ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ས་ནས་ལང་ཚོའི་གཟི་དཔལ་མངོན་པར་བྱེད་དགོས་ཞེས་བསྟན་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-17


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས15ཉིན་ཀྲུང་གུང་ཀྲུང་དབྱང་གི་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་སློབ་གྲྭ་ཆེན་མོའི་ཧུའུ་པེ་རུ་རོགས་སྐྱོར་ཕྱིན་པའི་སྨན་བཅོས་རུ་ཁག་གི“ལོ་རབས90པའི་ནང་སྐྱེས་པའི”ཏང་ཡོན་ཡོངས་ལ་འཕྲིན་ལན་བསྐུར་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་ན་ཡོད་པའི་རྒྱ་ཆེ་གཞོན་ནུ་ཚོར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས། 
        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད། ཁྱོད་ཚོ་གཞོན་ནུ་ཚོས་འཐབ་ས་དང་པོར་དཔའ་ངར་ཆེན་པོས་འཐབ་འཛངས་བྱེད་བཞིན་པའི་རྒྱ་ཆེའི་རིམས་འགོག་མི་སྣ་དང་མཉམ་དུ་དཀའ་ངལ་དང་ཉེན་ཁར་མི་སྐྲག་པར་འཐབ་སའི་སྔོན་ལ་མཆོང་པ་དང་། རང་སྲོག་བློས་གཏོང་བར་མི་འཛེམ་པར་ལང་ཚོའི་སྟོབས་ཤུགས་མངོན་ནས་ཚད་ལྡན་གྱིས་རྒྱུགས་ལན་སྤྲད་འདུག  རྒྱ་ཆེ་གཞོན་ནུ་ཚོས་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་རྣམས་ནི་མིག་དཔེ་བཟང་པོ་དང་འགན་འཁུར་ཐུབ་པ་ར་སྤྲོད་བྱས་འདུག་ཅེས་གསུང་།
        ཞི་ཅིན་ཕིང་གིས་བསྟན་དོན། གཞོན་ནུའི་མི་རབས་ལ་ཕུགས་བསམ་དང་། འཇོན་ཐང་། འགན་འཁྲི་བཅས་ཡོད་ཚེ་རྒྱལ་ཁབ་ལ་མདུན་ལམ་ཡོད་པ་དང་མི་རིགས་ལ་རེ་བ་ཡོད། ཁྱོད་ཚོས་ཧུར་ཐག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་བདེ་ཐང་ངང་འཚར་ལོངས་བྱུང་བ་དང་། དཀའ་སྤྱད་འབད་བརྩོན་ཁྲོད་བསམ་བློ་དང་གཤིས་རྒྱུད་ལ་སྦྱོང་བརྡར་བྱེད་པ། ལག་ལེན་ཁྲོད་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། མུ་མཐུད་དུ་སྲོག་སྐྱོབ་རྨས་གསོ་ཡི་ལས་གནས་ཐོག་ཧུར་ཐག་འབད་བརྩོན་བྱས་ནས་རྒྱ་ཆེའི་གཞོན་ནུ་རྣམས་ཀྱི་སྣེ་ཁྲིད་དེ་ཆར་རླུང་ལ་མི་སྐྲག་པ་དང་འགན་འཁྲི་འཁུར་ཕོད་པ། ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ས་ནས་ལང་ཚོའི་གཟི་དཔལ་མངོན་པར་བྱེད་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
        ཐེངས་འདིའི་རིམས་ནད་སྔོན་འགོག་ཁྲོད།“ལོ་རབས90པའི་གཞོན་ནུའི”མི་རབས་ཀྱིས་དཔའ་ངར་ཆེར་སྐྱེད་དང་འགན་ཁུར་ཕྲག་ཏུ་བླངས་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད། ཧུའུ་པེར་རོགས་སྐྱོར་བྱེད་མཁན་གྱི་སྨན་བཅོས་མི་སྣ་ཁྲི4.2ལྷག་ཙམ་གྱི་ཁྲོད་ནས་མི་ཁྲི1.2ལྷག་ཙམ“ལོ་རབས90ནང་སྐྱེས་པ”ཡིན་པ་དང་། དེའི་ནང་མང་ཆེ་བ་ནི“95ལོའི་རྗེས་ནས་སྐྱེས་པ”དང་ཐ་ན“00ལོའི་རྗེས་ནས་སྐྱེས་པ”ཡིན་པ་རེད། ཉེ་ཆར། པེ་ཅིན་སློབ་གྲྭ་ཆེན་མོའི་ཧུའུ་པེར་རོགས་སྐྱོར་སྨན་བཅོས་རུ་ཁག་གི“ལོ་རབས90པའི་ནང་སྐྱེས་པའི”ཏང་ཡོན34ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་ཚེ་སྲོག་མྱུར་སྐྱོབ་ཀྱི་གནས་ཚུལ་སྙན་སེང་ཞུས་པ་མ་ཟད་མུ་མཐུད་དུ་ཏང་ཡོན་གྱི་ནུས་པ་འདོན་སྤེལ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་འབུལ་བའི་ཆོད་སེམས་མཚོན་པར་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1