ཕྱི་རྒྱལ་གྱི་སྲིད་ཏང་དང་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་རིམས་འགོག་མཉམ་ལས་ཧུར་ཐག་སྤེལ་བར་ཚད་མཐོའི་གདེང་འཇོག་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-19


 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱི་རྒྱལ་གྱི་སྲིད་ཏང་དང་སྲིད་ཕྱོགས་མི་སྣ་གལ་ཆེན་ཁག་གཅིག་གིས་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་གློག་འཕྲིན་བཏང་བ་དང་འཕྲིན་ཡིག་སྤྲིངས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་རིམས་ནད་འགོག་རྒོལ་གྱི་ཉམས་མྱོང་དང་བྱེད་སྟངས་སྐོར་ཆེད་མངགས་འཕྲིན་ཡིག་སྤྲིངས་ནས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་འཛམ་གླིང་གིས་རིམས་ནད་འགོག་རྒོལ་བྱ་ཆེད་ཡིད་ཆེས་དང་སྟོབས་ཤུགས་བསྣན་ཡོད་ཅེས་བརྗོད།
     མོང་གོལ་རྒྱལ་ཁབ་མོང་གོལ་མི་དམངས་གསར་བརྗེ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཐུའུ་ལེ་ཀ་ཡིས། རིམས་ནད་གང་སར་མཆེད་པའི་དཀའ་ཚེགས་ཀྱི་དུས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་བཀོད་ཇུས་དང་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འགོག་རྒོལ་ཆེད་མིག་དཔེ་བཏོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཁབ་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་པའི་འབོད་སྐུལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དང་ལེན་དང་རྒྱབ་སྐྱོར་ཧུར་ཐག་ཐོབ་ཡོད་པས། འཛམ་གླིང་ཡོངས་ཀྱིས་ངེས་པར་དུ་ཀྲུང་གོའི་ཉམས་མྱོང་དང་བྱེད་སྟངས་ལ་མིག་ལྟོས་དང་ཁྱབ་གདལ་གཏོང་དགོས་ཞེས་བརྗོད།
    ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་སྤྱི་ཁྱབ་ཧྲུའུ་ཅི་མཱ་ཅ་ཧྲུའར་གྱིས། ཀྲུང་གོར་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཕེལ་རིམ་གལ་ཆེན་ཐོན་པའི་མཚམས་འདིར་ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་དང་དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་པས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ཚད་མཐོའི་འགན་འཁུར་པའི་རྣམ་འགྱུར་མཚོན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འགན་འཁྲི་འཁུར་སེམས་གསལ་པོ་མངོན་ཡོད། ཀྲུང་གོའི་ཉམས་མྱོང་དང་བྱེད་ཐབས་དེ་དག་གིས་ལྷོ་ཨ་ཧྥེ་རི་ཁར་གལ་ཆེའི་མིག་དཔེ་མཁོ་འདོན་བྱ་རྒྱུ་རེད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བརྗོད།
    དབྱི་ཐ་ལིའི་གྲོས་ཚོགས“ཀྲུང་གོའི་གྲོགས་པོའི”མཐུན་ཚོགས་ཀྱི་ཀྲུའུ་ཞི་ལི་ཙུའོ་ཏིས། མིག་སྔར་ཀྲུང་གོ་ནས་ཡོང་བའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་དབྱི་ཐ་ལིར་འབྱོར་བ་དང་། ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱི་གྲོས་འགོ་གཞིར་བཟུང་། དབྱི་ཐ་ལི་ཕྱོགས་ཀྱིས་རིམས་ནད་ལ་དམིགས་པའི་འཕྲལ་སྡོམ་བྱ་ཐབས་སྤྱད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་བསྐུར་བའི་འཕྲིན་ཡིག་ནང་རིམས་ནད་སྔོན་འགོག་བྱེད་ཐབས་ངོ་སྤྲོད་བྱས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་གྲོས་འགོའི་འདུ་ཤེས་མཚོན་ཡོད། དབྱི་ཐ་ལིའི་མི་དམངས་ཀྱིས་དེར་སེམས་གཏིང་ནསཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་དབྱི་ཀྲུང་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་རིམས་ནད་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱང་ཡུན་རིང་གནས་པའི་ཡིད་ཆེས་ཆེན་པོ་ཡོད་ཅེས་བརྗོད།
     དབྱི་རན་གྱི་རྒྱལ་ཁབ་ཁེ་ཕན་གཏན་འཁེལ་ཨུ་ལྷན་གྱི་དྲུང་ཆེ་ལེ་ཀྲ་དབྱིས། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་མིག་སྔའི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐབས་ལམ་གལ་ཆེན་ཞིག་རེད། དབྱི་རན་ཕྱོགས་ལ་ཀྲུང་གོའི་གཟེངས་སུ་ཐོན་པའི་རིམས་འགོག་དམག་འཐབ་ཁྲོད་ནས་ཕན་པ་ཐོབ་པ་མ་ཟད། ཐུན་མོང་ཐོག་རིམས་འགོག་ཐད་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བའང་ཡོད་ཅེས་བརྗོད།
    ཡོ་རོབ་གྲོས་ཚོགས་ཀྱི་ཡོ་རོབ་དང་ཀྲུང་གོའི་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་ཀྲ་ཧོ་ལ་ཏིར་གྱིས། མིག་སྔར་ཡོ་རོབ་ནི་གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་ལྟེ་བར་གྱུར་ཡོད། ཀྲུང་གོས་མགྱོགས་མྱུར་གནད་སྨིན་ཞིབ་དཔྱད་བྱེད་པ་དང་སྨན་དོན་མི་སྣར་འགོག་སྲུང་གང་ལེགས་མཁོ་འདོན་བྱེད་པ་སོགས་ཀྱི་ཉམས་མྱོང་ལས་ཡོ་རོབ་ཀྱི་རིམས་ནད་འགོག་རྒོལ་ལ་རོགས་རམ་ནུས་ལྡན་མཁོ་འདོན་ཐུབ་རྒྱུ་རེད། ཀྲུང་གོའི་ཕངས་སེམས་མེད་པའི་རོགས་སྐྱོར་ལས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་དེའི་ཁོངས་མིའི་རྒྱལ་ཁབ་དག་འཐབ་ཇུས་ཀྱི་རོགས་ཟླ་ངོ་མར་བརྩིས་པ་ར་སྤྲོད་གང་ལེགས་ཐུབ་ཡོད། ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་ཐུན་མོང་ཐོག་དེ་བས་དམ་ཟབ་ཀྱི་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་པ་ཞིག་གཏོད་ཐུབ་ངེས་ཡིན་པ་ང་ཚོས་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
    འཛམ་གླིང་ཞི་བདེ་ལས་འཛིན་ལྷན་ཚོགས་ཀྱི་ལག་བསྟར་ཧྲུའུ་ཅི་ཁྲ་ཝུའུ་ཏ་ལི་ཏི་སིས། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་ནས་གཏན་འཁེལ་བའི་ནད་དཔེ་རིམ་བཞིན་ཉུང་དུ་དང་དཔལ་འབྱོར་སླར་གསོའི་རྣམ་པ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད། ཀྲུང་གོའི་རིམས་འགོག་གི་ཆེད་ལས་ཆུ་ཚད་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས། དེ་བཞིན། སྒྲིག་འཛུགས་སྐུལ་སློང་གི་ནུས་པ་སྟོབས་ཆེན་བཅས་ལ་འཛམ་གླིང་གི་བརྩི་འཇོག་ཐོབ་ཡོད། རིམས་ནད་རྒྱལ་ཁབ་དང་ས་ཁུལ་གཞན་དག་ལ་མཆེད་པའི་འགག་རྩའི་དུས་སུ་རྒྱལ་ཁབ་ཚང་མའི་སྲིད་གཞུང་གིས་ངེས་པར་དུ་ཀྲུང་གོའི་རིམས་ནད་འགོག་རྒོལ་གྱི་ཉམས་མྱོང་དང་གྲུབ་འབྲས་ལ་སློབ་སྦྱོང་བྱེད་དགོས་ཞེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1