༄༅།། རུས་ཁྱུང་གི་སྐོར་ལ་ཅུང་ཟད་གླེང་བ།

ཚེ་དབང་རིག་འཛིན། མིག་དམར་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། 03-17



        གནད་བསྡུས། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ནང་ཁྱུང་གི་རུས་རྒྱུད་སྐོར་ཇི་ལྟར་འཁོད་ཡོད་པ་རྣམས་ལ་དཔྱད་བསྡུར་བྱས་ཏེ་ཁྱུང་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་། ཁྱུང་ནི་རུས་ཤིག་ཏུ་གྱུར་ཚུལ། ཁྱུང་གི་རུས་ཐོབ་ཀྱི་སྐྱེས་བུའི་བྱུང་བ་བཅས་ལ་དབྱེ་ཞིབ་བྱས་རྗེས། ཁྱུང་པོའི་མི་རྒྱུད་ནི་ཁྱུང་རབས་ལས་བྱུང་བའི་ཀུན་ཏུ་བཟང་པོ་རིག་སྣང་འོད་ཀྱི་རྒྱལ་པོ་བྱ་ཁྱུང་ལས་མཆེད་པའམ་སེ་རྨུ་ལྡོང་སྟོང་ལས་ཁྱུང་གི་རུས་རྒྱུད་གྲོལ་བའི་སྐོར་ལ་ལུང་རིགས་གཉིས་ཀྱི་སྒོ་ནས་དཔྱད་བརྗོད་བྱས་འདུག
        གནད་ཚིག ཞང་ཞུང། སེ་ཁྱུང་དབྲ། ཁྱུང་པོ།
        [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B949.2 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1005-5746(2019)03-055-14
         ཞང་ཞུང་ཞེས་གནའ་རབས་གངས་ཅན་གྱི་ཡུལ་འདིར་ལོ་རྒྱུས་ཀྱི་ཟློས་གར་བསྒྱུར་མྱོང་བའི་རྒྱལ་ཕྲན་དེ་ནི་མ་མཐར་ཡང་ད་བར་ལོ་ངོ་སུམ་སྟོང་ལྷག་ཙམ་གོང་ནས་བྱུང་ཡོད་པ་ལུང་རིགས་གང་གིས་བརྟག་ཀྱང་ཡིད་ཆེས་ཆོག་པའི་གནད་ཤིན་ཏུ་ཆེ། “གནའ་རབས་ཀྱི་བྱུང་བ་བཤད་པའི་གཏམ་ཚོགས་སུ་མི་མ་ཡིན་དང་མི་སྡེའི་ཆགས་ཚུལ་སོགས་རྒྱ་ཆེ་ལ་གྲངས་མང་ཞིག་བཤད་ཡོད་པ་ནི་སྨོས་མ་དགོས་ནའང་བྱ་བ་ངོ་ཐོག་ཏུ་རང་རེས་ཡ་ཐོག་ཞང་ཞུང་གི་རྒྱལ་པོ་དང་། དེའི་མངའ་འོག་ཏུ་གཏོགས་པའི་ཡུལ་སྡེ་གང་དང་གང་ཡིན་པ་སོགས་ཀྱི་སྐོར་གོ་རྟོགས་ཐུབ་ངེས་པ་ནི་ལོ་གྲངས་སུམ་སྟོང་དགུ་བརྒྱ་བརྒྱད་ (ལྕགས་ལུག་ལོར་བརྩིས་པ་ཡིན། 1991)འདས་པའི་དུས་སུ་སྐུ་བལྟམས་པའི་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་ཞེས་ཞང་ཞུང་གི་རྒྱལ་རབས་སུ་ཆེས་གྲགས་པའི་རྒྱལ་པོ་དེ་ནས་ལོ་རྒྱུས་ཀྱི་དབུ་འཛུགས་དགོས།”[1]ཞེས་གསུངས་པ་དང་། ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ནི་ཞང་ཞུང་གི་རྒྱལ་ཁམས་ལ་དབང་སྒྱུར་བའི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་བྱུང་ཞེས་གྲགས་པ་ལས་རྒྱལ་པོ་ཐོག་མ་དེ་ཉིད་ཡིན་ཞེས་བོན་གྱི་ལོ་རྒྱུས་ཡིག་རིགས་མང་པོའི་ནང་གསལ་བར་འཁོད་ཡོད། དེ་བཞིན་དུ་དུང་དཀར་ཚིག་མཛོད་དུའང་དུས་སྐབས་འདི་ཙམ་ལ་ཞང་ཞུང་རྒྱལ་རབས་བཅོ་བརྒྱད་ཀྱིས་བོད་ལ་དབང་བསྒྱུར་ཞེས་སྤྱི་ལོའི་གོང་གི་ལྕགས་འབྲུག་ལོ་སྟེ་1061ཙམ་ལ་གསུངས་[2]འདུག་པ་སྤྱིའི་ཆ་ནས་ཞལ་མཐུན། དེར་བརྟེན་དུས་ད་ལྟ་ནས་ཡར་བརྩིས་པའི་བགྲང་བྱ་སུམ་སྟོང་ལྷག་ཙམ་གྱི་ཡར་སྔོན་དུ་ཡ་ཐོག་ཞང་ཞུང་གི་རྒྱལ་ཁམས་སུ་ཕོ་ལ་རྒོད་པོ་ཞང་རྒྱལ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ཟེར་བ་ལྟ་བུ་བྱུང་བར་གྲགས་ལ། བློན་ལ་མཛངས་ཤིང་དཔའ་བའི་ཕྱིའི་དམག་གི་ཁ་ལོ་བསྒྱུར་ཅིང་རྒྱལ་ཁོངས་རྒྱ་བསྐྱེད་དང་། ནང་གི་དམངས་བདེ་སྐྲུན་པའི་གང་ཟག་མང་དུ་བྱུང་ཡོད་པ་ནི་མ་དཔྱོད་ཀྱང་བསམ་ཤེས་ཐུབ་ངེས་ཤིག་རེད། དེང་འདིར་དཔྱད་ཡིག་ཚད་ལྡན་དུ་འཛིན་པའི་ཏུན་ཧོང་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ལས་“རྒྱལ་ཕྲན་གྱི་རྒྱལ་པོ་བགྱྀད་པ་དང་། རྒྱལ་ཕྲན་གྱྀ་བློན་པོ་བགྱིད་པའི་རབ་ལ། ཞང་ཞུང་ངར་པའི་རྗེ་བོ་ལྀག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང་། སྟོང་ལོམ་མ་ཙེ་གཉིས།” ཞེས་ཞང་ཞུང་རྒྱ་ལ་པོའི་བློན་གྱི་གཙོ་བོའི་གྲས་ལ་རུས་ཁྱུང་པོ་ཡིན་པ་ཞིག་ཡོད་པ་གསལ་བར་འཁོད་ཡོད་ལ། དེ་བཞིན་དུ་ཁྱུང་རབས་མང་པོ་ལས་ཀྱང་ཁྱུང་པོ་ལེགས་པའི་མགོན་གྱི་སྲས་ལ་ཁྱུང་པོ་གྱེར་ཆེན་ཟླ་མེད་དང་། ར་སངས་ཁྲི་ནེ་ཁོད་གཉིས་བྱུང་བ་ལས་ཁྱུང་པོ་ར་སངས་ཁྲི་ནེ་ཁོད་ཀྱི་སྲས་ལ་ཁྱུང་པོ་ར་སངས་ཀླུ་རྒྱལ་དང་ཏ་པི་ཧྲི་ཙ་ཡིན་ཞེས་འཁོད་ཡོད་པ་ལས། ཏུན་ཧོང་ཡིག་རྙིང་ནས་བྱུང་བའི་ཁྱུང་པོའམ་དེ་དང་འདྲ་བའི་ཁྱུང་པོ་མང་པོའི་ལོ་རྒྱུས་བཤད་དུ་ཡོད། ཁྱུང་པོ་དེ་དག་ལས་འགའ་ཞིག་ཞང་ཞུང་དང་བོད་བཙན་པོའི་བླ་ཡི་མཆོད་གནས་བྱས་ཏེ་བོད་དང་ཞང་ཞུང་གཉིས་ཀ་ལ་བཀའ་དྲིན་ཆེ་བ་ཡིན་ཞེས་གྲགས། དེར་བརྟེན་རུས་ཁྱུང་ནི་ཞང་ཞུང་ཙམ་དུ་མ་ཟད། བོད་ཀྱི་གནའ་རབས་སུའང་ཤིན་ཏུ་གྲགས་ཆེ་བའི་རུས་རྒྱུད་རྙིང་པ་གཅིག་ཡིན་པར་གོ་ནུས། དེར་བརྟེན་ཁྱུང་གི་རུས་རྒྱུད་ལ་བརྟག་པ་ནི་ཞང་ཞུང་གི་རྒྱལ་རབས་ལོ་རྒྱུས་དང་། རིག་གནས་སོགས་ལ་དཔྱད་པ་བྱེད་པ་དང་གཉིས་སུ་མེད་པ་ཆགས་ཀྱི་ཡོད་དེ། བྱ་ཁྱུང་ནི་ཁྱུང་གི་རུས་རྒྱུད་ཚོ་པའི་བླ་རྟགས་དང་མཚོན་བྱེད་ (图腾) ཅིག་ཡིན་ལ། དེ་མིན་ཡ་ཐོག་ཞང་ཞུང་གི་མི་རྣམས་ཀྱིས་དད་པའི་ཡུལ་ཞིག་གམ་ཐ་ན་ཞང་ཞུང་གི་མི་རྒྱུད་ཀྱང་ཁྱུང་ལས་བྱུང་བ་ཡིན་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད་པས་སོ། །
དང་པོ། ཁྱུང་ཞེས་པའི་ཐ་སྙད་ལ་དཔྱད་པ།
