧོ་ཧྲེན་ཧྲན་སྨན་ཁང་གི་འགོ་འཛིན་གཞོན་པ་ལེའུ་པིང་གིས། མིག་སྔར་ཧོ་ཧྲེན་ཧྲན་སྨན་ཁང་གིས་དུས་ཚོད་དམ་འཛིན་གྱིས་དེའི་གོང་གི་སྐྱོབ་བཅོས་བྱས་པའི་ཉམས་མྱོང་ལ་དབྱེ་ཞིབ་དང་། ཚན་ཞིབ་ཐོན་ཁུངས་ཀྱི་དོ་དམ་དང་གཅིག་གྱུར་འཆར་འགོད་ལ་དམ་འཛིན་གྱིས། སྨན་བཅོས་བྱ་ཐབས་དེ་བས་མང་བ་དང་དེ་བས་ཡག་པ་འདོན་ཐུབ་པ་བྱེད་བཞིན་ཡོད། ཀྲུང་ལུགས་གསོ་རིག་གི་ཆེད་མཁས་ཚོགས་པ་དང་། སེམས་ཁམས་རིགས་གཅིག་མཁས་པའི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱེད་པ། ཚན་ཞིབ་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུར་དམ་འཛིན། ནད་ཐོག་ཚན་ཞིབ་རོགས་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། ཐོག་མཐའ་བར་གསུམ་དུ་རྒྱུན་མཐུད་གཡུལ་འགྱེད་ཀྱི་གདོངས་མཆོངས་རྣམ་འགྱུར་བཅངས་ཐོག གྲུབ་འབྲས་དེ་བས་ཡག་པའི་ཐོག་ནས་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཁྱོན་ཡོངས་ནས་ཐོབ་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག
          མིག་སྔར། ནད་ཡམས་འགོས་ཁྱབ་འགྲོ་བའི་སྣང་ཚུལ་ལ་རྩ་བའི་ཆ་ནས་བཀག་འགོག་ཐུབ་པ་དང་། སྔོན་འགོག་ཚོད་འཛིན་གྱི་དུས་བབ་རིམ་པས་ལེགས་སུ་འགྲོ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ནད་ཡམས་སྔོན་འགོག་ཚོད་འཛིན་དེ་འགག་རྩའི་དུས་སྐབས་ལ་སླེབས་པས། ལྷོད་གཡེང་གཏན་ནས་བྱ་མི་རུང་བ་དང་། ངར་ཤུགས་རབ་འཕེལ་དང་། ཨམ་གཙིགས་བསྡམས་ནས། འབད་འརྩོན་མཐའ་འཁྱོངས་བྱེད་པ་དང་། ཕྲག་པ་མི་གློད་པ། སྒྱིད་པ་མི་ལུག་པ་བཅས་བྱེད་པ་དང་། མདུན་གྱི་གྲུབ་འབྲས་ཆུད་ཟོས་སུ་གཏོང་མི་རུང་ཞེས་ནན་སྟོན་གནང་ཡོད། ཨན་ཧུའེ་ཞིང་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་དང་པོའི་རུ་མི། ཨན་ཧུའེ་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པའི་དབང་རྩའི་ཕྱི་ནད་ཚན་ཁག་གི་ནད་ཚབས་ཆེ་བའི་ནད་པ་ལྟ་སྐྱོང་ཁང་གི་སྨན་ཞབས་ཝང་ཆི་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་སེམས་ཤུགས་རབ་ཏུ་འཕེལ་སོང་ལ། རང་ཉིད་ཀྱི་རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་སོང་། སྤྱི་ཁྱབ་ཧྲུའུ་ཅིས། འཐབ་ས་དང་པོའི་སྨན་དོན་མི་སྣ་རྣམས་དཀའ་ལས་ཁག་ཤོས་རེད། ཁོ་ཚོ་ནི་དུས་རབས་གསར་པའི་ཆེས་གཅེས་པར་འོས་པའི་མི་རེད་ཅེས་གསུངས་སོང་། དེ་ནི་ང་ཚོས་ཝུའུ་ཧན་དུ་ཉིན་བཞི་བཅུ་ལྷག་འབད་འཐབ་བྱས་པར་ཐོབ་པའི་བསྔགས་བརྗོད་ཆེ་ཤོས་དེ་རེད། སླད་ཀྱི་ཉིན་འགའི་ནང་ང་རང་མུ་མཐུད་ཝུའུ་ཧན་ཅིན་ཡིན་ཐན་སྨན་ཁང་གི་ICUནད་ཁང་དུ་ལས་ཀ་བྱས་ནས་བསྡད་དེ། ལྷོད་གཡེང་མི་གཏོང་བ་དང་། འབད་བརྩོན་མཐའ་འཁྱོངས་ཀྱི་ཐོག་ནས། ནད་པ་མི་རེ་ངོ་རེར་ལྟ་སྐྱོང་ཡག་པོ་བྱ་རྒྱུ་ཡིན། ནད་ཡམས་ཕྱིར་འཐེན་མ་བྱས་ན་ང་ཚོས་ཕྱིར་འཐེན་བྱེད་མི་སྲིད། ང་ཚོས་མཐའ་མཇུག་གི་རྒྱལ་ཁའི་ཉིན་མོ་བར་ལས་གནས་བརྟན་སྲུང་བྱས་ནས་སྡོད་རྒྱུ་ཡིན་ཞེས་གསུངས་འདུག
          སྡེ་ཁུལ་ནི་ནད་ཡམས་མཉམ་འབྲེལ་ཐོག་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་གནད་དེ་རེད། ཝུའུ་ཧན་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་ལས་དོན་པ་དང་། གཞི་རིམ་མི་དམངས་ཉེན་རྟོག་པ། འཕྲོད་བསྟེན་ཞབས་ཞུ་ས་ཚིགས་ཀྱི་སྨན་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་སོགས་དང་བྱམས་བརྩེའི་བཀའ་མོལ་གནང་ཡོད། ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ཏང་ཀྲེ་པུའུ་ཧྲུའུ་ཅི། གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཐའོ་ཅུའུ་ཏིས་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ཚང་མས་སྡེ་ཁུལ་གྱི་ལས་ཀ་དཀའ་ལས་ཁག་པོ་ཡིན་པ་ཤེས་ཀྱི་ཡོད། ངས་ཤེས་རྗེས་གཞི་རིམ་དུ་ཡོང་གི་ཡོད་ཅེས་གསུངས་སོང་། བཀའ་མོལ་དེ་ཐོས་རྗེས་ངའི་སེམས་ཤུགས་རབ་ཏུ་འཕེལ་སོང་། ང་ཚོས་ངེས་པར་དུ་ལས་ཀ་ཡག་པོ་སྒྲུབ་པ་དང་། ཤུགས་བརྒྱབ་ནས་ལས་ཀ་བསྒྲུབ་དགོས། ད་ཐེངས་ནི་རིམས་འགོག་དམག་འཐབ་ཡིན་པས་ངེས་པར་དུ་དམག་འཐབ་འདི་མཐའ་འཁྱོངས་བ་བརྒྱབ་ནས། གྲོང་མི་རྣམས་ཁྱིམ་ནང་བློ་བདེ་བག་ཕེབས་ངང་བསྡད་ཆོག་པ་དང་། གང་མགྱོགས་བཀག་སྡོམ་ཚོད་འཛིན་ལས་གྲོལ་ཐུབ་རྒྱུར་འགན་སྲུང་བྱ་རྒྱུ་ཡིན། དེ་ནི་ང་ཚོའི་འདུན་པ་ཆེ་ཤོས་དེ་ཡིན་ཞེས་གསུངས་འདུག
          ནད་ཡམས་ཐོན་རིང་། ཤིན་ཁྲེང་སྡེ་ཁུལ་དུ་སྡོད་མཁན་ལོ་རབས་དགུ་བཅུ་པའི་རྗེས་སྐྱེས་སློབ་ཆེན་སློབ་མ་ཤེ་ཞའོ་ཡུས་དང་བླངས་པའི་ནང་ཞུགས་པ་དང་། སྡེ་ཁུལ་གྱི་གྲོང་མིའི་རྒྱུན་གཏན་འཚོ་བའི་ཐད་ཀྱི་གནད་དོན་སེལ་རོགས་བྱེད་བཞིན་ཡོད། ཁོང་མོས་སྤྱི་ཁྱབ་ཧྲུའུ་ཅིར་རང་ཉིད་ཀྱི་དང་བླངས་ཞབས་ཞུའི་གནས་ཚུལ་སྙན་སེང་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཀྱིས་ཁོང་མོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད། ཁོང་གིས། བག་ཆགས་ཟབ་ཤོས་ནི་སྤྱི་ཁྱབ་ཧྲུའུ་ཅིས། སྨན་དོན་མི་སྣ་མང་པོ་ཞིག་ནི་ལོ་རབས་དགུ་བཅུ་པའི་རྗེས་སྐྱེས་གཞོན་ནུ་དང་། 