གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༩ཉིན།

ཏོག་གསར་གློ་ཚད་ཀྱི་ནད་དུག་ལས་རྒྱལ་བའི་རྟའུ་ཡི་དྲན་བསྐུལ།

   
        སྤྱི་ལོ་2020ལོའི་ཟླ་བ་དང་པོའི་ཚེས་27ཉིན་ཏོག་གསར་གློ་ཚད་ནད་དུག་རྟའུ་པ་ཞིག་ལ་ཐེབས་ནས་ཐོག་མའི་ནད་པ་དེ་བྱུང་ནས་བཟུང་།  ཟླ་བ་3པའི་ཚེས་19ཉིན་གྱི་ཕྱི་དྲོ་ལ་ནད་པ་གཅིག་ཀྱང་མ་ཤི་ནས་དྲག་སྟེ་སྨན་ཁང་ནས་ཕྱིར་ཐོན་པའོ།   །རྟའུ་ནི་བོད་རིགས་ས་ཁུལ་དུ་ཏོག་གསར་གློ་ཚད་ཀྱི་འགོས་ནད་ཐེབས་པའི་ནད་པ་མང་ལ་ནད་ཡུན་རིང་བའི་རྫོང་ཞིག་སྟེ།  དཀར་མཛེས་ཁུལ་དུ་ཁྱོན་ནད་པ་78ལས་རྟའུ་ཡི་ནད་པ་73ཡོད་པར་ལོ་ཆེ་ཤོས་76དང་ལོ་ཆུང་ཤོས་3ཡིན།   ནད་པ་སྨན་ཁང་དུ་སྡོད་ཡུན་ཆ་སྙོམས་ཉིན་20གཡས་གཡོན་ཡིན་ལ།ནད་པ་ཤི་ཤོར་མེད་པ་མ་ཟད།  ནད་པ་དང་སྨན་པ་ནད་གཡོག་བར་ཕན་ཚུན་ནད་འགོས་རེས་བྱུང་མེད་པའོ། །

     ལྕགས་བྱི་སྤྱི་ལོ་2020ལོའི་ཟླ་བ་2པ་ནི་ལོ་རྒྱུས་སྟེང་དུ་ཡལ་རྒྱུ་མེད་པའི་དུས་ཞིག་ཡིན།    གློ་བུར་དུ་བྱུང་བའི་ཤིན་ཏུ་དྲག་པོའི་ནད་དུག་འདི་ནི། ཀྲུང་གོའི་ཧུའུ་པེ་དང་། ཝུའུ་ཧན་ནས། རྒྱལ་ཡོངས་སུ་མཆེད་པའོ།།ཏང་ཀྲུང་དབྱང་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཛ་དྲག་ཆེའི་བཀའ་རྒྱ་ནན་པོ་གནང་སྟེ།      རྒྱལ་ཡོངས་མི་དམངས་མྱུར་དུ་སྐུལ་སློང་བྱས་ནས་སྔོན་དུ་བྱུང་མ་མྱོང་བའི་ནད་ཡམས་འདི་དང་འཐབ་འཛིན་བྱས་པ་རེད།   དཀར་མཛེས་ཁུལ་ལ་འགོས་ནད་སྨན་ཁང་གཅིག་ལས་མེད་པ་དང་།  དབུགས་ལམ་སྡེ་ཚན་དང་།        དབུགས་ལམ་ཆེད་སྦྱོང་སྨན་པ་ཉུང་བ། སྔིན་འགྲོའི་ཆ་རྐྱེན་ཞན་ཡང་།   ཁུལ་ཨུའུ་དང་། ཁུལ་མི་དམངས་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་དབུ་ཁྲིད་འོག  །ཇི་ལྟར་སྔོན་ནས་ས་ཆུ་མེ་རླུང་གི་འབྱུང་བའི་འཁྲུག་པ་ལ་རྒོལ་བའི་སྲོལ་རྒྱུན་གཟི་བརྗིད་ལྡན་པའི་རྟའུ་མི་དམངས་དང་།  དཀར་མཛེས་མི་དམངས་ཡོངས་ལ་བརྟེན་ནས། ནད་ཡམས་མགྱོགས་སུ་གྲོལ་ནས་མི་རིགས་ཁག་གི་མི་དམངས་ཀྱི་གཟུགས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱེད་ཆེད་དང་། ནད་པའི་ལུས་ཁམས་མགྱོགས་སུ་བདེ་ཐང་འོང་བའི་ཆེད་དུ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་རྩེ་གཅིག་བསྒྲིལ་སྟེ།  མི་རིགས་ཁག་གི་སྨན་པ་ཚང་མས་རང་སྲོག་འབེན་དུ་བཏང་བ་དང་།   གྲོང་སྡེའི་ཚོགས་པ་ཐམས་ཅད་ཀྱིས་རང་ནུས་གང་ཡོད་ཀྱིས་ནད་ཡམས་སྔོན་འགོག་བྱས་པ། སྤྱི་བདེའི་ཉེན་ཏོག་པས་ཉིན་མཚན་ལྟོས་མེད་སོ་སྲུང་བྱས་པ།      ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་འདུ་ཤེས་སྔོན་ལས་ལྷག་པ་སྤེལ་བ།     གནད་འགག་ཆེ་བའི་དུས་སྐབས་སུ་མི་རིགས་ཁག་གི་མང་ཚོགས་ཚང་མས་མཉམ་དུ་མ་སྐུལ་དང་བླངས་དང་། ཕན་ཚུན་ཁག་དཀྲི་རེས་མེད་པ། ཉིན་མཚན་གཡེལ་མེད་དུ་འབད་འབུང་ཆེ་སྐྱེད་བྱས་པས་གཡུལ་དུ་ཟ་བའི་འབྲས་བུའང་འཛམ་གླིང་ཁྱོན་ཡོངས་ལ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་པ་རེད། 