         བོན་གྱི་ལོ་རྒྱུས་དང་རིག་གནས་སྨྲ་བའི་དེང་གི་མཁས་པ་མང་དག་ཅིག་གིས་ཞང་ཞུང་ཞེས་ཞང་སྐད་དང་བོད་སྐད་དུ་ཁྱུང་ལུང་ཞེས་པའི་དོན་ཡིན་ཟེར་ལ། ཁྱུང་ནི་བོད་སྐད་གཉུག་མའི་ཐ་སྙད་ཅིག་ལ་ངོས་བཟུང་སྟེ་ཞང་སྐད་མ་ཡིན་ཞེས་མཐའ་གཅིག་ཏུ་གསུངས་ཀྱི་འདུག “ཀུན་ཏུ་བཟང་པོ་དེ་རྣམས་ཀྱི་སྤྲུལ་པ་ལས་སངས་རྒྱས་དང་སེམས་དཔའ་དང་། ངེས་པ་ཅན་གྱི་སྤྲུལ་སྐུ་དང་། མ་ངེས་པའི་སྤྲུལ་སྐུ་བསམ་གྱིས་མི་ཁྱབ་པ་བྱོན་པའི་འཇིག་རྟེན་གྱི་ཁམས་གསུམ་འདུལ་བར་མ་ངེས་པ། སྤྲུལ་པའི་སྐུ་བྱ་ཁྱུང་དུ་སྐུ་སྤྲུལ་ཏེ། འཛམ་གླིང་འདིར་ཡང་གཅིག་བྱོན་པ་ལ། ཞང་ཞུང་གི་སྐད་དུ། ཞང་ཞག་ཅེས་བྱ་བ། བོད་སྐད་དུ། ཁྱུང་པོ་ཞེས་བྱ་བ་རུ་གྲགས་ནས་སྔོན་ཚེ་ལོ་ཁྲི་པའི་དུས་ཡན་ཆད་ནས་ཡོད་པ་སྟེ། དེ་རྣམས་ནི་ལོ་རྒྱུས་གཞན་དུ་གསལ་ལོ།” [3]ཞེས་ཁྱུང་པོའི་དོད་དུ་ཞང་ཞུང་སྐད་ལ་ཞང་ཞག་ཟེར་གྱི་ཡོད་པ་རྒྱལ་ཁྱུང་དཀར་པོའི་གདུང་རབས་སུ་འཁོད་པ་ལྟར་ཞང་ཞུང་ནི་ཞང་སྐད་ཡིན་པ་དང་། ཁྱུང་ལུང་ཞེས་པ་ནི་བོད་སྐད་ཡིན་པའི་གཞི་རྟེན་བཅོལ་ས་ཡིན་པ་འདྲ། ཡིན་ན་ཡང་། དགེ་བཤེས་བློ་གྲོས་རབ་གསལ་གྱིས་གཙོ་སྒྲིག་བྱས་པའི་《གནའ་བོའི་ཞང་བོད་ཚིག་མཛོད》དུ་ཁྱུང་ཞེས་པ་ཞང་སྐད་ཡིན་ཞིང་། གསེར་སྲང་ཕྱེད་ལ་ཟླ་བ་གསུམ་དུ་བསྒྲུབས་པ་བྱས་པའི་ཛྭ་ལ་ཟེར་ཞེས་བྲིས་འདུག དེའང་“ཞང་ཞུང་རྒྱལ་པོའི་ཁབ་ཆེན་མ་ཁྱུང་བཟའ་མཚོ་རྒྱལ་མ་བྱ་བས་བོད་རྒྱལ་ལ་སེམས་ཀྱི་བརྣག་པ་སྐྱེས་ཏེ་གྱེར་སྤུངས་སྣང་བཞེར་ལད་པོ་སྤྱན་དྲངས་ནས་ཞུས་པ། སྐུ་གཤེན་ཆེན་པོ་ལགས། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྗེ་ལིག་མིན་རྒྱལ་ནི་བཀྲོངས། བོན་ཁྲིམས་དར་གྱི་མདུད་པ་ནི་ཞིག རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི་ཆག གཡུང་དྲུང་བོན་གྱི་བསྟན་པ་ནི་བསྣུབས་ཏེ་འདི་ལྟ་བུའི་དུས་བྱུང་བས་ན། འདི་ལ་ཐུགས་ཀྱི་བརྣག་པ་ཞིག་ཅིས་ཀྱང་ཞུ་འཚལ་ཞུས་པས། གྱེར་སྤུངས་ཀྱི་ཞལ་ནས། ང་ལ་སྤུ་ཞེས་བྱ་བ་གསེར་སྲང་གང་ལ་ལོ་གསུམ་དུ་བསྒྲུབས་ན་བོད་རུ་བཞི་བརླག་ནུས་པ་དང་། ཁྱུང་ཞེས་བྱ་བ་སྲང་ཕྱེད་ཟླ་བ་གསུམ་དུ་བསྒྲུབས་པ་ན་ཡར་ལུང་གི་སར་ཁྲི་སྲོང་འཁོར་དང་བཅས་པ་བརླག་ནུས་པ་དང་། རྔུབ་བྱ་བ་གསེར་ཞོ་གང་ལ་ཞག་བདུན་དུ་བསྒྲུབས་ནས་འཕང་ན་རྒྱལ་པོ་ཉིད་སོད་པ་རྣམས་ཡོད་ན་གང་བ་གསུངས།”[4]ཞེས་དབུ་ཡོག་བྱུང་བ་སྙན་བརྒྱུད་ལས་བྱུང་བའི་ལོ་རྒྱུས་དུམ་བུ་དེ་ལས་ཁྱུང་ཞེས་པ་སྔགས་ཀྱིས་བསྒྲུབས་པའི་མཐུ་རྒྱག་བྱེད་ཀྱི་ཛྭ་ཡི་རིགས་ཤིག་ཡིན་པ་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》དུ་གསལ་འདུག་པ་བཞིན་འདིར་ཡང་དེའི་དོན་ཕབ་པ་འདྲ། འོན་ཀྱང་སྤུ་དང་ཁྱུང་། རྔུབ་ཅེས་པ་མཐུ་རྒྱག་བྱེད་ཀྱི་རིགས་ཤིག་གམ་མཐུ་དེའི་མིང་ཡིན་པ་ལས་ཐ་སྙད་དེ་ཞང་སྐད་ཡིན་པ་གང་ཡང་གསལ་མི་འདུག ལྷག་དོན་ད་ཡོད་མཐོང་དུ་ཡོད་པའི་བོད་ཀྱི་ཡིག་ཚགས་རྙིང་ཤོས་ནི་ཏུན་ཧོང་ཡིག་རྙིང་དང་བྲག་བརྐོས་ཡི་གེ རྡོ་རིང་སོགས་ཀྱི་ཡི་གེ་ལ་བརྩི་འཇོག་བྱེད་ཀྱི་ཡོད་ན་ཏུན་ཧོང་ཡིག་རྙིང་ལས། “རྒྱལ་པོ་འདིའི་རིང་ལ། ། ཁྱུང་པོ་སྤུང་སད་ཀྱིས་རྩང་བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་དེ། ། རྩང་བོད་ཁྱིམ་ཉི་གྲི། ། བཙན་པོའི་ཕྱག་དུ་པུལ་ཏེ། ཟུ་ཙེ་གློ་བ་ཉེ་འོ །”[5]ཟེར་བ་དང་། “ཡུལ་གྱི་ (ནི་)སྐལ་ཕོག་པ། ཁྱུང་ལུང་ནི་རྡུལ་མཁར་ཞིག །” [6]ཟེར་བ་དང་།“བཙན་པོ་ཁྲི་སྲོང་བརྩན་གྱིས་ཀྱང་། ངག་རེ་ཁྱུང་གིས་གསོལ་བ་བཞིན་གནང་སྟེ། ། སྲིད་མ་བརླགོ །”[7]ཞེས་པ་སོགས་ཁྱུང་ཞེས་པའི་ཐ་སྙད་མང་དུ་བྱུང་བ་ནི་བོད་སྐད་ཀྱི་ཐ་སྙད་ཁོ་ནར་ཡོད་པ་ལས་ཞང་སྐད་ཡིན་པའི་འགྲོས་ཙམ་ཡང་བཤད་སྲོལ་མེད། དེ་བཞིན་ཞང་ཞུང་ཞེས་པ་དེའང་ཏུན་ཧོང་ཡིག་རྙིང་ལས། “བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ། ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག ། གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉྀ་དགས་པོ། ། རྐོང་པོ། མྱང་པོ་ཀུན་ཀྱང་ལོག། །”[8]ཅེས་དང་། “རྒྱལ་འདི་འི་རིང་ལ། ། ཞང་ཞུང་ལྡེ་བུ། གཉེན་གྱི་ཡང་ངོ། ། འཐབ་ཀྱི་སྐལ་ཏེ། ། ཞང་ཞུང་བདག་དུའ། བཙན་མོ་སད་མར་ཀར།། ལིག་མྱི་རྷྱ་ལ་ཆབ་སྲིད་ལ་གཤེགས་སོ །”[9]ཞེས་དང་། “ཞང་ཞུང་ངར་པའི་རྗོ་བོ་ལིག་སྙ་ཤུར།”[10]ཟེར་བ་སོགས་བོད་སྐད་ཀྱི་ཐ་སྙད་རང་དུ་བཞག་པ་སོགས་དང་། དེ་བཞིན་དུ་“དེ་ཡང་སྟོད་ཀྱི་མངའ་རིས་སྐོར་གསུམ་ནི། ། ཞང་ཞུང་ཡུལ་དང་པུ་རང་མང་ཡུལ་གསུམ། ། དཔའ་བོ་གངས་ཀྱིས་སྐོར་བ་འདྲ། ། རུམ་བུ་རྫས་སུ་སྐོར་བ་དང་། ། གུ་གེ་གཡས་སུ་སྐོར་བ་གསུམ། ། མངའ་རིས་སྐོར་གསུམ་ཟེར་བ་ཡིན། ། ཡུལ་རྫིང་ལྟ་བུ་དེ་ཡོན་ཏན་འབྱུང་བའི་གནས། ། ཡུལ་དེ་སུས་འཛིན་ན། ཅོག་རོ་ཅོག་ཙེ་ཐང་དཀར་གསུམ། ། བྲེ་དང་ཁྱུང་པོ་ཝ་ན་གསུམ། རུས་ཆེན་དྲུག་གིས་འཛིན་པ་ཡིན།”[11]ཞེས་དང་། “སེ་ཁྱུང་དབྲའི་ཆེ་དྲུག་དེ། ། སྟོད་ན་ཞང་ཞུང་ཁྱུང་པོ་གཉིས། ། བར་ན་མར་པ་སྤུ་རང་གཉིས། ། སྨད་ན་རེ་ཁེ་ཉག་ལེ་གཉིས། ། ཆེ་དྲུག་མཚན་གྱི་བཙུན་དྲུག་དེ། །”[12] ཞེས་པ་སོགས་བོད་ཀྱི་ཆོས་འབྱུང་ཡིག་ཚང་ཚད་ལྡན་དག་ལས་འབྱུང་བ་ལ་བརྟགས་ན། ཞང་ཞུང་དང་ཁྱུང་པོ་གཉིས་ཀ་བོད་སྐད་ཀྱི་ཐ་སྙད་གཙང་གཙང་ཡིན་པ་ལས་དེ་གཉིས་ཞང་སྐད་དུ་ཆགས་ཏེ་དེའི་དོན་གཞན་ཞིག་གོ་རྒྱུ་ཡོད་པ་རྩ་བ་ནས་སྟོན་གྱི་མི་འདུག དེ་བཞིན་ཞང་ཞུང་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་རྒྱལ་ཕྲན་ཞིག་སྟེ། བོད་གངས་ཅན་གྱི་མི་རིགས་རིག་གནས་བྱུང་བའི་གནས་གཞི་གཙོ་བོ་ཞིག་ཏུ་འཕོ་འགྱུར་ཕྱིན་ཡོད་ཀྱང་དང་ཐོག་མ་ཁྱུང་པོ་དང་འདྲ་བར་རུས་ཞིག་གི་མིང་ཡིན་པ་ནི་ཁ་ཚོན་བཅད་དེ་བཤད་ཆོག་པ་འདུག དེས་ན་ཁྱུང་དང་ཞང་ཞུང་ཞེས་པའི་ཐ་སྙད་དེ་གཉིས་དང་ཐོག་མ་ཉིད་ནས་བོད་སྐད་རྣལ་མ་ཞིག་ཡིན་པ་ལས་བོད་སྐད་ལས་ཡན་གར་དུ་གྱུར་པའི་ཞང་སྐད་ཟེར་བ་ཞིག་ཨེ་ཡིན་ནམ་སྙམ་པའི་དོགས་གཞི་ཤིན་ཏུ་ཆེ། ཡིན་ན་ཡང་མཁས་པས་གསུངས་ན་ཅི་ཡང་བདེན་ཟེར་བའི་དཔེ་བཞིན་དྲན་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་“ལོ་ཉིས་སྟོང་ལོན་པའི་རྒན་པོ་འདྲ་ཡོད་ན་དྲི་བར་ཟད་མོད་གཞན་སུ་ཞིག་གིས་ཤེས་པར་ནུས་”[13]ཞེས་པའི་ཟླ་ལ་བཞག་དགོས་བྱུང་།