1995ལོའི་རྗེས་སུ་སྐྱེས་པའི་གཞོན་ནུ་ཡིན་པ་མཐོང་བྱུང་། གཞོན་ནུ་མང་པོ་ཞིག་ལ་ཡང་དཀའ་ངལ་ལ་མི་སྐྲག་པར་འཐབ་ས་དང་པོར་བསྐྱོད་ནས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལྡན་པའི་མྱོང་ཚོར་བྱུང་ཞེས་པ་དེ་རེད། དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། རང་ཉིད་ཀྱི་ལས་དོན་ལ་ཁས་ལེན་ཐོབ་བྱུང་། མ་གཞི་ངས་སྒྲུབ་པ་ནི་སྡེ་ཁུལ་གྱི་རྨང་གཞིའི་ལས་དོན་དེ་འདྲ་རེད། ཡིན་ནའང་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཆོག་ཅེས་གསུངས་འདུག
          ནད་ཡམས་སྔོན་འགོག་ཚོད་འཛིན་དེ་འགག་རྩའི་དུས་ལ་སླེབས་ཡོད་པས་ངེས་པར་དུ་ཨམ་གཙིགས་བསྡམས་ནས་རྒྱུན་འཁྱོངས་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འདི་ནི་མི་དམངས་ཀྱི་དམག་འཐབ་ཅིག་ཡིན་པས། མི་དམངས་ཚང་མས་ཆོད་སེམས་བརྟན་པོ་འཆང་བ་དང་། ཕྱར་བ་གྲུ་འདེགས་བྱ་དགོས། རྒྱུན་འཁྱོངས་ཐུབ་ན་རྒྱལ་ཁབ་ཐོབ་ངེས་ཞེས་བསྟན་ཡོད། དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ནས་ནད་ཡམས་ལས་རྣམ་པར་རྒྱལ་བ་བྱེད་པའི་ཆོད་སེམས་དང་སེམས་ཤུགས་བརྟན་དུ་བཏང་ཡོད། ཝུའུ་ཧན་གྲོང་ཁྱེར་ཆིང་ཧྲན་ཁུལ་ཀྲེ་ཅན་ཧྭ་ཡོན་སྡེ་ཁུལ་གྱི་གྲོང་མི་ཧུའུ་ཧྲེན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་གཅིག་གིས་ང་ལ་བག་ཆགས་གཏིང་ཟབ་བཞག་བྱུང་། དེ་ཡང་ཁོང་གིས་ང་ཚོས་ད་རེས་ངེས་པར་དུ་ཝུའུ་ཧན་དུ་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་བྱས་ནས། ནད་ཡམས་འདི་ལས་རྣམ་པར་རྒྱལ་བ་བྱ་དགོས་ཞེས་གསུངས་པ་དེ་ཡིན། ང་རང་ཝུའུ་ཧན་གྱི་གྲོང་མི་ཞིག་ཡིན་པའི་ཆ་ནས། ཝུའུ་ཧན་གྱི་དཔའ་བོའི་མི་དམངས་ནད་ཡམས་འདི་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ལ། མཐའ་མའི་རྒྱལ་ཁ་ངེས་པར་དུ་ལེན་དགོས། ཝུའུ་ཧན་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ལྟར་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ངེས་རེད་ཅེས་གསུངས་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1