        ཏོག་གསར་གློ་ཚད་ཅེས་པའི་ནད་དུག་འདི་ནི་འཛམ་གླིང་ཐོག་སྔར་མ་གྲགས་པའི་ཚབས་ཆེ་བའི་ནད་དུག་རིམ་པའི་གྲས་ཞིག་ཡིན་ཀྱང་།  ཀྲུང་གོ་ལ་ནད་ཡམས་འགོག་སྲུང་གྱི་ལས་ཀ་ལ་ཉམས་མྱོང་མང་པོ་ཐོབ་ཡོད་པ་སྟེ།   ནད་དུག་གི་ངོ་བོ་དང་། འབྱུང་ཁུངས། རྒྱུ་རྐྱེན་མི་ཤེས་པས་སྨན་བཅོས་ཐབས་ལམ་དང་།  འགོག་སྨན་སོགས་ཐབས་ལམ་ཚད་ལྡན་མ་རྙེད་ཀྱང་།  ནད་ཡམས་མཆེད་རྒྱ་ཆེ་ལ་ཡུན་རིང་བས།     ནད་པ་དང་འབྲེལ་ཚད་ཟུར་བཀར་ཁེར་འགོག་དང་།  གཙང་སྦྲ་འཕྲོད་བསྟེན།  སྡོད་ཁང་ནང་དུ་མཁའ་རླུང་འགྲོ་རྒྱུག་ཡོང་བ། རྒྱུན་དུ་དུག་སེལ་སོགས་ཀྱི་སྔོན་འགོག་ལས་ཀ་ནི་ད་ལྟ་དང་མ་འོངས་པར་སྣང་མེད་དུ་བྱ་མི་རུང་བ།   སྐབས་འདིའི་ནད་རྟགས་ནི་དབུགས་འབྱིན་རྔུབ་ཀྱི་ལམ་ནས་མཆིལ་ཟེགས་སོགས་ཀྱིས་མི་ནས་མི་ལ་འགོས་སླ་བས་མི་མང་འདུ་ཚོགས་སྐབས་དེ་བས་འཛེམ་དགོས་ལ། ནད་འབུ་འཕར་མཆེད་མྱུར་བ་སྲོག་ལ་ཉེན་ཁ་དེ་ཙམ་མི་ཆེ་ཡང་། ནད་དུག་ལུས་ལ་ཉིན་14གཡས་གཡོན་བག་ཉལ་ཙམ་གྱི་གཞི་ནས་མངོན་གསལ་བྱུང་བས།  ཁ་འགེབས་རྒྱག་པའི་གོམས་གཤིས་ཆགས་པ་བྱ་དགོས་པ།  ནད་དུག་ཐེབས་མ་ཐག་རྒྱུན་ལྡན་གྱི་ཆམ་རིམས་དང་ཅུང་འདྲ་བ་ལུས་པོ་ལ་ཤེད་ཤུགས་ཞན་པ།    དབུགས་སྟོད་འཚངས་བ།    སྐམ་ལུ་བྱེད་པ།   དབུགས་བརྡབ་པ།  ཚ་དྲོད་ཆེ་ལ་གློ་ཁོག་ཏུ་མཆེད་པའི་རང་བཞིན་ཡོད་ཚད་ས་གནས་དེའི་སྨན་ཁང་དུ་གསོ་རིག་བརྟག་དཔྱད་བྱས་པ་མ་ཟད།  དེ་ལ་རྒྱལ་ཁབ་དང་སྨན་ཁང་གིས་ཚད་མཐོན་པོའི་སྒོ་ནས་འགོག་སྲུང་དང་།  སྨན་བཅོས་བྱས་དང་བྱེད་བཞིན་པའི་ཉམས་མྱོང་ཕུན་སུམ་ཚོགས་པའོ།  །མིག་སྔར་འཛམ་གླིང་རྒྱལ་ཁབ་མང་པོ་ལ་ནད་དུག་མཆེད་ཁྱབ་ཇེ་ཆེར་དུ་འགྲོ་བཞིན་པ་ལ་རྒྱལ་ཁབ་ཁག་གིས་སོ་སོའི་ཁྱད་ཆོས་དང་བསྟུན་སྤྱི་ཚོགས་ཀྱི་ཚོགས་པ་ཁག་གིས་སྔོན་འགོག་སོ་སྲུང་དང་། སྨན་པ་དག་གིས་ནད་ཐོག་སྨན་བཅོས། ཚན་རྩལ་དཔུང་སྡེས་དུག་ནད་ཀྱི་ངོ་བོ་དང་། འབྱུང་ཁུངས། རྒྱུ་རྐྱེན་ལ་དངོན་ཞིབ་སོགས་རྒྱལ་སྤྱི་དང་འབྲེལ་ནས་བྱེད་བཞིན་པ།  