         ཁྱུང་དང་ཁྱུང་གི་རིག་གནས་སྐོར་གནའ་བོའི་ཞང་ཞུང་དང་བོན་གྱི་རིག་གཞུང་ཙམ་མ་ཡིན་པར་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་ནང་ལའང་གྲགས་ཆེ་བ་ཞིག་འདུག་སྟེ། རང་རེའི་བོད་ཀྱི་རིག་གནས་དང་བྱ་ཁྱུང་གི་མངོན་བརྗོད་དུ་སྐྱ་རེངས་ནུ་བོ་དང་སྐར་མིག་བུ། འདུལ་སྐྱེས། ལྟོ་འགྲོ་ཟ། ཉེ་དབང་ཤིང་རྟ་སོགས་ཟེར་གྱི་ཡོད། དེ་ལས་ཉེ་དབང་ཤིང་རྟ་ཟེར་བ་ཁྱབ་འཇུག་གི་བཞོན་པ་ཟེར་བའི་དོན་ཡིན་པ་ལས་གཞན་སྐྱ་རེངས་ནུ་བོ་སོགས་མངོན་བརྗོད་ནི་རིག་བྱེད་ཀྱི་གཏམ་རྒྱུད་ཅིག་ལས་བྱུང་བ་ཡིན།[14]གཏམ་རྒྱུད་དེ་ལས་ཁྱུང་ནི་དྲང་སྲོང་སྐར་མིག་གིས་སྤྲད་པའི་སྒོ་ང་གསུམ་པ་ལས་བྱུང་བ་དང་། ལེགས་སྦྱར་སྐད་དུ་ག་རུ་ཌ་ཟེར་བ་བོད་སྐད་དུ་ཁྱུང་ཞེས་བྱ་བ་གསེར་གྱི་འདབ་ལྡན་དང་། རྡོ་རྗེའི་མཆུ་ཅན་གྱི་བྱ་ཤིན་ཏུ་སྟོབས་ཆེ་བ་རྫུ་འཕྲུལ་དང་ལྡན་པ་ཞིག་ཏུ་བསྒྲུབས་ཡོད། ཕྱིས་དེ་ལས་ནང་པའི་ཆོས་ལུགས་སུའང་ཁྱུང་གི་རིག་གནས་དེ་དག་ནང་འདྲེན་གནང་ཞིང་། བྱ་དེ་ལྷ་རུ་རྩིས་ཏེ་རྟ་ཕྱག་ཁྱུང་གསུམ་གྱི་དབང་དང་ཁྱུང་དམར་ནག་གི་སྒྲུབ་ཐབས་སོགས་བྱུང་ཡོད་པ་མངོན་གསལ་རེད། ཁྱུང་གི་རིག་གནས་གཡུང་དྲུང་བོན་ལས་བྲམ་ཟེའི་ཆོས་ལུགས་ལ་ཤན་ཞུགས་པ་ཡིན་ནམ་ཡང་ན་བྲམ་ཟེའི་ཆོས་ལུགས་ལས་གཡུང་དྲུང་བོན་ལ་ཤན་ཞུགས་པ་ཡིན་པ་རྩ་བའི་ཆ་ནས་བཤད་དཀའ་བ་ཞིག་ཡིན་ཡང་གནའ་རབས་རྒྱ་གར་གྱི་ལོ་རྒྱུས་ལས་ཨཱརྱའི་མིའི་ (雅利安人) འཕེལ་ཚུལ་དང་བོན་གྱི་སྟོན་པ་གཤེན་རབ་སྟག་གཟིག་འོལ་མོ་ལུང་རིང་དུ་འཁྲུངས་ཟེར་བ་སོགས་དང་། དེང་སང་བོན་གྱི་ལོ་རྒྱུས་སྨྲ་བ་འགས་སྟག་གཟིག་འོལ་མོ་ལུང་རིང་ནི་དབྱི་རང་ (伊朗) ཕྱོགས་སུ་སླེབས་ཀྱི་ཡོད་ཟེར་བ་སོགས་ལ་བལྟས་ན་རྩ་བ་ནས་ཕན་ཚུན་འབྲེལ་བ་མེད་ཅེས་བཤད་དཀའ་འོ། །
         གང་ལྟར་ཁྱུང་གི་ཐ་སྙད་ནི་དང་ཐོག་སྟག་དང་གཟིག་གཡག་སོ་གས་དང་འདྲ་བར་སྲོག་ཆགས་ཤིག་གི་མིང་ཡིན་དགོས་ཏེ། འདབ་ལྡན་བྱ་དེའི་དངོས་མིང་ཡང་འདོད་རྒྱལ་ཙམ་ལས་རྗེས་གྲུབ་ཏུ་འགྲོ་ཐུབ་མེད།“ཤོད་སྲོལ་ལྟར་ན་མི་དང་། གཉན། བདུད་གསུམ་བར་དམག་འཁྲུག་ཅིག་ལངས་པ་དང་། མཐའ་མ་གཉན་གྱིས་གཅེན་གཅུང་དྲུག་གི་ཡབ་ཆེན་ཁྲི་ཐོ་ཆེན་པོ་བཀྲོངས། གཉན་གྱིས་ཁྲི་ཐོ་ཆེན་པོའི་བུ་དྲུག་ལ་མི་སྟོང་དུ་སྲོག་ཆགས་རེ་སྤྲོད་དགོས་རྒྱུ་ཐག་བཅད། སྲོག་ཆགས་དེ་དག་ལས་ཐོག་མའི་བཞི་པོ་ནི་ཁྱུང་དང་། འབྲུག་གཡག་དང་སྟག་བཅས་ཡིན་ལ། དེ་རྣམས་ནི་དགྲ་ལྷར་ངོས་འཛིན་པ་ཡིན།”[15]ཟེར། དེ་ནི་བོན་ལུགས་སུ་བྱུང་བའི་འདབ་ལྡན་ཁྱུང་གི་འབྱུང་ཁུངས་མཚོན་པ་འདྲ། དེ་དང་དྲང་སྲོང་སྐར་མིག་གི་བུ་ཡིན་ཟེར་བ་ནི་ཁྱུང་ཞེས་པའི་འདབ་ཆགས་ཀྱི་རིགས་དེའི་འབྱུང་ཁུངས་མཚོན་པའི་གཏམ་རྒྱུད་རེད། དེར་བརྟེན་བོན་སྐུ་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ཡིན་ནའང་འདྲ། གནམ་ས་གོ་འབྱེད་མཁན་གྱི་འཇིག་རྟེན་བྱེད་པོ་ཡིན་ནའང་འདྲ། དྲག་པོའི་ལྷ་ཡི་རྣམ་པ་མཚོན་པའི་ངོ་བོ་ཇི་ལྟར་ཡིན་ཡང་ཐོག་མ་འདབ་ལྡན་བྱ་ཞིག་གི་ངོ་བོ་འཛིན་པའི་མིང་དུ་གྲུབ་པ་ནི་ཁྱུང་ཞེས་པའི་བོད་སྐད་ཐ་སྙད་ཀྱི་འབྱུང་ཁུངས་ངོ་མ་ཡིན་པར་འཛིན་ན་སྐྱོན་ཆེ་བ་གང་ཡང་མེད་དོ་སེམས།
གཉིས་པ། ཁྱུང་ནི་རུས་ཤིག་ཏུ་གྱུར་པའི་སྐོར།
         ཁྱུང་ནི་གནའ་རབས་བོན་གྱི་ལོ་རྒྱུས་དེབ་ཐེར་དང་། ཏུན་ཧོང་བོད་ཀྱི་ཡིག་རྙིང་སོགས་སུ་རུས་རྒྱུད་ཅིག་གི་མིང་ཡིན་པ་གསལ་པོར་འཁོད་ཡོད་ལ། རུས་དེའང་ཞང་བོད་གནའ་རབས་སུ་ཤིན་ཏུ་གྲགས་ཆེ་བ་ཞིག་ཡིན་པའང་རྟོགས་ཐུབ། གོང་གི་གཏམ་རྒྱུད་ལས་གཉན་གྱིས་ཡབ་ཆེན་ཁྲི་ཐོ་ཆེན་པོ་བསད་པའི་མི་སྟོང་དུ་གཅེན་གཅུང་དྲུག་ལ་སྤྲད་པའི་སྲོག་ཆགས་དང་པོ་བཞི་སྟེ་ཁྱུང་དང་། འབྲུག གཡག་དང་སྟག་བཅས་དགྲ་ལྷར་ངོས་འཛིན་བྱེད་པ་ཙམ་མ་ཟད། རུས་རྒྱུད་ཀྱི་མཚོན་བྱེད་དང་བླ་རྟགས་སུ་བཟུང་སྟེ་གདུང་རུས་སུ་བཟུང་བ་ཡིན་ཏེ། དེ་ཡང་“གདུང་དྲུག་བོད་ཀྱི་ཨ་བོ་གཉན་གྱིས་བསད། ལེ་ལན་ནག་པོ་བདུད་ལ་བླངས། གདུང་དྲུག་བོད་ཀྱི་ཞལ་ན་རེ། ། (ངེས་ (ངས་) བདུད་ལ་ཕ་ཤ་ལེན་བེ་ (བས་) ཟེར། ། (གཉན་ལ་ཕ་སྟོང་འདེད་བེ་ (བས་) ཟེར། ། (དུས་དང་བསྐལ་པ་དེ་ཙམ་ན། ། ཕྱྭ་བ་སྤྱི་གཙུག་རྒྱལ་བ་དེས། ། མི་དང་གཉན་གྱི་བར་གཟུ་བྱས། ། ད་ཁྱོད་གཉན་གྱིས་གདུང་དྲུག་ཕ་སྟོང་འཇོལ་ཅིག་བྱས། གཉན་གྱིས་གདོང་ (གདུང་)དྲུག་ཕ་སྟོང་འཇལ་བ་ལ། ། ལྡོང་ལ་ལྡོང་ལྷ་རྨ་ཕྲོམ་བྱིན། ། དེ་གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། ། མཐོ་མི་བའི་གཏམ་ཁུངས་གསུངས་པ་དེ་དང་སྲིད་པ་སྐོས་དྲུག་ལས་མིའུ་གདུང་དྲུག་བྱུང་ཞེས་པ་གཉིས་འགབ་མཐུན་པ་ཡིན་ཏེ། “སྲིད་པ་སྐོས་དྲུག་ལས་ཐོག་མའི་གསུམ་པོ་ནི་ཡེ་སྨོན་རྒྱལ་པོའི་སྨོན་ལམ་གྱི་མཐུ་ལས་བྱུང་བ་དང་། དེ་གསུམ་དབར་ཕན་ཚུན་གཉེན་སྒྲིག་བྱས་རྗེས་མཐའ་མ་མིའུ་གདུང་དྲུག་འཕེལ་བའི་སྐོར་འཁོད་ཡོད།”[16]ཅེས་གསལ་བ་ལས་ཡ་ཐོག་བོད་མིའི་རུས་ཁོངས་ཇི་ལྟར་ཡིན་པ་གསལ་ཙམ་ཡོད་པ་ཡིན་ནོ། ། རྩ་བའི་རུས་ཆེན་བཞིའམ་མིའུ་གདུང་དྲུག་ལས་བོད་མིའི་རིགས་རུས་ཇི་ལྟར་འཕེལ་རྒྱས་བྱུང་ཡོད་པའི་སྐོར་“ཆེ་བ་སྤོས་ཆུ་ལྡོང་། ལྡོང་ལ་ང་ཆེ་བཅོ་བརྒྱད། རུས་ཆེན་བཅོ་བརྒྱད། སྨུག་པོ་ལྡོང་གི་ཆེ་དྲུག བཙུན་དྲུག་ཡོད། དེ་འོག་སེ་ཁུང་ (ཁྱུང་) དབྲ། དབྲ་ལ་དཀར་ནག་ཁྲ་གསུམ་ཡོད། དབྲ་དང་པོ་རྒྱུད་ཀྱི་ཆེ་དགུ། ལྷ་དབྲ་སྨུག་པོ་མཆེད་བཅུ། དགུ་འབུམ་དབྲའི་མཆེད་དྲུག་ཡོད། དེ་འོག་ཨ་ལྕགས་འགྲུ། འགྲུ་ལ་བུ་དགུ་བྱུང་། མི་འགྱུར་ཐར་པའི་གནས་བརྒྱད་ཡོད། དེ་འོག་དམུ་ཚ་དགའ་ལ་དར་མ་མཆེད་བདུན་ཡོད། དེ་འོག་དབལ་ཟླ་གཉིས། ཡུལ་ཆེན་མཚམས་སུ་ཡོད་པས། བོད་མིའུ་གདོང་ (གདུང་) དྲུག་གི་འཁྲུངས་ལུགས། ད་ལར་གྱིས། བོད་ཀྱི་མིའུ་རུས་དྲུག་ལ། བཤད་ན་མི་ཆེ་བ་དང་། བཟུང་ནས་བོས་ན་མིང་མི་སྙན་མ་མེད།”[17]ཅེས་རུས་ཚན་མང་དུ་འཕེལ་བ་དང་། གཞི་རྩའི་རུས་ཚན་དེ་དག་ལས་ད་དུང་རུས་ཚན་ཇི་སྙེད་ཅིག་འཕེལ་ཡོད་པའང་བཤད་དུ་ཡོད་པ་ཡིན།
         ད་ནི་སྐབས་དོན་རུས་ཚན་ཁྱུང་པོ་ནི་མིའུ་གདུང་དྲུག་གི་དབྲ་སྟེ་སེ་ཁྱུང་དབྲ་ལས་བྱུང་བ་ཡིན་ཞེས་མཁས་མང་སྨྲ་བར་བྱེད་པ་ནི་《རྒྱ་བོད་ཡིག་ཚང་ཆེན་མོ》ལས། “སེ་ཁྱུང་དབྲའི་ཆེ་དྲུག་དེ། སྟོད་ན་ཞང་ཞུང་ཁྱུང་པོ་གཉིས། བར་ན་མར་པ་སྤུ་རང་གཉིས། སྨད་ན་རེ་ཁེ་ཉག་ལེ་གཉིས། ཆེ་དྲུག་མཚན་གྱི་བཙུན་དྲུག་དེ། ཀྲི་ལ་རྨེ་ཤ་དང་རྨེ་ཚན་གཉིས། བྲག་ཏུ་ལ་གུ་གུ་དང་རྡོར་ཉེ་གཉིས། ཉག་ལེ་ལ་ཁོ་པོ་དང་ཁོ་དབྲ་གཉིས། དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན།”[18]ཞེས་པ་ནི་ལུང་གི་རྒྱབ་རྟེན་བཅོལ་ས་ཡིན་པ་འདྲ། དེ་བཞིན་དུ་སེ་ཁྱུང་དབྲ་ཞེས་པ་ནི་རུས་ཚན་སྦྲེལ་བའི་མིང་ཞིག་ཡིན་པར་སེམས་ཏེ། དུས་རིམ་མི་འདྲ་བའི་ནང་དུ་རུས་ཚན་མང་པོ་ཞིག་འཕེལ་རྒྱས་ཕྱིན་ལ། རུས་ཚན་བར་གྱི་འབྲེལ་བ་ཅི་རིགས་ཤིག་བྱུང་མྱོང་ཡོད་ལ། དེ་ལས་རུས་ཚན་ལ་ལ་མཐུན་སྡེབ་བས་ཡོད་པ་ནི་རུས་ཚན་ཇི་བཞིན་མཆེད་ཡོད་པའི་གནས་ཚུལ་དང་ཡོངས་སུ་མཐུན་པ་ཞིག་ཡིན། “འདིར་ཁྱུང་པོ་རྒོད་ཚང་པའི་ལོ་རྒྱུས་ལ། ཚེ་ལོ་བརྒྱ་པའི་དུས་སུ་གཤེན་རབ་མི་བོ་དང་དུས་མཚུངས་ཏེ། ཀུན་ཏུ་བཟང་པོ་རིག་སྣང་འོད་ཀྱི་རྒྱལ་པོ་དེས་འགྲོ་བ་སེམས་ཅན་གྱི་དོན་ལ་དགོངས་ནས། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་དུ་བྱོན་པ་ནི་ཟག་མེད་ཐབས་དང་ཤེས་རབ་ཀྱི་རྒྱུད་པ་སྐུ་ལ་རྫོགས་ནས། ཟག་བཅས་ལྷ་ཡི་རྒྱུད་པ་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་གསུམ་སྤྲུལ་ཏེ། སྟེང་ཕྱོགས་མངོན་པར་དགའ་བའི་ཞིང་། ཀུན་སྨོན་རྣམ་པར་དག་པའི་ཞིང་ཁམས། མི་མཇེད་འཛམ་གླིང་འདི་ཡི་དབུས་ཕྱོགས། མངོན་ནམ་མཁའི་དབྱིངས་ན་འདུག ། ལྡོང་དར་ཕྱུག་ཅན་གྱི་དགྲ་བླ་བྱེད་པར་ཆད། ། དབྲ་ལ་དབྲ་མོ་དབྲ་བཀྲ་བྱིན། ། བྱ་ཁྱུང་ལྕགས་ཀྱི་མཆུ་ལྡེར་ (སྡེར་) ཅན། ། ནམ་མཁའི་འགྲིམ་ཞིང་གངས་སྲོང་ཉུལ། ། དབྲ་བཙུན་དར་ཅན་གྱི་དགྲ་བླ་བྱེད་པར་ཆད།”[19]ཅེས་གཉན་གྱིས་གདུང་དྲུག་བོད་ལ་ཕ་ཡི་སྟོང་སྐལ་དུ་དབྲ་ལ་བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན་ཡོད་པ་ཞིག་སྤྲད་པ་ཡིན་ཟེར། དེ་ལས་ཁྱུང་ནི་དབྲ་ཡིས་དགྲ་ལྷ་དང་བླ་རྟགས་སུ་འཛིན་དགོས་ངེས་ཞིག་ཡིན་པ་སྟོན་གྱི་ཡོད། སེ་ཁྱུང་དབྲ་ནི་བོད་ཀྱི་མིའུ་གདུང་དྲུག་གམ་རུས་ཆེན་བཞིའི་ཡ་གྱལ་ཞིག་ཡིན་པར་གྲགས་ཏེ། བོད་ཀྱི་གནའ་རབས་ལོ་རྒྱུས་སུ་ཕ་སྤྲེའུ་དང་མ་བྲག་སྲིན་གཉིས་འདུས་པ་ལས་སྤྲེལ་ཕྲུག་“མང་དུ་འཕེལ་བ་དུམ་བུ་བཞིར་ཆད་དེ་རྩོད་པས་བོད་ཀྱི་མི་བུ་རིགས་བཞི་ཞེས་སེ་དང་རྨུ་ལྡོང་དང་། སྟོང་གི་རུས་ཚན་བཞི་བྱུང་བར་གྲགས་ཤིང་། ཡང་དབྲ་དང་འདྲུ་བསྣན་ནས་མི་བུ་རིགས་དྲུག་ཏུའང་གྲགས་སོ།”[20] ཞེས་སྤྲེལ་ལས་གྲོལ་བའི་རུས་རྒྱུད་བྱུང་ཚུལ་དང་། 《དབུ་ནག་མིའུ་འདྲ་ཆགས》ཞེས་པའི་ཡིག་ཆ་ལས་སྲིད་པ་སྐོས་དྲུག་ལས་མིའུ་གདུང་དྲུག་འཕེལ་བའི་སྐོར་འཁོད་ཡོད་པ་སྟེ། “བོད་འཛང་མ་ཕྲམ་ལ་སྲས་ཁྲི་ཐོ་ཆེན་པོ་ཡོད། ཁྲི་ཐོ་ཆེན་པོ་དེ། གཉན་ལྕམ་དཀར་མོ་ཁབ་ཏུ་བཞེས་པ་ལ། སྲས་གསུམ་ཡོད་པ་དེ། ཆེ་བ་ལྡང་། འབྲིང་དབྲ། ཆུང་བ་འགྲུ། དེ་ནས་དམུ་ཟ་ཁབ་ཏུ་བཞེས་པ་ལ། དམུ་ཚ་སྒ་སྲིད། སྲིན་མོ་གོ་ཟུ་ཅན་ཁབ་ཏུ་བཞེས་པ་ལ། སྲས་གཉིས་ཡོད་པ་དེ། ཆེ་བ་དབལ། ཆུང་བ་ལྡ། བོད་མ་གསུམ་ལ་བུ་དྲུག་བྱ་བ་ཡིན། ཕ་རྒན་ཨ་མཉེ་ཁྲི་ཐོ་ཆེན་པོ་ཡིན།”[21]ཞེས་ཕ་གཅིག་ལས་བྱུང་བའི་མི་རྒྱུད་ཡིན་པ་ནི་སྤྲེལ་ཕྲུག་དང་འདྲ་བར་བྱུང་འདུག་གོ ། ཡང་《རྒྱ་བོད་ཡིག་ཚང་ཆེན་མོ》ལས། “བོད་མིའི་ཁམས་རིགས་འབྱེད་ན། མིའུ་རིགས་བཞི་བྱ་བ་ཡོད་པ་ནི། ཡེ་སངས་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་གཅིག ཡེ་སྨོན་ནག་པོ་ཁྲོ་ཆུའི་ཕ་འོང་འདྲ་བ་དང་གཉིས། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མོན་རྫུང་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞིཝོ”[22]ཞེས་ཟེར་བ་ལ་དྲན་དབང་དགེ་འདུན་ཆོས་འཕེལ་གྱིས་“རྒྱ་ནག་པ་རྣམས་ནི་སེསྒེ་མགོ་ལུས་སྔོན་པོར་བྱེད་པ་ཡིན་ཅིང་། རང་རེ་ནི་དཀར་པོ་བྱས་ལ། ལི་ཡུལ་གྱི་བྲིས་ཆ་འགལལའང་སྣང་ཞིང་། སྔོན་བོན་ལ་གྲགས་པ་ཞིག་མིན་ནམ་སྙམ་སྟེ། བོད་ཀྱི་རྩ་བའི་རུས་ཆེན་འདྲེན་པའི་སྐབས། ཡེ་སེང་དཀར་མོ་གནམ་གྱི་འཇུ་ཐག་ཅན་གཅིག སྤྱང་ཕྲུག་ཡེ་ཤེས་ལྷ་ཡི་སྒྲོན་མ་གཉིས། མོ་རྫི་ནག་པོ་ཁྱིའི་རྔ་མ་ཅན་གསུམ། སོགས་བོན་རྒན་རྣམས་ཀྱི་གསུང་རིས་འཁྲུལ་མེད་ཅིག་འདུག་པས་སོ།”[23]ཞེས་བོན་གྱི་གཞུང་ལས་བྱུང་ཡུལ་སྡེ་ཐམས་ཅད་ཀྱི་མགོ་བོ། ཞང་ཞུང་ཁ་ཡུག་གི་ཡུལ། མེ་ཏོག་མཛེས་པའི་གླིང་ལ། སྔ་གྲོ་ (དྲོ་) དལ་གཅིག་ལ་བབས་ནས། སླར་འཕུར་ཏེ་དགུང་དུ་གཤེགས་སོ། དེ་ལ་ཡུལ་དེ་ཡི་མི་རྣམས་ཀྱིས་ལྟད་མོ་བལྟས་ནས། མེ་ཏོག་མཛེས་པའི་གླིང་ལ་འདབ་ཆགས་ཀྱི་རྒྱལ་པོ་རྭ་ཅོ་ཅན་དང་། སྤྱན་མིག་དམར་བ། སྤྱི་གཙུག་ནོར་བུ་འོད་འབར་གྱི་བརྒྱན་པ་གསུམ་བབས་པ་འདི་ཅི་ཡི་ལྟས་དང་ཆོ་འཕྲུལ་ཡིན། ཞེས་ཀུན་ལ་དྲིས་པས། ཤེས་ཆེན་རྒན་པ་རྣམས་ཀྱིས་ན་རེ། ཁྱུང་མོ་ལ་གནམ་རུ་མེད་ཅིང་། ཁྱུང་ཕོ་ལ་གནམ་རུ་དགུང་དུ་སྔོ་ཟེང་ངེ་བ་ཡོད་པ། ནོར་བུ་འབར་བའི་རྒྱན་དང་བཅས་པ་དེ། ཁྱུང་ཕོ་ཁྱད་པར་ཅན་ཞིག་རེད་ཟེར། ཞག་གསུམ་གྲོས་བཞི་ནས་སྔར་ཁྱུང་གསུམ་བབས་པའི་མལ་དུ། སྦལ་མོའི་དྲོད་ལས་ཟིལ་པ་ཆགས། ཟིལ་པ་དེ་ལས་ཤེལ་གྱི་སྒོ་ང་དཀར་པོ་རེ་རེ་གྱུར་རོ། སྒོ་ང་དེ་གསུམ་རྡོལ་བའི་ནང་དུ། ཁྱད་པར་འཕགས་པའི་ཁྱེའུ་མཚན་དང་ལྡན་པ་བྱུང་བ་ནི། ཆེ་བ་ལྷ་ཁྱུང་རྒྱལ། དེ་འོག་ཁྱུང་རྒོད་ཐོག་ལ་འབར། ཆུང་བ་དམུ་ཁྱུང་རྒྱ་ལ་དང་གསུམ་མོ། ཁྱེའུ་དེ་གསུམ་རྫུ་འཕྲུལ་གྱི་སྒོ་ང་ལས་འཁྲུངས་པས། ཁྱུང་པོ་རྒོད་ཚང་ཞེས་བྱའོ”[24]ཞེས་ཁྱུང་རབས་ཁག་ལས་ཁྱུང་པོ་ནི་བྱ་ཁྱུང་ཆེན་རྭ་ཅོ་ཅན་དང་མིག་དམར་བ། སྤྱི་གཙུག་ལ་ནོར་བུ་འོད་འབར་བ་ཡོད་པ་ཞིག་ལས་བྱུང་བ་ཚིག་འགྲོས་ཙམ་མམ་ཁྱེའུ་གསུམ་དང་བཞི་ཡི་ཁྱད་ཙམ་ལས་གོང་གི་ལུང་འདྲེན་དེ་དང་སྤྱིའི་ཆ་ནས་མཐུན་པ་ཡིན། གཏམ་རྒྱུད་དེ་ལས་ཁྱུང་པོའི་མི་རྒྱུད་བྱུང་རབས་དང་། བོད་མིའུ་གདུང་དྲུག་ལས་ཁྱུང་པོའི་རུས་ཚན་འཕེལ་བ་གཉིས་འགལ་བ་གང་ཡང་མེད་དེ། བྱ་ཁྱུང་ལས་ཁྱུང་པོ་བྱུང་བ་དང་། བྱ་ཁྱུང་དེ་བླ་རྟགས་སུ་བཟུང་སྟེ་རིགས་རུས་འཕེལ་བ་གཉིས་ནི་བྱ་བ་འབྱུང་བའི་དུས་རིམ་མི་འདྲ་བ་ཡོངས་སུ་མངོན་གྱི་འདུག