གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༦ཉིན།

དཔའ་བོའི་གྲོང་ཁྱེར་དང་དཔའ་བོའི་མི་དམངས།


      ཝུའུ་ཧན་ནི་དཔའ་བོའི་གྲོང་ཁྱེར་ངོ་གནོང་མི་དགོས་པ་ཞིག་རེད་ལ། ཝུའུ་ཧན་མི་དམངས་ནི་ངོ་གནོང་མི་དགོས་པའི་དཔའ་བོའི་མི་དམངས་རེད། ད་ཐེངས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་། ཝུའུ་ཧན་འདི་ཉིད་སླར་ཡང་དཔའ་བོའི་ལོ་རྒྱུས་དེབ་ཐེར་ནང་འཁོད་ཡོད།
      ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ། ཟླ་3ཚེས་10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཕེབས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་བ་མ་ཟད། འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་ལས་དོན་པ་དང་། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། སྡེ་ཁུལ་གྱི་ལས་དོན་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་གྱི་ལས་བྱེད་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ། གྲོང་མི་མང་ཚོགས་བཅས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་འཐབ་རྩོད་དྲག་པོ་འདིའི་ཁྲོད་དུ་ཝུའུ་ཧན་མི་དམངས་ཀྱིས་སྤྱི་ཡོངས་ཤེས་རྟོགས་དང་སྤྱི་ཡོངས་ལ་བསྟུན་ཏེ། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས། ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས་མངོན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚང་མ་ཁྱེད་ཚོའི་བྱ་སྤྱོད་ལ་སེམས་འགུལ་ཐེབས་རྒྱུ་མ་ཟད། ཚང་མའི་བསྔགས་བརྗོད་ཀྱང་ཐོབ་རྒྱུ་རེད། ཏང་དང་མི་དམངས་ཀྱིས་ཝུའུ་ཧན་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་ཕྲག་ཏུ་ཁུར་ནས་ཚོད་བགམ་ཐེག་པ། དེ་བས་ནན་པའི་སྤྱོད་ཚུལ་དང་དེ་བས་ཏན་ཏིག་གི་བྱེད་ཐབས་བཅས་ཀྱི་སྒོ་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དམིགས་སར་དོན་འཁྱོལ་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་བླང་བྱ་བཏོན་གནང་ཡོད།
     ཛ་དྲག་གི་རིམས་ནད་གནས་ཚུལ་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་གནང་བ་དང་འབྲེལ། ཆ་ཚང་ཤོས། ནན་ཤོས། མཐར་ཕྱིན་ཤོས་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱད་དེ། རིམས་ནད་མཆེད་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས། ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་རིམས་ནད་མི་འགོ་བ་བྱས་པ་མ་ཟད། གང་ཐུབ་ཅི་ཐུབ་ཀྱིས་ནད་པ་མང་པོའི་སྲོག་སྐྱོབ་ཐུབ་པ་བྱས་ཡོད། ཝུའུ་ཧན་ལ་མི་འབོར་མང་པོ་ཡོད་པས། གྲོང་ཁྱེར་བཀག་སྡོམ་བྱས་ནས་རིམས་ནད་མ་མཆེད་པར་བྱེད་པའི་དཀའ་ཚད་ཧ་ཅང་ཆེན་པོ་ཡོད། དེ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་གཏན་འབེབས་ཤིག་ཀྱང་རེད། ཝུའུ་ཧན་མི་དམངས་ཀྱིས་སྤྱི་ཡོངས་ཤེས་རྟོགས་དང་སྤྱི་ཡོངས་ལ་བསྟུན་པ་དང་། དཀའ་ཉེན་ལ་མི་སྐྲག་པ་དང་དཔའ་ངར་ཞུམ་མེད་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་ཀྱི་དགོས་མཁོར་རང་རྟོགས་ངང་བརྩི་སྲུང་ཞུས་པ་དང་རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནང་ཞུགས་ཏེ། ལེགས་སྐྱེས་ཆེན་པོ་ཕུལ་བར་བརྟེན། རྒྱལ་ཡོངས་དང་འཛམ་གླིང་ཡོངས་ཀྱིས་ཝུའུ་ཧན་མི་དམངས་ཀྱི་དཔའ་ངར་ཆེ་བའི་སྙིང་སྟོབས་དང་བླ་ན་མེད་པའི་སྤྱོད་ཚུལ་མཐོང་ཡོད། ཝུའུ་ཧན་མི་དམངས་ཀྱིས་བློས་གཏོང་དང་ལེགས་སྐྱེས་ཕུལ་བ་དང་ཝུའུ་ཧན་མི་དམངས་ཀྱིས་མཐའ་འཁྱོངས་དང་འབད་བརྩོན་བྱས་པ་བརྒྱུད། ད་ཆ་རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། ཝུའུ་ཧན་ནི་དཔའ་བོའི་གྲོང་ཁྱེར་ཞིག་རེད་ལ། ཝུའུ་ཧན་མི་དམངས་ནི་དཔའ་བོའི་མི་དམངས་ཤིག་ཡིན་པས། ལོ་རྒྱུས་ཐོག་གི་དཀའ་ཉེན་ཚང་མར་དཔའ་ཞུམ་མྱོང་མེད། ད་ཐེངས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་བཞག་པའི་བྱས་རྗེས་ཆེན་པོ་དེ། སླར་ཡང་ལོ་རྒྱུས་དེབ་ཐེར་ནང་འཁོད་ངེས་རེད། ད་ཐེངས་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