རང་རྒྱལ་གྱི་རིམ་པ་ཁག་ནས་ཚན་རིག་དང་མཐུན་པའི་སྔོན་འགོག་སོ་སྲུང་བྱས་ཏེ་ཉམས་མྱོང་མང་པོ་ཐོབ་པ་ནི།  འཛམ་གླིང་རྒྱལ་ཁབ་ཁག་གིས་དཔེར་བལྟ་སར་གྱུར་པའོ།  །མ་འོངས་པར་ཏོག་དབྱིབས་གློ་གསར་སྐོར་གྱི་དོན་དག་ལ་རྒྱལ་ཁབ་ནད་ཡམས་འགོག་རྒོལ་སྡེ་ཁག་དང་། ཞིང་ཆེན་སྲིད་གཞུང་གིས་ཁྱབ་བསྒྲགས་མ་བྱས་པ་ལ་བདེན་རྫུན་གྱི་བརྟག་དཔྱད་བྱ་དགོས་ཀྱི་གོང་མོས་ཀྱི་གཏམ་འཆལ་མི་བཤད་ཅིང་ཕུགས་གྱོད་དང་ཁ་མཆུ་མེད་པ་བྱ་དགོས།    དེས་མ་ཚད་ཚང་མས་འབྱུང་འགྱུར་དང་ད་ལྟའི་བྱུང་བའི་ནད་ཡམས་བཅས་སླར་ཡང་མི་འོང་ལ་འགོག་ཆེད་གཟབ་དགོས་པ་ཞིག་སྟེ། དེའང་སྲོག་ཆགས་ཡིན་ཚད་ལ་ཐོག་མ་ནས་ལྷན་སྐྱེས་ཀྱི་ནད་ཡམས་འགོག་བྱེད་ཀྱི་ནུས་ཤུགས་སམ་རིམས་འགོག་མ་ལག་རེ་ཡོད། དེས་རྒྱུན་དུ་ནད་དུག་འགོག་ཐུབ་པ་ཡང་ན་ནད་ཡམས་ལས་ཅི་མགྱོགས་སུ་ཐར་ཐུབ་པའི་ནུས་པ་ཡོད།   སོ་སོའི་ལོ་ན་དང་ལུས་པོའི་སྟོབས་ཤུགས་ལ་བསྟུན་ཏེ་འཕར་ཆག་འགྲོ་བས་ཟུངས་ངན་དུ་གྱུར་ན་འཚོ་བའི་རྒྱུ་རྐྱེན་བསྒྲུབས་ནས་གསོ་དགོས། དཔེར་ན།    ཞོགས་པར་ཡར་ལྡང་མ་ཐག་ཏུ་ཆུ་ཁོལ་དམ་བེ་གང་ཙམ་འཐུང་བའི་གོམས་གཤིས་ཆགས་པ་དང་། རྒྱུན་དུ་ལུས་པོ་སྦྱོང་བརྡར་བྱ་རྒྱུ་ནི་གཙོ་བོ་ཡིན་པ་དང་།  འཚོ་བཅུད་འདང་པའི་ཟས་ཤིང་ཏོག་དང་། སྔོ་ཚལ། སྒོ་ང་། ཤ་རིགས།   ཞོ་འོ་མ་སོགས་ནི་ལེགས་ཤོས་ཡིན། སོ་སོའི་ལོ་ཚོད་དང་བསྟུན་ཏེ་གཉིད་འདང་ངེས་ཉལ་དགོས་པ། སེམས་ཁམས་གསོ་བ་ནི་གནད་ཆེ་སྟེ།  སེམས་ཀྱི་དངངས་སྐྲག་ཞི་བ་དང་། སྡུག་བསྔལ་མེད་པར་གྱུར་པ།  སེམས་ཤུགས་རྒྱས་པར།    བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་གསོལ་འདེབས་སྨོན་ལམ་སེམས་བསྐྱེད་བྱས་ན་རང་ལ་སེམས་བཟང་པོ་གོམས་པ་དང་།   གཞན་ལ་ཕན་པ་ཡོད་པས་དེའང་ནད་ཡམས་འགོག་བྱེད་ཀྱི་ནུས་ཤུགས་གསོ་བ་ལ་མེད་དུ་མི་རུང་བ་ཡིན།  གལ་སྲིད་ལོ་ན་དང་། ནད་སོགས་ཀྱིས་རྐྱེན་ཏེ་འདི་ཆེས་ཉམ་ཉེས་བྱུང་ན་རྒྱ་བོད་གསོ་རིག་ཡིག་ཆ་གྲགས་ཅན་ནས་དབྱར་རྩྭ་དགུན་འབུ་ཡིས་གསོ་ན་ཕན་ནུས་མངོན་སུ་ཐོན་ཡང་ཟེར།    