དེ་ཡང་མིའི་རིགས་སྒོ་ང་ལས་བྱུང་བའི་གཡུང་དྲུང་བོན་གྱི་ལྟ་བ་འཛིན་པའི་སྐྱེ་བོ་དག་ལ་ནི་བྱ་ཁྱུང་གི་སྒོ་ང་ལས་འགྲོ་བ་མི་གྲོལ་ཆོག་པར་སེམས་ཏེ་སྒོ་ང་ལས་མིའི་རིགས་བྱུང་བ་འཛིན་པའི་ཕྱིར་རོ། ། དེར་བརྟེན་བྱ་ཁྱུང་དེ་ཉིད་མེས་པོ་དང་། ལྷ་མཐུ་སྟོབས་ཅན། རུས་རྒྱུད་ཚོ་པ་དེའི་བླ་རྟགས་སུ་བཟུང་ན་མི་ཆོག་པ་གང་ཡང་མེད་དོ། ། དེ་བཞིན་ཞང་ཞུང་གི་མི་རྒྱུད་དེ་རྣམས་གཙོ་ཆེར་ཁྱུང་གི་རུས་ཚན་ལས་གྱེས་པ་ཡིན་ཞེས་པ་ཡང་གཏམ་རྒྱུད་དེ་ལས་གསལ་བ་ཡིན་ཏེ། འགྲོ་བ་མིའི་རིགས་སྒོ་ང་ལས་བྱུང་བའི་བོན་ལུགས་འཛིན་པའི་ལྟ་བ་ལས་བྱ་ཁྱུང་གི་སྒོ་ང་ལས་ཁྱུང་པོ་བྱུང་ཞིང་། ཞང་ཞུང་གི་མི་རྒྱུད་ཕལ་མོ་ཆེ་རུས་ཁྱུང་ལས་གྱེས་པ་ཞིག་ཡིན་སྟབས་ཡུལ་ལ་ཁྱུང་ལུང་དང་མཁར་ལ་ཁྱུང་ལུང་དངུལ་མཁར་ཞེས་པའི་ཐ་སྙད་ཆགས་པ་ཡིན་ཟེར།
         ཡང་ཁྱུང་པོ་མ་བྱུང་གོང་ལ་ཡུལ་དེ་དབྲ་ཡིས་འཛིན་པ་དང་རྒྱལ་པོས་དབྲ་ཡི་བདག་ཁོངས་ཁྱུང་པོ་ལ་སྤྲད་པ་ཡིན་ཟེར་བ་དང་། སེ་ཁྱུང་ཞེས་པ་ཁྱད་ཆོས་ཀྱི་ཚིག་སྟེ་དབྲ་ཡི་གོང་དུ་བྱུང་བའི་དབྲ་ནི་ཁྱད་གཞི་བརྗོད་པའི་ཚིག་ཡིན་ཟེར་བ་གཉིས་ནི་དོན་འདྲ་བ་ཞིག་ཏུ་སྣང་སྟེ། གཉིས་ཀས་དབྲ་དང་ཁྱུང་གཉིས་ཀྱི་རུས་ཚན་ལས་དབྲ་ནི་གཙོ་བོ་དང་། ཁྱུང་ནི་ཞར་དུ་བྱུང་བ་དང་རྗེས་སུ་བྱུང་བ་ཞིག་ཡིན་ཚུལ་བཤད་ཡོང་གི་ཡོད། དེས་ན་གཏམ་དེ་དག་ནི་རུས་ཚན་ཕན་ཚུན་མཉམ་སྡེབ་ཀྱི་རྣམ་གཞག་དང་ཡོངས་སུ་མི་མཐུན་ཞིང་། སྔ་རྗེས་ཀྱང་ཞང་ཞུང་གི་མི་རྒྱུད་ཁྱུང་ལས་བྱུང་བ་ཡིན་ཞེས་པ་དང་ཡང་ནང་ཕན་ཚུན་འགལ་བའི་རང་བཞིན་དུ་གྲུབ་ཀྱི་ཡོད། ཞང་ཞུང་གི་མི་རྒྱུད་ཁྱུང་ལས་གྲོལ་བ་རེད་ཅེས་མཐའ་གཅིག་ཏུ་ཁ་ཚོན་གཅོད་པར་མ་ནུས་ཀྱང་ཁྱུང་གི་རུས་རྒྱུད་དེ་ཡ་ཐོག་ཞང་བོད་ཀྱི་རུས་རྒྱུད་རྙིང་པ་ཞིག་ཡིན་པ་མཚོན་ནུས་ཏེ། ཚེ་ལོ་ཁྲི་པའི་དུས་ནས་རུས་ཁྱུང་པོ་ཡོད་པར་གྲགས་པས་སོ། ། དོན་དངོས་སུ་མཁས་དབང་ནམ་མཁའི་ནོར་བུ་མཆོག་ནས་“སྤྱིར་བཏང་དུ་བསེ་ཁྱུང་སྦྲ་ཞེས་བརྗོད་པའི་ཚེ་སྦྲ་ལ་བསེ་ཁྱུང་ཞེས་པའི་ཁྱད་ཆོས་ཀྱི་ཚིག་སྦྱར་བའི་སྲོལ་ལྟ་བུར་སྣང་མོད། དོན་དུ་སྦྲའི་ནང་ཁོངས་སུ་གཏོགས་པའི་རུས་ཚན་བྱེ་བྲག་པ་འགའ་ཞིག་ལ་བསེ་དང་ཁྱུང་ཞེས་བྱ་བ་ཡིན། ཞང་ཞུང་གི་མི་རྒྱུད་དེ་རྣམས་གཙོ་ཆེར་ཁྱུང་གི་རུས་ཚན་ལས་གྱེས་པ་ཡིན་སྟབས་ཡུལ་ཁམས་ལའང་ཁྱུང་སྟེ། ཞང་ཞུང་གི་གནའ་སྐད་དུ་ཞུང་ཞེས་པའི་ཐ་སྙད་འདི་བྱུང་ཡོད་པ་ནི་གོར་མ་ཆག”[25]ཅེས་གསུངས་པ་ལས་ཁ་གསལ་གྱི་གོ་བྱེད་གཞན་ཞིག་དགོས་པ་མི་འདུག་སྟེ། སེ་ཁྱུང་དབྲ་ནི་སྤྱིར་བཏང་གི་ཐ་སྙད་གྲུབ་སྟངས་དང་མི་འདྲ་བར་དེ་ནི་རུས་ཚན་ཕན་ཚུན་སྦྲེལ་བའི་ཐ་སྙད་ཅིག་ཡིན་པས་རུས་ཚན་མི་འདྲ་བ་གསུམ་སྟོན་པའི་ཐ་སྙད་ཡིན་དགོས་སོ། ། དེ་ཡང་རུས་ཚན་སྦྲེལ་ཚུལ་ནི་གདུང་དྲུག་བོད་ཀྱི་ཨ་མྱེ་གཉན་གྱིས་བསད་པའི་དེ་ལ་སྟོང་འཇལ་བ་ལ་སྲོག་ཆགས་རེ་སྤྲོད་དགོས་རྒྱུ་བྱས་པའི་དབྲ་ལ་དབྲ་མོ་དབྲ་བཀྲ་བྱིན། བྱ་ཁྱུང་ལྕགས་ཀྱི་མཆེ་ལྡེར་ཅན། ནམ་མཁའ་འགྲིམ་ཞིང་གངས་རི་ཉུལ། དབྲ་བཙུན་དར་ཅན་གྱི་དགྲ་བླ་བྱེད་པར་ཆད། ཅེས་དབྲ་ལ་བྱ་ཁྱུང་སྤྲད་པས་དབྲ་ཡིས་རུས་རྒྱུད་ཀྱི་མཚོན་བྱེད་དང་དགྲ་བླར་བརྩིས་ཤིང་། ཁྱུང་དང་དབྲ་ཡི་རུས་ཚན་སྦྲེལ་བའི་ཐོག་མའི་འབྲེལ་བ་ཡིན་པ་འདྲ་ཞིག་གོ་ཡོང་གི་ཡོད། དེ་བཞིན་དུ་“ལྷ་ཁྱུང་ཀླུ་ཁྱུང་མི་ཁྱུང་སྨུག་པོ་གསུམ། ཞང་ཞུང་རྒྱ་ལ་པོའི་ལུག་རྫིས་རིག་ནས་རྒྱལ་པོ་ལ་ཞུས་སོ། རྒྱལ་པོས་སྒོ་ང་ལས་གྲུབ་པའི་མི་ཁྱུང་སྨུག་པོ་དེ། ལམ་དུ་མ་གྲོངས་པར་བདག་གི་ཅན་དུ་གདན་འདྲེན་གྱིས་ཤོག་གསུངས།......ཁྱུང་རྒོད་ཐོག་ལ་འབར་མཚན་དུ་གསོལ། སྟོད་ཁྱུང་ལུང་དངུལ་མཁར་དབྲ་ཡི་ས། དབྲ་རྗེ་སྟོན་པའི་གདན་ས་ལ། ཁྱུང་པོ་ཆགས་པའི་གདན་ས་བྱས། ཁྱུང་དབྲ་དཀར་ཟེར་བ་དེ་ནས་ཡིན།”[26]ཞེས་པའང་ཁྱུང་རབས་ལས་བྱུང་བའི་སེ་ཁྱུང་དབྲ་ཞེས་པའི་འབྱུང་ཁུངས་སྟོན་པའི་ཟུར་གཞན་ཞིག་བཤད་ཀྱི་ཡོད་པ་ལས་རུས་རྒྱུད་དབྲ་སྔོན་དུ་བྱུང་བ་དང་། རུས་རྒྱུད་ཁྱུང་པོ་རྗེས་སུ་བྱུང་བ་ཡིན་ཞེས་པའི་དོན་མཚོན་མི་ནུས་སོ། ། རུས་ཆེན་གཅིག་གི་མི་རྒྱུད་ཀྱིས་ཡུལ་ཁམས་གཅིག་ལ་དབང་བྱས་པའི་རྒྱུ་མཚན་གྱིས་ཡུལ་དེར་གཙོ་ཆེར་རུས་ཆེན་གང་རུང་གཅིག་ལས་མཆེད་པའི་མི་རྒྱུད་མང་བ་ཡིན་དགོས་ལ། ཡུལ་དེར་རུས་རྒྱད་ཚོ་པ་དེས་བཟུང་བའི་ཡུལ་གྱི་མངལཁོངས་ཡོངས་ལ་རུས་དེའི་མིང་བཏགས་པ་ཡང་མང་པོ་ཡོད་དེ།“སྤྱིར་བོད་ཀྱི་ཡུལ་འདིར་ཡུལ་གང་དང་གང་དུ་རུས་ཚན་གྱི་མི་ཤས་ཆེ་བར་བྱུང་བའི་ཡུལ་ས་དེ་ལ་རུས་དེ་དང་དེའི་མིང་གིས་བཏགས་”[27]ཞེས་གསུངས་པ་སོགས་ལས་གོ་ནུས་སོ། །    
གསུམ་པ།  ཁྱུང་གི་རུས་ཐོབ་ཀྱི་སྐོར་གླེང་བ།
