ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལིར་ཞལ་པར་བསྐྱོན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-18



       སྤྱི་ཚེས་16ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེར་ཞལ་པར་བསྐྱོན་གནང་ཡོད།
       ཞི་ཅིན་ཕིང་གིས། ད་ལམ་ཀྲུང་གོ་དང་དབྱི་ཐ་ལི་གཉིས་ཀར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཚོད་བགམ་ནན་པོ་འཕྲད་ཡོད། ཟླ་བ་འགའ་ཤས་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་བ་བྱུང་བ་དང་། དུས་མཚམས་རང་བཞིན་གྱི་གལ་ཆེའི་གྲུབ་འབྲས་ཐོབ་ཡོད། དེ་དང་ཆབས་ཅིག་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་མགྱོགས་པོ་སླར་གསོ་བྱེད་བཞིན་ཡོད། ང་ཚོས་སྔ་བར་ཕྱི་གསུམ་དུ་བློ་རིག་སྒྲིམ་ནས་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་ཐུབ་པའི་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཁག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་སེམས་ཤུགས་སྤྲོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
       ཞི་ཅིན་ཕིང་གིས། དབྱི་ཐ་ལི་སྲིད་གཞུང་ནས་རིམས་ནད་ལ་ཁ་གཏད་གཅོག་ཆེད་བློ་ཐག་ཆོད་པོའི་སྔོན་འགོག་ཚོད་འཛིན་བྱ་ཐབས་རབ་དང་རིམ་པ་བཟུང་ཡོད་ཅིང་། དེར་ཀྲུང་གོའི་ཕྱོགས་ནས་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་དང་། དབྱི་ཐ་ལིའི་ཕྱོགས་ནས་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད། ང་ཚོས་དབྱི་ཐ་ལིའི་ཕྱོགས་ཀྱི་དགོས་མཁོ་ལྟར། སྨན་བཅོས་རིགས་གཅིག་མཁས་པའི་ཚོ་ཆུང་སྣོན་གཏོང་བྱས་པ་མ་ཟད། སྨན་བཅོས་དངོས་རྫས་སོགས་ཐད་ཀྱི་རོགས་སྐྱོར་མཁོ་འདོན་བྱེད་གང་ཐུབ་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་དབྱི་ཐ་ལི་ཕྱོགས་དང་ལྷན་དུ་རིམས་ནད་འགོག་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་བྱེད་པ་དང་། བདེ་ཐང་གི་དར་གོས་ལམ་བུ་ཞིག་འཛུགས་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། ད་ཐེངས་ལག་གདང་སྦྲེལ་ནས་རིམས་ནད་འགོག་རྒོལ་བྱེད་པ་བརྒྱུད། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་འགྲོ་བ་དང་། ཀྲུང་གོ་དང་དབྱི་ཐ་ལིའི་བར་གྱི་ཁྱོན་ཡོངས་མཉམ་ལས་ལ་སྔར་བས་རྒྱ་ཆེ་བའི་མདུན་ལྗོངས་ལྡན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།
       ཁུང་ཐེས། ཀྲུང་གོའི་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོའི་བྱ་ཐབས་བཟུང་བས། རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་ཐུབ་ཡོད། དེ་ནི་དབྱི་ཐ་ལི་སོགས་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་སྐུལ་མ་ཆེན་པོ་ཞིག་ཡིན་ལ། དཔྱད་གཞི་ཡང་མཁོ་འདོན་བྱུང་ཡོད་པས་དབྱི་ཐ་ལི་ཕྱོགས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་དབྱི་ཐ་ལིར་དཀའ་ཚེགས་ཆེ་ཤོས་འཕྲད་སྐབས་རྩ་ཆེའི་རྒྱབ་སྐྱོར་དང་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེའི་ཐོག་ནས་སླར་ཡང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་མོ་མངོན་ཡོད། ང་རང་ནས་དབྱི་ཐ་ལིའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་ཕྱོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིམས་ནད་ཚོད་འཛིན་བྱུང་རྗེས། དབྱི་ཀྲུང་འབྲེལ་བ་སྔར་བས་སྲ་བརྟན་དུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1