་ཝུའུ་ཧན་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་ངང་གཞོགས་འདེགས་དང་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པའི་བྱ་སྤྱོད་དངོས་ལས། ཀྲུང་ཧྭ་མི་རིགས་ཀྱི་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་ཀྱི་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མངོན་ཡོད་ལ། ཤི་རྒྱུར་མི་སྐྲག་པའི་སྙིང་སྟོབས་དང་། འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས། སྤྱི་ཡོངས་ལ་བསྟུན་པའི་སྙིང་སྟོབས། ལེགས་སྐྱེས་འབུལ་ཕོད་པའི་སྙིང་སྟོབས་བཅས་ཀྱང་མངོན་ཡོད། སྙིང་སྟོབས་དེ་དག་ཚང་མ་ནི། ཀྲུང་ཧྭ་མི་རིགས་སྙིང་སྟོབས་ཀྱི་མངོན་ཚུལ་གལ་ཆེན་ཞིག་ཡིན་པ་དེ་ལས། རིམས་ནད་ལ་འགོག་རྒོལ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་ཀྲུང་གོའི་སྙིང་སྟོབས་མངོན་ཡོད།
     ཧུའུ་པེ་དང་ཝུའུ་ཧན་ནི། ད་ཐེངས་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་གལ་ཆེའི་ནང་གི་འགངས་ཆེ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་གནས་ཡིན་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཚང་མ་ཐོག་མཐའ་བར་གསུམ་དུ་ཧུའུ་པེ་དང་ཝུའུ་ཧན་གྱི་མི་དམངས་ཀྱི་ཕྱོགས་སུ་ལངས་ཡོད། ཏང་ཀྲུང་དབྱང་གིས་མཛུབ་ཁྲིད་ཚོགས་ཆུང་ཝུའུ་ཧན་དུ་བཏང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མཛུབ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། ཧུའུ་པེ་མི་དམངས་དང་ཝུའུ་ཧན་མི་དམངས་དང་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱས་པ་དང་འབྲེལ་མི་དམངས་བཅིངས་འགྲོལ་དམག་དང་། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད། ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་རོགས་རམ་དང་རྒྱབ་སྐྱོར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་ཡོད། ཛ་དྲག་གི་འཐབ་རྩོད་དེའི་ནང་། ཧུའུ་པེའི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས། མདུན་དུ་ཤོར་ནས་དཔའ་ངར་ཆེན་པོས་འབད་འཐབ་དང་། ཞིང་ཆེན་ཡོངས་ཀྱི་སྨན་དོན་ལས་དོན་པ་དང་ཧུའུ་པེར་རོགས་སྐྱོར་བྱེད་མཁན་གོས་དཀར་ལྷ་རྗེ་ཚོས་སྲོག་ཉེན་ལ་མི་བལྟོས་པར་རིམས་ནད་ཁུལ་དུ་བསྐྱོད་དེ་ནད་པ་སྐྱོབ་བཅོས། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ། རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་གྱི་ལས་བྱེད་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་བཅས་ཀྱིས་དཀའ་ཚེགས་ལ་མི་སྐྲག་པར་ལས་གནས་བརྟན་སྲུང་། རྒྱ་ཆེའི་མང་ཚོགས་ཚོས་ཀུན་སེམས་གཅིག་སྒྲིལ་དང་ཧུར་ཐག་ཞུགས་པ་བཅས་བྱས་པར་བརྟེན། མིག་དཔེར་འཛིན་དགོས་པའི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་ཁག་གཅིག་ཐོན་པ་ལས། མི་ཁྲི་སེམས་གཅིག་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་པའི་ཀྲུང་གོའི་སྟོབས་ཤུགས་མངོན་ཡོད།
     ཝུའུ་ཧན་ལ་རྒྱལ་ཁ་ཐོབ་ན། ཧུའུ་པེར་རྒྱལ་ཁ་ཐོབ། ཧུའུ་པེར་རྒྱལ་ཁ་ཐོབ་ན། རྒྱལ་ཡོངས་ལ་རྒྱལ་ཁ་ཐོབ། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་བབ་ལེགས་སུ་ཕྱིན་པ་དང་འབྲེལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་མོད། འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད་པས། ལྷོད་གཡེང་གཏོང་བའི་དུས་སུ་ད་དུང་སླེབས་མེད། ང་ཚོས་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ་དང་། རིག་པ་དྭངས་གསལ་རྒྱུན་འཁྱོངས། མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན། ཡང་འབད་བསྐྱར་འབད། བྱེད་མཁས་ལ་རྗེས་ཐོན་པ། རྣམ་གཡེང་མི་བྱེད་པ། དམག་འཐབ་ལ་སུན་སྣང་མི་སྐྱེ་བ། ལྷོད་གཡེང་མི་གཏོང་བ། རིག་པ་བསྒྲིམས་ནས་མཐའ་འཁྱོངས་བཅས་བྱས་ཚེ། ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་ལ་རིམས་ནད་ལས་རྣམ་པར་རྒྱལ་ངེས་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1