         ཁྱུང་པོ་རྒོད་པ་ཚང་གི་ལོ་རྒྱུས་ལས་ཁྱུང་པོ་ཞེས་བྱ་བ་སྔོན་ཚེ་ལོ་ཁྲི་པའི་དུས་ཀྱི་ཡན་ཆད་ནས་ཡོད་པ་ཡིན་ཟེར་བ་དེ་ནི་ཡ་ཐོག་གི་རུས་རྒྱུད་ཇི་ལྟར་མཆེད་ཡོད་པའི་གནས་ཚུལ་དང་ཡོངས་སུ་མཐུན་པ་ཞིག་ཡིན་སྙམ། ཡིན་ཡང་ཁྱུང་རབས་ལས་ཁྱུང་གི་རུས་རྒྱུད་མཆེད་ཚུལ་ནི། “ཡང་སྒོས་མི་ཁྱུང་སྨུག་པོ་དེ། ། ཞང་ཞུང་ཡུལ་གྱི་སྟོན་པ་མཛད། ། ཕྱ་ལྕམ་དཀར་མོ་བཙུན་མོར་བཞེས། ། བསྟན་པ་རྗེས་བཞག་སྐུ་སྲས་ནི། ། སྟག་སྒྲ་དུན་ཙུག་ནོར་བུ་ཞེས། ། བཅོ་བརྒྱད་ལོན་ནས་རྒྱལ་ས་མནན། ། སྐུ་ལ་སྤྲུལ་པའི་སྲས་ཅིག་བལྟམ། ། བཅུ་དགུའི་དུས་ནས་འགྲོ་དོན་མཛད། ། ཁྱད་འཕགས་སྟོན་པ་མངོན་དུ་གྱུར། ། གཟིགས་ཚད་ཐམས་ཅད་འགྲོ་བ་འདྲེན། ། དེ་སྲས་གཉན་གཤེན་གཙུག་ཕུད་ཅེས། ། ཞང་ཞུང་ཡུལ་གྱི་སྟོན་པ་མཛད།”[28]ཅེས་དང་། “ཞང་ཞུང་རྒྱལ་རབས་བཞི་བཅུ་ལ། ། བསྟན་པ་ཞང་ཞུང་ཡུལ་དུ་དར། ། བོད་ཀྱི་རྒྱལ་པོ་མངའ་ཐང་ཆེ། ། རྒྱས་བཤད་བྱས་པ་མ་ཡིན་ཀྱང་། ། ཅུང་ཙམ་མདོ་བསྡུས་བཤད་པ་ནི། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ཡིས། ཞང་ཞུང་ཡུལ་ནས་གཤེན་པོ་བརྒྱད། གངས་ཅན་བོད་དུ་མཆོད་གནས་བྱས། བོན་བསྟན་དར་ཞིང་རྒྱས་པར་སྤེལ། ། ཁྱུང་པོ་ཐ་མི་གྱེར་ཆེན་གྱིས། །བོན་གྱི་བསྟན་པ་བོད་དུ་བཙུགས། ། བོན་བསྟན་གངས་ཅན་བོད་དུ་དར། ། དེ་དུས་ཆོས་ཞེས་བྱ་བ་མེད། །”[29]ཅེས་ཁྱུང་པོའི་མི་རྒྱུད་འཕེལ་རིམ་ལས་བྱ་ཁྱུང་གི་སྒོ་ང་ཐ་ཆུང་ལས་བྱུང་བའི་མི་ཁྱུང་རྒྱལ་ལམ་མི་ཁྱུང་སྨུག་པོ་ཟེར་བ་ལས་མི་རྒྱུད་ཟམ་མ་ཆད་པར་འཕེལ་ཞིང་། དེ་དག་རེ་རེ་ནས་གཡུང་དྲུང་བོན་གྱི་བྱ་བ་རླབས་ཆེན་མཛད་ཅིང་། ཞང་ཞུང་རྒྱལ་རབས་བཞི་བཅུ་ལ་ཁྱུང་པོ་བླ་རབས་མ་ཆད་པར་སེམས་ཅན་གྱི་དོན་མཛད་པར་བསྟན་ཡོད། དེ་བཞིན་སྤུར་རྒྱལ་བོད་ཀྱི་རྒྱལ་རབས་དང་པོ་གཉའ་ཁྲི་བཙན་པོ་ཡིས་ཞང་ཞུང་ཡུལ་ནས་གཤེན་པོ་བརྒྱད་གདན་དྲངས་པ་དང་། གཤེན་པོ་བརྒྱད་ལས་ཁྱུང་པོ་ཐ་མི་གྱེར་ཆེན་ཟེར་བ་གཙོ་བོ་བྱས་པའི་བོན་གྱི་བསྟན་པ་བོད་དུ་སྤེལ་བ་ཡང་གསལ་ཡོད་ལ། ཁྱུང་པོ་ཐ་མི་གྱེར་ཆེན་ཟླ་མེད་ནི་སྤུར་རྒྱལ་བོད་ལ་གཡུང་དྲུང་བོན་བསྟན་དར་བར་བཀའ་དྲིན་བླ་ལྷག་ཆེ་བ་ཡང་བཤད་ཡོད། དེ་བཞིན་ཏུན་ཧོང་ཡིག་རྙིང་ལས་ཞང་ཞུང་ངར་པའི་རྗེ་བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ། ཟེར་བ་ལས་ཀྱང་ཞང་ཞུང་གི་རྒྱལ་རབས་ཐོག་མཐའ་བར་དུ་ཁྱུང་པོའི་བླ་རབས་བྱུང་ཞིང་། ཁྱུང་པོའི་དཔའ་རྒོད་ཀྱིས་བློན་རབས་བྱས་པ་ཡང་ཡིད་ཆེས་ཆོག་པའི་གཏན་ཚིགས་སུ་ཆགས་འདུག་ལ། “ཨར་ངང་པོའི་རྒྱལ་པོ་བརྩད་འཁོན། དཀར་པོའི་རྒྱལ་པོ་ཞང་ཞུང་། ཁྲ་བོའི་རྒྱལ་པོ་རླངས་མཆོག ནག་པོའི་རྒྱལ་པོ་ཁོ་ཡོ་ཁོ་སྤྲོ་ཡིན། ཨ་སྐྱེ་མགོ་དེ་འཁོག་དང་རྩད་པོས་མཐོ། ས་མཁར་ཞང་ཞུང་ཁྱུང་པོས་བཟུང་། ལྷ་རི་ལྷ་མཁར་ལྷ་རྩེ་གསུམ། ཁྱུང་པོས་སྐྱིད་ལ་བརྩིགས་ཀྱི་མཁར་གསུམ་ཡིན།”[30]ཟེར་བ་ལས་ཀྱང་ཁྱུང་པོའི་ཕོ་རྒོད་ཀྱིས་ཞང་ཞུང་གི་རྒྱལ་ཁམས་འཛིན་ཞིང་།  ཕྱི་དགྲ་བཏུལ་ལ་ནང་ཕུ་ནུ་མཐུན་གྲོགས་བྱས་པའང་མཚོན་ནོ། ། དེ་བཞིན་“དེ་ཚེ་བོད་མི་སྐལ་ལྡན་འགའ་ཡིས་མཐོང་། བཙན་པ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབས། གཉན་པ་སེ་དང་སྦོ་སྟེ་ཡབ་འབངས་རུས་དྲུག་དང་།”[31]ཞེས་པ་ནི་བཙན་པོ་གཉའ་ཁྲི་ལྷ་རི་རོལ་པོ་བཙན་ཐང་སྒོ་བཞིར་བྱོན་པའི་སྐབས་སུ་བོད་ཀྱི་ཡབ་འབངས་རུས་དྲུག་དང་། རྩིས་པའི་ཤེས་པ་ཅན་བཅུ་གཉིས་ཀྱིས་མཇལ་བའི་སྐབས་སུ་ཡབ་འབངས་རུས་དྲུག་ནང་དུ་རུས་ཁྱུང་པོ་ཡང་ཡོད་པ་ཡིན། དེ་ལས་རུས་ཁྱུང་པོ་ཞང་ཞུང་ཙམ་མ་ཡིན་པར་སྤུར་རྒྱལ་དུའང་མཆེད་ཅིང་ཤིན་ཏུ་གྲགས་ཆེ་བའི་རུས་ཤིག་ཆགས་ཡོད་པ་མཚོན་ཡོད། ཡབ་འབངས་རུས་དྲུག་གི་ཁྱུང་པོ་དང་སེ་ཁྱུང་དབྲའི་ཁྱུང་པོ་གཉིས་དུས་དང་རྣམ་པ་ཀུན་ཏུ་ཡ་གྱལ་དུ་མི་འཛིན་ཅིང་རུས་ཁུངས་གཅིག་ལས་གྲོལ་བ་ཡིན་ངེས་སོ། །“རྒྱལ་པོ་འདིའི་རིང་ལ། ཁྱུང་པོ་སྤུང་སད་ཀྱིས་རྩང་བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་དེ། རྩང་བོད་ཁྱིམ་ཉི་གྲི། བཙན་པོའི་ཕག་དུ་པུལ་ཏེ། ཟུ་ཙེ་གློ་བ་ཉེ་འོ”[32] ཞེས་པའང་ཁྱུང་གི་རྒྱུད་ལ་སྐྱེས་པའི་ཕོ་རབ་ཅིག་ཡིན་པའང་ཤེས་ནུས་ཏེ། “སྤུང་སད་ཟུ་ཙེ་ལྟེ་བུ། ཚོར་སྐྱེན་ལ་དཀུའ་ཆེ། སྙིང་འཛངས། མྱི་ཆིག་ལ་ཚོགས་དགུ་ཚོགས་ན། ཟུ་ཙེ་ལྟེ་བུ་སུ་ག་ལ་ཡང་མྱེད་དོ།”[33]ཞེས་བཤད་ཡོད་ལ། བོད་བཙན་པོའི་བློན་ཆེན་ཡང་བྱས་ཡོད་པ་ལས་ཤེས་ཐུབ། དེ་བཞིན་“གྲི་གུམ་གྱིས་བོན་བསྣུབས་རྗེས་སྲས་སྤུ་ལྡེས་ལྷ་ཁྱུང་རྒྱལ་དང་མུ་ཁྱུང་རྒྱལ་སོགས་གདན་དྲངས་ཏེ་བོན་བསྟན་རྒྱ་ཆེར་སྤེལ་ལོ།”[34]ཟེར་བ་ལས་བོད་ཀྱི་བཙན་པོ་སྤུ་དེ་གུང་རྒྱལ་གྱི་སྐབས་སུ་ཁྱུང་པོ་ལྷ་ཁྱུང་རྒྱལ་དང་མུ་ (མི་) ཁྱུང་རྒྱལ་གཉིས་བོད་ལ་གདན་དྲངས་པ་གསལ་ཞིང་། བོད་བཙན་པོའི་རྒྱལ་ཁམས་སུ་གཡུང་དྲུང་བོན་རྒྱ་ཆེར་སྤེལ་ཡོད་པའང་གསལ་འདུག བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བན་བོན་རྩོད་པའི་བོན་གྱི་ཁ་འཛིན་དུ་རུས་ཁྱུང་ཡིན་པ་བཞུགས་པ་ནི་ 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་བསམ་ཡས་ཀྱི་དཀར་ཆག་ཆེན་མོར་གྲགས་པ་རྦ་བཞེད་ལས་ལུང་དྲངས་པ་ནི་“དེ་ནས་ཕག་གི་ལོ་ལ་ཕོ་བྲང་ཟུར་ཕུད་རྐྱང་བུ་ཚལ་ན་བཞུགས་པའི་ཚེ་ཆོས་ཀྱི་ཁ་འཛིན་ཞང་ཉ་བཟང་དང་། གཉེར་སྟག་བཙན་གཤོང་གཟིགས་དང་། སེང་མགོ་ལྷ་ལུང་གཟིགས་དང་། ཉང་ཤོ་མ་དང་བཞི་བོ་དྷི་ས་ཏྭའི་ཁ་འཛིན་དང་ཤགས་འདེབས་སུ་བསྐོས། བོན་གྱི་ཁ་འཛིན་ངམ་ཏ་ར་ཀླུ་གོང་། རྩིས་པ་ཆེན་པོ་ཁྱུང་པོ་དུམ་ཚུགས། ཁྱུང་པོ་རྩེ་བ་ཆེ་མི་དང་ཅོག་ལ་སོ་གས་བསྐོས་ཏེ་རྩོད་པ་ལས་བོན་ཁུངས་ངན་ལ་གཏན་ཚིགས་ཆུང་།”[35]ཞེས་པ་ལས་ཁྱུང་པོ་མང་དག་ཅིག་གིས་གཡུང་དྲུང་བོན་བསྟན་བོད་བཙན་པོའི་མངའ་ཁོངས་སུ་ཤི་གསོན་གྱི་ལ་རྒྱ་རྩོད་ཡོད་པ་གསལ་ལ་“དུས་དེར་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས། ཞང་ཞུང་གི་རྒྱལ་པོ་ལིག་མིན་རྒྱལ་བསྒྲུང་ནས། ཞང་ཞུང་བོད་ཀྱི་བཅུན། རྒྱལ་ཁྲིམས་སིལ་བུར་འཐོར། གཡུང་དྲུང་བོན་བསྣུབ་པའི་དུས་སུ། ལིག་མིག་རྒྱལ་གྱི་ཤུལ་དུ། ཞང་ཞུང་གི་རྒྱལ་པོ་ཁྱུང་སྟག་སྒྲ་དུན་ཙུག་གིས་བཟུང་ནས། བོན་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀའི་མངའ་བདག་མཛད།”[36]ཅེས་ཞང་ཞུང་གི་རྒྱལ་པོ་མཐའ་མ་དེ་བོད་བཙན་པོ་ཁྲི་སྲོང་གིས་བསད་དེ་ཞང་ཞུང་བོད་ཀྱི་དབང་དུ་བཅུག་པའི་སྐབས་སུ་ཞང་ཞུང་གི་ཆོས་སྲིད་གཉིས་ཀྱི་བདག་པོ་ཁྱུང་པོ་སྟག་སྒྲ་དུན་ཙུག་གིས་བྱས་ཏེ། གཡུང་དྲུང་བོན་མ་ནུབ་པར་མུ་མཐུད་སྐྱོང་བཞིན་ཡོད་པ་ཡང་ཤེས་ཐུབ། དེའི་སྲས་ཙན་སྒྲ་དུན་ཙུག་ཡིན་ཞིང་། དེ་ནས་བརྒྱུད་པའི་ཁྱུང་པོ་སྟོང་རྒྱུང་རིང་མོའི་སྐབས་སུ་ཞང་ཞུང་དུ་དམག་བྱུང་སྟེ། སྟོང་རྒྱུང་རིང་མོས་རྒྱལ་ས་དོར་ནས་མདོ་སྨད་རྨ་ཡི་བཀྲ་རི་ལྷ་མཚོ་ཟེར་བར་བྲོས། ཁྱུང་ལུང་དངུལ་མཁར་དུ་ཁྱུང་ཕྲུག་རྣམས་སྐེ་དར་གྱིས་བསྒག་ནས་བསད་པ་དང་ཐོད་པ་ལ་རྩིག་རྨང་བྱས་པས་ཁྱུང་པོའི་རིགས་རྒྱུད་རྣམས་སྟོད་སྨད་ཀུན་ཏུ་སྲོག་མགོ་གང་ཐོན་གྱིས་བྲོས་ཤིང་། ཤར་ཕྱོགས་སུ་ཁྱུང་སྒོམ་མུ་ལང་གི་རྒྱུད་འཕེལ་ཞིང་མཆེད་པ་ཡིན། དེ་ལས་བརྒྱུད་པའི་རྒྱ་ཚ་སྤུན་དྲུག་གི་ཆེ་བ་སྟོན་སྲས་ཀྱི་བུ་ཁྱུང་ཨ་བླ་ལས་དེང་གི་ཁམས་སྟོད་ཁྱུང་པོའི་ཡུལ་གྱི་ཁྱུང་པོ་དཀར་ནག་སེར་གསུམ་བྱུང་བར་བཤད།
         རིག་འཛིན་གདུང་རྒྱུད་ཆེ་དྲུག་སྟེ། གཡུང་དྲུང་བོན་གྱི་གདུང་རྒྱུད་ཆེ་དྲུག་ཏུ་བགྲང་བའི་རྒྱལ་རིགས་གཤེན་དང་། དཔལ་ལྡན་བྲུ། དབང་ལྡན་ཞུ གྲུབ་ཐོབ་སྤ། མཁས་པ་རྨེའུ། དམ་པ་ཁྱུང་ཟེར་བའི་དམ་པ་ཁྱུང་ནི་“ཁྱུང་དཀར་ཐོག་འབར་བརྒྱུད་པ་ཞང་ཞུང་ནས། སུམ་གླང་གྱིམ་ཤོད་སྟོད་སྨད་དུ་གྲོལ་ཏེ། བར་གྱི་ཁྱུང་པོ་དཀར་ནག་གསེར་གསུམ་ཞེས།  རྗེ་བོའི་བརྒྱུད་དང་དམ་པའི་བརྒྱུད་པ་སོགས།  མང་དུ་བྱུང་བའི་གདུང་རབས་རྒྱས་པར་ཡོད།”[37] ཅེས་པ་ལས་མི་ཁྱུང་སྨུག་པོའམ་ཁྱུང་རྒོད་ཐོག་ལ་འབར་ལས་མི་རྒྱུད་ཟམ་མ་ཆད་པར་བརྒྱུད་པའི་སུམ་པ་གླང་གི་གྱིམ་ཤོད་དུ་ཁྱུང་པོའི་རུས་རྒྱུད་ཀྱིས་རྗེ་བོ་བྱས་པའི་བརྒྱུད་པ་དང་། དམ་པ་བླ་མའི་བརྒྱུད་པ་བྱས་པ་གཉིས་སུ་བྱུང་ཞིང་། གདུང་རྒྱུད་ཆེ་དྲུག་གི་དམ་པ་ཁྱུང་ཟེར་བ་ནི་ཁྱུང་པོའི་རུས་རྒྱུད་དུ་བོན་གྱི་བླ་མ་གྲུབ་ཐོབ་མང་པོ་བྱོན་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་ལ་བྱས་རྗེས་རླབས་པོ་ཆེ་བཞག་གནང་བའི་དམ་པ་བླ་མའི་བརྒྱུད་པའི་ཁྱུང་ཟེར་བ་འདྲ། དེ་ལྟར་བར་ཁམས་ཁྱུང་པོའི་ཡུལ་དུ་དུས་ད་ལྟའང་ཁྱུང་གི་གདུང་རྒྱུད་འཛིན་པའི་བོན་གྱི་བླ་མ་མང་པོ་བཞུགས་ཡོད་པས་མཚོན་ནོ།།
         མཆན་འགྲེལ།
         [1]ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སེའི་འོད། [M] 1996ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན། ཤ76
         [2]དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། [M]2002ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ཤ2207
         [3]ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན། ཁྱུང་པོ་རྒོད་པ་ཚང་ཞེས་སྒོ་ང་ལས་གྲུབ་པའི་ལོ་རྒྱུས་རྒྱལ་ཁྱུང་དཀར་པོའི་གདུང་རབས་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལེགས་སྭོ། [M] ལག་བྲིས་པར་སློག་ཅན།
         [4]ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། [M] 1985ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ218
         [5]དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས།  ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] 1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ56
         [6]དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།  [M] 1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ75
         [7] དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] 1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ67
         [8] དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།  [M] 1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ65
         [9] དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] 1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ74
         [10] དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] 1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ95
         [11]བཤད་མཛོད་ཡིན་བཞིན་ནོར་བུ། [M] 2016ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། ཤ116
         [12] དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། [M]1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ13
         [13]མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག [M] 1988ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ39
