གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༣ཉིན།

༄༅།།ཐོན་རྫས་ཀྱིས་གནོད་པའི་གྱོད་དོན།


གྱོད་དཔེ།
        གྲོང་ཁྱེར་གྱི་བྱང་ཁུལ་ན་གཞིས་སྡོད་བྱས་ཡོད་པའི་འཛད་སྤྱོད་པ་དོན་གྲུབ་ཀྱིས་སྤྱི་ལོ་2019ལོའི་ཟླ་12པའི་ནང་དུ། གྲོང་ཁྱེར་ནུབ་ཁུལ་གྱི་སྒོ་རྩིས་ཚོང་ར་ཞིག་ནས་གློག་དྲོད་ཁུག་མ་ཞིག་ཉོས། བློ་ཡུལ་ལས་འདས་པ་ཞིག་ལ། ཐེངས་དང་པོར་གློག་གསོག་ནས་བཀོལ་སྤྱོད་བྱེད་དུས་འབར་གས་བྱུང་བ་དང་། དེའི་ནང་གི་གཤེར་ཁུ་ཁོལ་མ་གང་སར་འཐོར་ནས་དོན་གྲུབ་ཀྱི་ལུས་ཕུང་གི་གནས་བཅུ་ལྷག་ལ་འཚིག་སྐྱོན་བཏང་། དོན་རྐྱེན་བྱུང་རྗེས་ཁོ་རང་སྨན་ཁང་དུ་སོང་ནས་ཟླ་དྲུག་གི་རིང་ལ་སྨན་བཅོས་བྱས་པ་དང་སྨན་ཡོན་ལ་སྒོར་10000ལྷག་བཏང་ཟིན་ཡང་ད་དུང་འཚིག་རྨས་དེ་དག་སངས་དྲག་ཏུ་མ་སོང་། དེ་ནས་དོན་གྲུབ་ཀྱིས་ཚོང་རྫས་དེའི་ཐོན་སྐྱེད་བྱེད་མཁན་དང་སྒོ་རྩིས་ཚོང་ར་གཉིས་ཀྱི་ཕྱོགས་ལ་འབྲེལ་གཏུག་ཐེངས་མང་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར། མཐར་ཁོ་རང་ཐབས་ཟད་ནས་གྲོང་ཁྱེར་བྱང་ཁུལ་གྱི་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ། ཐོན་སྐྱེད་བྱེད་མཁན་དང་སྒོ་རྩིས་ཚོང་ར་གཉིས་ཀྱིས་སྨན་རིན་དང་ལས་ཆག་བྱུང་བའི་གྱོང་གུད་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་ཞུས། ཡིན་ནའང་སྐབས་དེར་ཁྲིམས་དཔོན་གྱིས་དོན་གྲུབ་ལ་བཤད་རྒྱུར། ང་ཚོའི་ཁྲིམས་ཁང་ལ་གྱོད་དོན་འདི་བདག་སྤྲོད་བྱེད་དབང་མེད་པས་ཁྲིམས་ཁང་གཞན་པར་གཏུག་བཤེར་བྱ་དགོས་ཞེས་བཤད། འོ་ན། དོན་གྲུབ་ཀྱིས་ཇི་ལྟར་བྱས་ན་བཟང་།

ཁྲིམས་བཤད།
        མི་དམངས་ཁྲིམས་ཁང་གིས་འཛད་སྤྱོད་རྩོད་གཞིའི་གྱོད་དོན་ལ་ཞིབ་གཅོད་བྱེད་སྐབས། སྤྱིར་བཏང་གི་དམངས་དོན་གཏུག་བཤེར་གྱི་ལས་རིམ་ལྟར་བསྒྲུབ་དགོས། (དམངས་ཁྲིམས་གཏུག་བཤེར་བཅའ་ཁྲིམས)ཀྱི་དོན་ཚན་ཉེར་གཉིས་པའི་གཏན་ཁེལ་གཞིར་བཟུང་ན། སྤྱིར་བཏང་དུ་ས་ཁོངས་དོ་དམ་བྱེད་པའི་རྩ་དོན་ནི་གཏུག་མཁན་གྱིས་གཏུག་ཡུལ་དོ་དམ་ས་ཁོངས་སུ་གཏུག་བཤེར་བྱེད་པའི་རྩ་དོན་ལག་བསྟར་བྱེད་པ་ཡིན།
        དེ་ཡང་གསལ་པོར་བཤད་ན། གཏུག་ཡུལ་དེ་ཁྲིམས་ཁང་གང་གི་དོ་དམ་བདག་ཁོངས་སུ་གཏོགས་པ་ཡིན་ན། གཏུག་མཁན་ཁྲིམས་ཁང་དེ་གར་སོང་ནས་གཏུག་བཤེར་བྱ་དགོས་པ་དང་། གྱོད་དོན་བདག་སྤྲོད་བྱེད་དབང་ནི་གཏུག་ཡུལ་ཡོད་སའི་ཁྲིམས་ཁང་དེ་ལ་ཡོད་པ་ཡིན། གྱོད་དཔེ་འདིའི་ནང་དུ།《འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོང་བཅའ་ཁྲིམས།》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ན། དོན་གྲུབ་ཀྱིས་སྒོ་རྩིས་ཚོང་ར་དང་བཟོ་གྲྭ་གཉིས་ལས་གང་རུང་ཞིག་གཏུག་ཡུལ་དུ་བརྩིས་ཆོག་ལ། ཡང་ན་གཉིས་ཀ་གཞི་གཅིག་ཏུ་གཏུག་ཡུལ་ལ་བརྩིས་ནས་ཁྲིམས་ལྟར་གཏུག་བཤེར་བྱས་ཀྱང་ཆོག
        གལ་ཏེ་སྒོ་རྩིས་ཚོང་ར་གཏུག་ཡུལ་དུ་བརྩིས་པ་ཡིན་ཚེ། དོན་གྲུབ་ཀྱིས་གྲོང་ཁྱེར་ནུབ་ཁུལ་གྱི་ཁྲིམས་ཁང་ལ་གཏུག་བཤེར་བྱ་དགོས་ལ། བཟོ་གྲྭ་གཏུག་ཡུལ་དུ་བརྩིས་པ་ཡིན་ན་གྲོང་ཁྱེར་ལྷོ་ཁུལ་གྱི་ཁྲིམས་ཁང་ལ་གཏུག་བཤེར་བྱ་དགོས། ཡང་གལ་ཏེ་དེ་གཉིས་མཉམ་དུ་གཏུག་ཡུལ་དུ་བརྩིས་ཚེ་གྲོང་ཁྱེར་ནུབ་ཁུལ་དང་ལྷོ་ཁུལ་གྱི་ཁྲིམས་ཁང་གཉིས་ལས་གང་རུང་ལ་གཏུག་བཤེར་བྱ་ཆོག་ལ། ཁྲིམས་ཁང་དེ་གཉིས་ཀར་གྱོད་དོན་བདག་སྤྲོད་བྱེད་པའི་དབང་ཆ་ཡོད། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1