        ཉེ་ཆར་དགའ་ཞིང་སྤྲོ་འོས་པ་ནི་རང་ཁུལ་གྱི་རྟའུ་གཙོས་པའི་ས་གནས་ཁག་ཏུ་ཏོག་གསར་གློ་ཚད་ཀྱི་ནད་པ་ཚང་མ་ཕྱིར་ཐོན་ཏེ་ཤི་ཤོར་མེད།      ནད་ཡམས་མཆེད་པའི་རྒྱུན་རང་རྒྱལ་དུའང་ད་དུང་ཆད་མེད་པ་དང་།  འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ལའང་མེ་མཆེད་པ་ནང་བཞིན་དུ་ཁྱབ་པས་ནད་ཡམས་འགོག་རྒོལ་སྣང་མེད་མི་བྱ་བ་དང་ཆབས་ཅིག  །ཁམ་བུ་མེ་ཏོག་ཤར་བ་དང་བྱ་པུ་ཤུད་ཀྱིས་སྐད་འདོན་ཏེ་དྲོད་སླེབ་པའི་དུས་དང་མཉམ་དུ་འཆར་གཞི་ལྡན་པའི་སྒོ་ནས་སོ་ནམ་ཕྱུགས་སྐྱོང་གི་ལས་ཀ་ལ་ལེ་ལོ་གཡེང་བ་མེད་པའི་ཐོག་ཏུ་ཤུགས་སྣོན་བྱ་དགོས།    