         [14]རིན་སྤུངས་ངག་དབང་འཇིགས་གྲགས། མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ། [M] 1983ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ31 དེ་ཡང་སྔོན་འདུལ་བྱེད་མ་དང་བཀྲ་ཤིས་མ་ཞེས་བྱ་བ་གཉིས་ཀྱིས་རྒྱལ་པོ་ཞིག་གི་ཆུང་མ་བྱས་པ་ན། ལན་ཅིག་ཉི་མའི་ཤིང་རྟ་མཐོང་བས་འདུལ་བྱེད་མས་དཀར་པོ་ཞེས་སྨྲ། བཀྲ་ཤིས་མས་ནི་ནག་པོ་ཞེས་སྨྲ། དེ་གཉིས་རྒྱལ་བྱས་ཏེ་གང་བདེན་པས་རྒྱལ་པོའི་བཙུན་མོ་བྱེད་པ་བྱས། མི་བདེན་པས་གཡོག་མོ་བྱེད་པ་བྱས་སོ། དེ་ནས་ཀླུ་ཞིག་ཡོད་པ་ལ་བཀྲ་ཤིས་མས་བསྙེན་བཀུར་བགྱིས་ཏེ་ཁྱོད་ཀྱིས་ཉི་མའི་རྟ་ནག་པོར་མཐོང་བར་གྱིས་ཤིག་བྱས་པས་དེས་ཁས་བླངས་སོ། ཉི་མའི་རྟ་ནག་པོར་མཐོང་བས་འདུལ་བྱེད་མ་གཡོག་མོ་བྱེད་དགོས་པ་བྱུང་བས་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་ན།  དྲང་སྲོང་སྐར་མིག་གིས་སྒོ་ང་གསུམ་བྱིན་ཏེ་འདིས་ཁྱོད་ལ་ཕན་པར་འགྱུར་གྱི་ཞག་བདུན་མ་བརྡོལ་ཞིག་ཟེར་རོ། དེ་འདོད་པ་མྱུར་བས་ཉི་མ་གསུམ་ན་གཅིག་བརྡོལ་བ་ན་གློག་ཏུ་གྱུར་ཏེ་ནམ་མཁའ་ལ་སོང་ངོ་། ཡང་དྲུག་ན་གཅིག་བརྡོལ་བ་དང་བྱ་ཁྱུང་དུ་སོང་སྟེ་མ་ལ་ཕྱག་བྱས་ནས་ཁྱོད་ཀྱི་བྱ་བ་གང་དགོས་པ་བདག་གིས་བྱའོ་ཞེས་ཟེར་རོ། ཀླུ་ཡིས་ཉེས་པས་ཀླུ་རྣམས་མེད་པར་གྱིས་ཤིག་ཅེས་སྨྲས་ཏེ་དེ་ནས་ཀླུ་རྣམས་བྱ་ཁྱུང་གིས་ཟ་བར་བྱེད་གོཟེར་བ་ནི་རིག་བྱེད་ཀྱི་གཏམ་རྒྱུད་ལས་བྱ་ཁྱུང་གི་བྱུང་བ་ཡིན་ལ་ཕྱིས་སུ་ནང་ཆོས་སུའང་དེའི་ཤན་ཞུགས་ཆེན་པོ་བྱུང་བ་འདྲ།
         [15]མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། མདའ་དང་འཕང་། སྨད་ཆ། [M] 2007ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ཤ3l
         [16]མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། མདའ་དང་འཕང་། [M] སྨད་ཆ། 2007ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ཤ22
         [17]ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན། རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། [M] 1986ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། ཤ6
         [18]རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོ། [M] 1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ13
         [19]ཁུ་བྱུག་སྔོན་མོའི་སྒྲ་དབྱངས། བོན་ལུགས་ཀྱི་གནའ་བོའི་གཏམ་རྒྱུད་དང་ཆོ་གའི་སྐོར་གྱི་དཔེ་རྙིང་ཕྱོགས་བསྒྲིགས། [G]  2017ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། ཤ65
         [20]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] སྟོད་ཆ། 1985ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། ཤ154
         [21]ཁུ་བྱུག་སྔོན་མོའི་སྒྲ་དབྱངས། བོན་ལུགས་ཀྱི་གནའ་བོའི་གཏམ་རྒྱུད་དང་ཆོ་གའི་སྐོར་གྱི་དཔེ་རྙིང་ཕྱོགས་བསྒྲིགས། [M] 2017ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། ཤ64
         [22]དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། [M] 1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ128
         [23]མཁས་དབང་དགེ་འདན་ཆོས་འཕེལ་གྱི་གསང་རྩོམ་ཕྱོགས་སྒྲིག། [G] 1988ལོར་སི་ཁྲོན་མི་རིགས་དཔེ་སྐྲན་ཁང་གིས་བསྐྲུན། ཤ349
         [24]ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན། ཁྱུང་པོ་རྒོད་པ་ཚང་ཞེས་སྒོ་ང་ལས་གྲུབ་པའི་ལོ་རྒྱུས་རྒྱལ་ཁྱུང་དཀར་པོའི་གདུང་རབས་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལེགས་སོ། [M]ལག་བྲིས་པར་སློག་ཅན།
         [25]ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སེའི་འོད། [M]1996ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན། ཤ38
         [26] ཁྱུང་དཀར་ལྷ་མཆོག་རྒྱལ། དབྲ་དཀར་ཁྱུང་པོའི་གདུང་རབས་བྱོན་ཚུལ་རྣམ་དག་ཤེལ་འཕྲེང་བཞུགས་པ་དགེ་བ།  [M] པར་སློག་ལྕགས་པར་མ།
         [27]འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ།[M] སྨད་ཆ། 1985ལོ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ1265
         [28] ཁྱུང་དཀར་ལྷ་མཆོག་རྒྱལ། དབྲ་དཀར་ཁྱུང་པོའི་གདུང་རབས་བྱོན་ཚུལ་རྣམ་དག་ཤེལ་འཕྲེང་བཞུགས་པ་དགེ་བ། [M] པར་སློག་ལྕགས་པར་མ།
         [29] ཁྱུང་དཀར་ལྷ་མཆོག་རྒྱལ། དབྲ་དཀར་ཁྱུང་པོའི་གདུང་རབས་བྱོན་ཚུལ་རྣམ་དག་ཤེལ་འཕྲེང་བཞུགས་པ་དགེ་བ། [M] པར་སློག་ལྕགས་པར་མ།
         [30]ཏཱ་སི་ཏུ་བང་ཆུབ་རྒྱལ་མཚན། རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། [M] 1986ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། ཤ9
         [31]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། [M] 1985ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། ཤ159
         [32] དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] 1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ56
         [33] དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] 1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ49
         [34]ཁྱུང་པོའི་གདུང་རབས་གསེར་སྒམ་མ་བཞུགས། ལྕགས་པར་པར་སློག་ཅན། རྩོམ་པ་པོ་མི་གསལ།
         [35] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] སྟོད་ཆ། 1985ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། ཤ332
         [36]ཁྱུང་བླ་གཡུལ་རྒྱལ་གྲགས་པས་བསྡུ་སྒྲིག་བྱས། ཁྱུང་པོ་རྒོད་པ་ཚང་ཞེས་སྒོང་ང་ལས་ཁྱུང་པོ་སྟོད་སྨད་བར་གསུམ་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་རྣམ་ཐར་མདོར་བསྡུས་བཞུགས་སོ། [M] ལག་བྲིས་དཔེ་ཐུང་པར་སློག་ཅན། ཤ5
         [37]དཔལ་ཚུལ། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། [M] 1988ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། ཤ376

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1