དཔྱིད་ཀྱི་ཞིང་ས་གཤིན་པོར་རྨོད་གྲབས་ཀྱི་ཚ་རླབས་འཕྱུར་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-17



          མིག་སྔར་དཔྱིད་རྨོད་གྲ་སྒྲིག་བྱེད་པའི་དུས་སུ་སླེབས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་འདིར་འཕྱོངས་རྒྱས་རྫོང་གིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་གཞན་ཞིག་ནས་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་བྱེད་འགོ་བཙུགས་ཡོད། བོད་རང་སྐྱོང་ལྗོངས་དང་། ལྷོ་ཁ་གྲོང་ཁྱེར། འཕྱོངས་རྒྱས་རྫོང་བཅས་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཐོག་གྲོང་གསེབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དབུལ་སྒྲོལ་འགག་སྒྲོལ། ཞིང་ལས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དཔྱིད་རྨོད་གྲ་སྒྲིག་དང་ཞིང་ལས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་བསྐྱར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་དམ་འཛིན་ཏན་ཏིག་བཅས་བྱས་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་ཤོས་སུ་འགྱུར་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད། 

           འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོར་ཞིང་འབྲོག་མང་ཚོགས་ཚོས་ཞོགས་པ་སྔ་པོ་ནས་ཆུ་ཡུར་གཙང་བཟོ་དང་། ལ་ལས་ཞིང་ཁར་ལུད་རྒྱག་པ། ལ་ལས་ཞིང་ཆུ་གཏོང་བ་བཅས་བྱེད་ཀྱི་ཡོད་པ་དང་། རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོའི་སེ་ལ་རོང་ཁུལ་དུ་དཔྱིད་རྨོད་གྲ་སྒྲིག་ཚ་ཚ་འུར་འུར་བྱེད་བཞིན་ཡོད།

          ང་ཚོའི་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གིས་ཟླ་3ཚེས་10ཉིན་འདི་ལོའི་དཔྱིད་རྨོད་གྲ་སྒྲིག་ལས་དོན་བཀོད་སྒྲིག་བྱས་པ་དང་། མིག་སྔར་རང་བྱུང་གྲོང་ཚོ་གསུམ་གྱིས་ཞིང་ལུད་དང་། ཆུ་ཡུར་གཙང་སེལ། ཞིང་ཆུ་འདྲེན་པ་སོགས་ཀྱི་ལས་དོན་ཁག་སྤེལ་འགོ་བཙུགས་ནས་བཀྲ་ཤིས་གྲོང་ཚོའི་ཆུ་བེད་སྒྲིག་བཀོད་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་དང་། དཔྱིད་འདེབས་ཀྱི་ཆུ་སྤྱོད་དང་དགུན་འདེབས་ཞིང་ལས་སྐྱེ་དངོས་སྔོ་རྩྭ་བསྐྱར་འདེབས་འགན་ལེན་བྱས་ནས་གོམ་སྟབས་རྗེས་མའི་དཔྱིད་འདེབས་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་འཕྱོངས་རྒྱས་རྫོང་རྒྱལ་ཤང་བཀྲ་ཤིས་གྲོང་ཚོའི་ཧྲུའུ་ཅི་དང་པོ་རྡོ་རྗེས་ངོ་སྤྲོད་གནང་ཡོད་པ་རེད། 

           འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོའི་ཚོགས་ཆུང་དང་པོའི་ཙུའུ་ཀྲང་ཤར་རྒྱལ་གྱིས་གསར་འགོད་པར། དཔྱིད་རྨོད་ཀྱི་གྲ་སྒྲིག་ལས་དོན་སྤེལ་ཚུན། ང་ཚོ་བཀྲ་ཤིས་གྲོང་ཚོས་སྔ་ཙམ་བཀོད་སྒྲིག་བྱས་ནས་ས་རྒྱུ་འཁྱགས་ཞུ་དང་ངལ་རྩོལ་ནུས་ཤུགས་འདང་ངེས་ཡོད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་དུས་ཐོག་ཏུ་བྱེ་འདམ་གཙང་སེལ་དང་། ལུད་རྒྱག་པ། ཞིང་ཆུ་འདྲེན་པ་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ཏེ་དཔྱིད་རྨོད་གྲ་སྒྲིག་གི་གཅིག་སྡུད་དུང་བརྡ་བཏང་ཡོད། མིག་སྔའི་བར་ཁྱོན་ཆུ་རྫིང་5གཙང་སེལ་བྱས་པ་དང་ཆུ་ཡུར་སྤྱི་ལེ་17བཟོ་བཅོས་གཙང་སེལ་བྱས་པ། ཞིང་ཁར་ལུད་ཏུན་2300གསོག་འཇོག་བྱས་ཡོད། ད་ལོའི་འཆར་གཞི་ལྟར་ན་ལོ་ཏོག་འདེབས་འཛུགས་མུའུ་1347.9ཟིན་གྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད། 

          ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་རྨོད་གྲ་སྒྲིག་ལས་དོན་ཏན་ཏིག་སྤེལ་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལེགས་འགྲུབ་བདེ་བླག་ཡོང་ཆེད། འཕྱོངས་རྒྱས་རྫོང་ཞིང་ལས་གྲོང་གསེབ་ཅུད་ཀྱིས་རྣམ་པ་སྣ་ཚོགས་བརྒྱུད་རྒྱལ་ཁབ་ཀྱི་ཞིང་ལས་གྲུབ་ཆ་ལེགས་སྒྲིག་བྱེད་ཕྱོགས་སྲིད་ཇུས་དང་། ཞིང་དར་ཞིང་ཕན་གྱི་སྲིད་ཇུས། སྲིད་གཞུང་གི་ནོར་སྲིད་རོགས་སྐྱོར་སྲིད་ཇུས་སོགས་འབྲེལ་ཡོད་ཞིང་ཕན་ཆ་འཕྲིན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཞིང་དུད་ཀྱིས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་དཔྱིད་རྨོད་གྲ་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། འཕྱོངས་རྒྱས་རྫོང་གི་འབྲེལ་ཡོད་ཞིང་ལས་ལག་རྩལ་མི་སྣས་གསར་འགོད་པར་། རྫོང་གི་ལག་རྩལ་མི་སྣས་ཤང་འགན་གཙང་ལེན་བྱེད་པ་དང་། ཤང་གི་ལག་རྩལ་མི་སྣས་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོའི་ལག་རྩལ་མི་སྣས་དུད་ཚང་འགན་གཙང་ལེན་པ་བཅས་ཀྱི་རྣམ་པའི་ཐོག་ནས་ལག་རྩལ་དངོས་སྡོད་ཞིབ་འཇུག་གི་ཞབས་ཞུ་སྤེལ་བ་དང་། གཙོ་གནད་དཔྱིད་རྨོད་ཞབས་ཞུ་ཞིང་ནང་དུ་སྐྱེལ་བ་དང་། ཞིང་ལས་ཀྱི་རིགས་གཅིག་མཁས་ཅན་དང་ལག་རྩལ་པ་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དུ་ཡུར་བུ་གསུམ་གཙང་སེལ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་ས་བོན་ལེགས་འདེམས་སོགས་ཀྱི་ལག་རྩལ་མཛུབ་ཁྲིད་ཧུར་ཐག་བྱས་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད། 

          འཕྱོངས་རྒྱས་རྫོང་ཞིང་འབྲོག་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་པ་ལྷག་པ་དོན་གྲུབ་ཀྱིས། སྤྱི་ལོ་2020ལོར་འཕྱོངས་རྒྱས་རྫོང་གི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་27400ཟིན་པའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་17000དང་། དཔལ་འབྱོར་ལོ་ཏོག་འདེབས་ཁྱོན་མུའུ་9000 གཟན་རྩྭའི་འདེབས་ཁྱོན་མུའུ་1400ཟིན་ཡོད་ཅེས་དང་། ཁྱོན་ཆུ་རྫིང་80དང་ཆུ་ཡུར་སྤྱི་ལེ་198གཙང་སེལ་བྱས་ཐོག རྫོང་ཞིང་ལས་གྲོང་གསེབ་ཅུད་ཀྱིས་དཔྱིད་རྨོད་ཐོན་སྐྱེད་ཀྱི་དགོས་མཁོ་དངོས་སྟངས་འཛིན་ཧུར་ཐག་དང་ཞིང་ལས་རྒྱུ་ཆ་གཏོང་འདྲེན་ཧུར་ཐག་བྱས་ནས་ཞིང་ལས་འདེབས་འཛུགས་འཐུས་ཤོར་མི་འགྲོ་བ་བྱས་ཡོད། དེ་མིན་ད་དུང་མིག་སྔར་སོན་བཟང་རྒྱ་མ་ཁྲི་112ལྷག་ཙམ་ཕྱིར་གཏོང་ནང་དྲེན་བྱས་པ་དང་། རྫས་ལུད་ཏུན་301དང་། ཞིང་སྨན་ཏུན་16820 ཞིང་པའི་ཁྱིམ་ལུད་ཏུན་46000བཅས་གྲ་སྒྲིག་ཧུར་ཐག་བྱས་ཡོད་ཅེས་ངོ་སྤྲོད་གནང་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1