༄༅།། ལུས་ཁམས་གསོ་བའི་ཐབས་མཆོག་ལྔ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-16



གཅིག ལུས་སྦྱོང་།
        ལས་ཚོགས་ལ་ཞུགས་མཁན་ཚོའི་དུས་རྒྱུན་གྱི་འཚོ་བའི་གོམ་འགྲོས་ཧ་ཅང་མགྱོགས་པའི་དབང་གིས།ཆེད་དུ་ལུས་སྦྱོང་བྱེད་པར་ཁོམ་ལོང་མེད་པ་རེད། དེ་བས་ཕར་འགྲོ་ཚུར་འོང་གི་སྐབས་སུ་ལྕགས་རྟར་ཞོན་པ་ནི་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་བའི་ལུས་སྦྱོང་བྱེད་ཐབས་ཆེས་བཟང་པོ་ཞིག་ཡིན་ལ།དེ་ལྟར་བྱེད་པར་སྟབས་མི་བདེ་ན་ད་རུང་དགོང་མོར《གསར་འགྱུར་མཉམ་སྒྲོག》ལ་ལྟ་ཞོར་རྐང་ལག་བཞི་བོ་ཕར་གཡུག་ཚུར་གཡུག་བྱེད་པ་དང་། སྐྲ་ནང་དུ་སྤར་འཛིན་བྱེད་པ། ངོ་གདོང་ཕུར་ཕུར་བྱེད་པ།མགོ་བོ་གཡས་གཡོན་དུ་འགུལ་བ་སོགས་བྱས་ན་རྣམ་རིག་དང་མིག་ཤུགས་ཇེ་གསལ་དུ་འགྲོ་བ་དང་གདོང་གི་གཉེར་མ་ཇེ་ཉུང་དུ་འགྲོ་བར་མ་ཟད།མཇིང་ཚིགས་ན་བའང་གསོ་བཅོས་བྱེད་ཐུབ།

གཉིས། གཉིད་སྐྱིད་པ།
        ལུས་སྟོབས་རྒྱས་ཤིང་རྣམ་རིག་གསལ་དགོས་ན།ཐོག་མར་འཚོ་བར་ཆོས་ཉིད་ཡོད་དགོས།དགོང་མོའི་དུས་ཚོད23ནས1གི་བར་ནི་མི་ལུས་ཀྱི་གདགས་སྲིབ་གོ་བརྗེ་བྱེད་པའི་སྐབས་ཡིན་པས།སྐབས་འདི་ནི་ཉིན་གཅིག་གི་ཁྲོད་ཀྱི་མེ་དྲོད་ཆེས་ཞན་ཞིང་སྲིབ་རླུང་ཆེས་ཆེ་བའི་དུས་ཡིན།དེ་བས་སྐབས་འདི་ནི་གཉིད་ཉལ་བའི་དུས་ཚོད་ཆེས་བཟང་པོ་ཡིན་ལ།རང་བྱུང་ཁམས་ཀྱི་ཉི་ནུབ་ཀྱི་གདགས་སྲིབ་འགྱུར་ལྡོག་ཆེས་ཆེ་བའི་དུས་ཡིན་པས།གལ་ཏེ་སྐབས་དེར་མི་གཉིད་པར་མཚན་བརྒལ་བ་དང་ཡང་ན་དུས་ཚོད་གཅིག་བརྒལ་རྗེས་ད་གཟོད་ཉལ་ན་ལུས་སྟེང་གི་མེ་དྲོད་ཡལ་འགྲོ་བས།ཕྱི་ཉིན་སྟོབས་ཤུགས་མེད་ལ་རྣམ་རིག་གཅིག་ཏུ་སྒྲིམ་མི་ཐུབ། །

གསུམ་པ།ཀླད་པ་བཀོལ་བ།
        ཚེ་ཐག་རིང་བར་འདོད་ན་ཀླད་པ་མང་དུ་བཀོལ་དགོས།མིའི་ཀླད་པ་ནི་བཀོལ་ཚད་ཇི་ལྟར་མཐོ་ན་དེ་ལྟར་རྣོན་པོ་ཡོང་བས།ཉིན་རེར་ཀླད་པ་བཀོལ་བའི་གོམས་སྲོལ་ཆགས་སུ་འཇུག་དགོས།དཔེར་ན་དེ་རིང་གི་ཉིན་གང་བོར་མཐོང་ཐོས་གསར་པ་དང་ཡང་ན་བློ་སྐྱེད་གང་ཡང་མེད་ན།ཧུར་བརྩོན་གྱིས་དཔེ་ཆ་དང་ཡང་ན་ཚགས་པར་ལ་བལྟས་ཏེ།མྱོང་ཚོར་གསར་པ་རེ་བླངས་རྗེས་ད་གཟོད་གཉིད་དགོས།དེ་ལྟར་བྱས་ན་མིའི་བསམ་བློར་བརྟེན་ས་ཞིག་ཡོད་དོ། །

བཞི། བཟའ་བཏུང་།
        བཟའ་བཏུང་དང་ལུས་སེམས་བདེ་ཐང་གི་བར་དུ་འབྲེལ་བ་དམ་པོ་ཡོད་པས།ངེས་པར་དུ་ལུགས་མཐུན་གྱིས་སྤྱོད་དགོས།ཞིབ་འཇུག་ལས་མངོན་པ་ལྟར་ན།ཟ་མ་ཉུང་ཉུང་བཟའ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ།ཟས་ཐུན་རེར་ཟ་མ་ཉུང་བཟའ་བྱས་ན་རིམས་འགོག་ནུས་པ་རྒས་འགྱུར་འབྱུང་ཚད་ཇེ་དལ་དུ་འགྲོ་བ་རེད།དེ་བས་སྲོག་ཆགས་ཀྱི་ཚིལ་ཞག་དང་མཁྲིས་རྒྱུ་གཤེར་རྩི་མང་བ།ཀ་ར་མང་བ།སིང་ཕྱེ་མཐོ་བ་བཅས་ཀྱི་ཟས་རིགས་ཉུང་བཟའ་བྱེད་ཞོར།སྐྱེ་དངོས་ཀྱི་སྤྲི་དཀར་དང་སྔོ་ཚོད།སིལ་ཏོག་སོགས་འཚོ་བཅུད་འདུས་པའི་ཟས་རིགས་མང་དུ་བསྟེན་དགོས།

ལྔ། སེམས་ཁམས།
        སེམས་ཁམས་མི་སྐྱིད་པ་ནི་ནད་རིགས་ཡོངས་ཀྱི་འབྱུང་ཁུངས་ཡིན་པས།སེམས་ཁམས་སྙོམ་སྒྲིག་བྱེད་པའི་ཐད་ལ་འབད་བརྩོན་བྱེད་དགོས།སྡུག་བསྔལ་གྱིས་མནར་མི་རུང་ལ་དགའ་སྣང་དྲག་པོ་བྱུང་ནའང་མི་བཟང་བས།ཐོབ་ཤོར་ལ་དོ་སྣང་དེ་འདྲ་མི་བྱེད་པ་དང་།ཐོབ་ཆ་དང་སྙན་གྲགས་ཀྱང་བརྩོན་ལེན་མི་བྱེད་པར་སེམས་ལྷོད་བག་ཕེབས་ཡོང་དགོས།དེ་ལྟར་བྱས་ན་ད་གཟོད་ཚེ་ཐག་རིང་པོ་ཡོང་ཐུབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1