གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

ཚུལ་ཁྲིམས་བཟང་པོས་བྲིས་ཤིང་དཀོན་མཆོག་རྡོ་རྗེས་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༣ཉིན།

༄༅།། སྡེ་དགེ་དཔེ་ཝར་དགོན་པའི་ ལྡེབས་རིས་རྩ་ཆེན།


ཚུལ་ཁྲིམས་བཟང་པོས་བྲིས་ཤིང་དཀོན་མཆོག་རྡོ་རྗེས་པར་བླངས།
        དཔེ་ཝར་དགོན་པ་ནི་སྡེ་དགེ་རྫོང་དཔལ་སྤུངས་ཡུལ་ཤོག་དཔེ་ཁ་གྲོང་སྡེ་རུ་ཆགས་ཡོད་ལ། མཚོ་འཕགས་སྨི་3490ཡས་མས་ཡོད་ཅིང་། སྡེ་དགེ་རྫོང་མཁར་ལས་བར་ཐག་སྤྱི་ལེ་78དང་ཡུལ་ཤོག་སྲིད་གཞུང་ལས་བར་ཐག་སྤྱི་ལེ་10ཙམ་ཡོད། དགོན་པ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ས་སྐྱའི་གྲུབ་མཐའ་རུ་གཏོགས་ཤིང་། 1983ལོར་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཆོས་སྒོ་ཕྱེས་པ་དང་། ད་ལྟ་ཁུལ་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་དུ་ཚུད་ཡོད།
        དགོན་པ་འདི་བོད་རབ་བྱུང་གཉིས་པའི་ཆུ་ཕག་(སྤྱི་ལོ་1143ལོ་)ལོར། འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་ཞལ་སློབ་གཙོ་བོ་དཔལ་ལྡན་བྱང་ཆུབ་གླིང་པ་མཆོག་གིས་ཐོག་མར་ཕྱག་བཏབ། དགོན་པ་འདི་ཐོག་མར་འབྲི་གུང་བཀའ་བརྒྱུད་ཡིན་ཡང་། བོད་རབ་བྱུང་ལྔ་པའི་ལྕགས་སྟག་(སྤྱི་ལོ་1290ལོ་)ལོར། འབྲི་གུང་གླིང་ལོག་བྱུང་སྟེ་གྲུབ་མཐའ་ས་སྐྱ་པར་བསྒྱུར། རྗེས་སུ་སྡེ་དགེ་རྒྱལ་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་ལྷ་གསར་གཙུག་ལག་ཁང་སོགས་རྒྱས་བཞེངས་མཛད་པ་དང་། ད་ལྟའི་དཔེ་ཝར་སྤྲུལ་སྐུ་འཇམ་དབྱངས་བསོད་ནམས་དབང་པོ་མཆོག་གིས་ཉམས་གསོ་བསྐྱར་བཞེངས་མཛད།
        དགོན་པའི་བཟོ་སྐྲུན་གཙོ་བོ་ནི་ནང་བསྟན་སློབ་གླིང་དང་མཚམས་ཁང་། འཇམ་དབྱངས་ལྷ་ཁང་། གེ་སར་ལྷ་ཁང་སོགས་ཡོད། དགོན་པའི་ནང་དུ་གླིང་གེ་སར་རྒྱལ་པོའི་བློན་ཆེན་ཉ་ཚ་ཨ་བརྟན་གྱི་རལ་གྲི་དང་མདའ་གཞུ། ཁྲབ་རྨོག་སོགས་གཅེས་ཉར་བྱས་ཡོད། དུས་མཆོད་གཙོ་བོ་ནི། སྒྲོལ་མ་གཡུལ་བཟློག་དང་དབྱར་མཆོད། ཨོ་རྒྱན་པདྨའི་སྒྲུབ་མཆོད། འཇིགས་བྱེད་དྲུག་ཅུའི་གཏོར་བཟློག སྨྱུང་གནས་སོགས་ཡོད།

        ལྷ་གསར་གཙུག་ལག་ཁང་དུ་ད་ལྟའང་རང་སོར་གནས་པའི་ལྡེབས་རིས་རྩ་ཆེན་འབོར་ཆེན་གཅེས་ཉར་བྱས་ཡོད་ལ། དེ་དག་ནི་ཁམས་ཕྱོགས་ཀྱི་ཐང་གའི་ལག་རྩལ་གྱི་མཚོན་བྱེད་རི་མོ་ཤ་སྟག་ཡིན་ཞིང་། ལྡེབས་རིས་ཡོངས་སུ་རྫོགས་པ་རིན་ཆེན་གསེར་དང་རིན་ཐང་བྲལ་བའི་རྡོ་ཚོན་གྱིས་གྲུབ་ཅིང་ལག་རྩལ་གྱི་ཚགས་ཞིབ་པ་དང་མཛེས་ཉམས་དོད་པས་སྒྱུ་རྩལ་གྱི་རིན་ཐང་བླ་ན་མེད་པ་ལྡན་ནོ། །



སའི་སྙིང་པོ་རྣམ་གསུམ་གྱི་ལྡེབས་རིས།



ལྷ་མོ་དབྱངས་ཅན་མའི་ལྡེབས་རིས།



ཕྱག་ན་རྡོ་རྗེའི་ལྡེབས་རིས།



སྤྱན་རས་གཟིགས་ཀྱི་ལྡེབས་རིས།



འཇམ་པའི་དབྱངས། 




འཇམ་པའི་དབྱངས། 



སྐྱེ་རབས་ཀྱི་ཟུར་ཅིག



གནས་བརྟན་བཅུ་དྲུག་གི་ལྡེབས་རིས། 


དགྲ་བཅོམ་གནས་བརྟན་ཆེན་མོའི་ལྡེབས་རིས། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1