        རྟའུ་དེ་རིང་ཁྱོད་སྡོད་སའི་གྲོང་གྱི་མདུན་ནས་གཤིས་ཆུ་ཤར་དུ་བཞུར་བའི་ཕ་རོལ་ན།  གླིང་ཆེ་རྒྱུད་སྟག་རོང་དཔོན་པོ་ཁྲོ་ཐུང་ཚང་གི་མཁར་ཤུལ་གྱིས་གཙོས་པའི་རི་འབུར་དང་རྩིག་པའི་རྗེས་ཤུལ་མང་པོ་ཡོད།  དེའང་སྔར་གྱི་ལོ་རྒྱུས་ཡིག་རྙིང་དག་ལས།        རྟའུ་མྱི་མཚོ་དམར་པོ། །རྩྭ་སྐྱ་མེ་ལྕེ་མཆེད་འདྲ། །སྟག་རོང་ཤོག་ཆེན་བཅོ་བརྒྱད། །བྱི་རུ་མེ་ལྕེ་ཡོག་འདྲ། །ཞེས་ཡོངས་སུ་གྲགས། སྟག་རོང་ཨ་ནུ་གཟིགས་འཕེན་གྱིས། སྟག་རོང་སྟག་རོང་ཟེར་ལེ་འདི།  །རྨོག་དཀར་མོ་ལ་སྟག་གི་འདབ་ར་ཡོད།   །སྟག་རོང་ཟེར་ལེ་དེ་ཡིས་རེད།  །ཅེས་གསུངས་པ་དང་། ཡང་། དཔོན་པོ་དཔོན་པོ་ཟེར་ལེ་དེ། སྡེ་མྱི་མཚོ་དམར་པོའི་མགོ་དཔོན་བྱས། །ཡུལ་ཤོག་ཆེན་བཅོ་བརྒྱད་བདག་པོར་བྱས།   །དཔོན་པོ་ཐོག་ལེ་དེ་དོན་རེད། །ཅེས་གསུངས་པ་ལྟར།  རྟའུ་ཁྱོད་ནི་ཕོ་རྒོད་ཅིག་ཡིན་པ་དང་།      འགྲན་ཟླ་བྲལ་བའི་དཔའ་བོ་ཞིག་ཡིན།  ང་ཚོས་དུས་ནམས་ཡང་ཁྱེད་བརྗེད་མི་རུང་ལ།  ཁྱེད་ལ་བཀའ་དྲིན་ཆེ་མང་པོ་ཡང་ནས་ཡང་དུ་ཞུ།

སྨྲས་པ།     

མི་ལ་མི་དགོས་འཁྲུག་པ་རེད།  །

ཤིང་ལ་མི་དགོས་འཛེར་པ་རེད། །

ལུས་ལ་མི་དགོས་ན་ཚ་རེད། །

སེམས་ལ་མི་དགོས་སྡུག་བསྔལ་རེད། །

དོན་ལ་བསམས་ནས་བྲིས་པ་ཡིན། །

དམའ་ས་འདུག་ནས་མཐོ་གཏམ་མིན། །

ཁྱེད་རྣམས་སྙན་ལ་གསན་ཅིང་དགོངས། །

འཁྲུལ་པ་བྱུང་ན་མཐོལ་ལོ་བཤགས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1