༄༅།། རྟའུ་པ། སེམས་མ་ཕམ།

བེ་མདས་བརྩམས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-17



བེ་མདས་བརྩམས།


ས་ཆེན་པོའི་ཕང་བ་རུ་འདས་མ་ད་གསུམ་གྱི་སྐྱིད་སྡུག་གི་རི་མོ་འབྲི་བཞིན།
དྭངས་གསལ་དཔྱིད་དུས་ཀྱི་མཛེས་ལྗོངས་ལ་རེ་བས་བཅར་དུས།
གློ་བུར་གློ་བུར་ཞིག་སྟེ།
དུས་མཐའི་སྐད་ཅིག་གི་ཡུན་ཐུང་ཙམ་ལ།
སྤྲོ་དགའི་མེ་ཏོག་གི་ཡུ་བ་བྲེག་ཅིང་།
མཛེས་སྡུག་འཇིག་རྟེན་གྱི་ཁ་དོག་བསྒྱུར་དུས།
སེམས་ཀྱི་ངོས་སུ་གཟེར་བྲང་བྲེང་བྱེད་ཅིང་།
སྙིང་གི་གསེབ་ཏུ་ཐེག་དཀའ་བ་ཞིག་བྱུང་སོང་།
འོན་ཀྱང་།  རྟའུ་པ།   སེམས་མ་ཕམ།
ཉི་འོད་སྔར་བཞིན་ཤར་གྱི་རི་རྩེ་ནས་འཛུམ་ཡོང་།



གནམ་སྔོན་པོ་གདུགས་དཀར་ཡུག་གཅིག་གི་འོག་ཏུ་མི་ཚེའི་ཁ་དོག་འབྲི་བཞིན།
མཚར་སྡུག་ཡིད་འོང་གི་མདུན་ལྗོངས་ལ་སྨོན་པས་བཅར་དུས།
ཐོལ་བྱུང་ཐོལ་བྱུང་ཞིག་སྟེ།
དུས་མཐའི་སྐད་ཅིག་གི་ཡུན་ཐུང་ཙམ་ལ།
བདེ་སྐྱིད་ཆུ་མོ་ཡི་རྒྱུན་ཐག་བཅད་ཅིང་།
ཡིད་འོང་འཇིག་རྟེན་གྱི་གནམ་ས་བརྗེ་དུས།
ཞེ་ཡི་གཏིང་ནས་འཁྱག་སིབ་སིབ་བྱེད་ཅིང་།
ལུས་ཀྱི་ཕུང་པོས་ལྕོག་དཀའ་བ་ཞིག་བྱུང་སོང་།
འོན་ཀྱང་།  རྟའུ་པ།  སེམས་མ་ཕམ།
དཔྱིད་ཀ་སྔར་བཞིན་མེ་ཏོག་དང་མཉམ་དུ་བཞད་ཡོང་།



གངས་དཀར་པོ་དར་དཀར་རིང་མོ་ཡི་རྒྱུད་དུ་མི་ཚེའི་སྨོན་པ་སྤུར་བཞིན།
མཛེས་སྡུག་ཡིད་འོང་གི་འཇིག་རྟེན་ལ་རེ་བས་བཅར་དུས།
གློ་རྡེག་གློ་རྡེག་ཅིག་སྟེ།
དུས་མཐའི་སྐད་ཅིག་གི་ཡུན་ཐུང་ཙམ་ལ།
རེ་སྨོན་བྱེའུ་ཆུང་གི་གཤོག་པ་དབྲལ་ཞིང་།
དྭངས་གཙང་དཔྱིད་དུས་ཀྱི་ལང་ཚོ་ནོགས་དུས།
ཡིད་ཀྱི་ཁོང་ནས་འདར་ཤིག་ཤིག་བྱེད་ཅིང་།
ཞེ་ཡིས་བསམ་ཤེས་བྱ་དཀའ་བ་ཞིག་བྱུང་སོང་།
འོན་ཀྱང་།  རྟའུ་པ།   སེམས་མ་ཕམ།
རེ་སྨོན་སྔར་བཞིན་མཛེས་སྡུག་གི་ཀློང་ནས་སྨིན་ཡོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1