གསེར་རྟ་རྫོང་གིས་དབང་པོ་སྐྱོན་ཅན་གྱི་འཚོ་བར་ཁ་དོག་བསྩལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-20



     ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། དབང་པོ་སྐྱོན་ཅན་གྱི་དབུལ་གྲོལ་གནད་དོན་ཐག་གཅོད་བྱ་རྒྱུ་ནི་དབུལ་གྲོལ་འགག་སྒྲོལ་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཡིན་ལ། ཉེ་བའི་ལོ་ཤས་རིང་། གསེར་རྟ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་“ཞབས་ཞུའི་འདུ་ཤེས་ཤུགས་སྣོན་དང་། སྲིད་ཇུས་རོགས་སྐྱོར་ལ་རྒྱབ་རྟེན། གནད་སྨིན་བདེ་སོས་ཞབས་ཞུ།”ཅན་གྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་དབུལ་གྲོལ་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ་རེད།
     སྐབས་དེར་ངས་རྐང་པ་རྫུན་མ་ཞིག་སྒྲིག་ན་རང་གི་རྐང་པ་དང་འདྲ་འདྲའི་ནུས་པ་ཐོན་ཐུབ་ཅེས་པའི་སྐད་དེ་ཐོས་རྗེས་དེ་རང་ངའི་ལོ་ངོ་འདི་དག་ཕུགས་བསམ་དུ་གྱུར་ཡོད། ཅེས་སྒོ་རའི་ནང་དུ་བདེ་སོས་སྦྱོང་བརྡར་བྱེད་བཞིན་པའི་མཁས་པོས་དགའ་སྤྲོ་དང་བཅས་འདི་ལྟར་བཤད།
     མཁས་པོ་ད་ལོ་ལོ་ན་33ལོན་པ་དང་། ཁོ་ལོ་7གྱི་སྐབས་སུ་རྟ་རྒྱབ་ནས་ལྷུང་ཏེ་རྐང་པ་གཡས་པར་ཆག་སྐྱོན་བཟོས། སྐབས་དེར་གྲོང་པའི་འགྲིམ་འགྲུལ་སྟབས་མི་བདེ་ཞིང་རྫོང་དང་ལེ་བར་120ལྷག་ཡོད་པས་དུས་ལྟར་སྨན་བཅོས་བྱེད་མ་ཐུབ་པར་རྐང་པ་གཡས་པ་མཐོ་ས་ནས་མི་གཅོད་ཀ་མེད་དུ་གྱུར། དེ་ནས་བཟུང་ལག་རྟེན་འཇུ་དགོས་བྱུང་བར་མ་ཟད་ངལ་རྩོལ་ནུས་པ་ཡང་མེད་པར་གྱུར། དུས་ཡུན་རིང་པོའི་ནང་འཚོ་བར་དཀའ་ཁག་བྱུང་ཞིང་མ་གཞི་ནས་དབུལ་ཕོངས་ཡིན་པའི་ཁྱིམ་ཚང་ཞིག་གི་དེ་བས་ཀྱང་མུ་གེའི་སྟེང་ལ་ཟླ་ལྷག་ལྟ་བུར་གྱུར་འདུག རང་ཉིད་དང་ན་མཉམ་ཚོས་རང་རྐྱ་ཐུབ་པར་ཁྱིམ་བཙུགས་ལས་གཉེར་བྱས་ཡོད་མོད། ཁོ་རང་གིས་སྲིད་གཞུང་གི་འཚོ་རྟེན་རྨང་གཞིའི་འགན་སྲུང་དང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པས་ཨུ་ཐུག་གི་གནས་སུ་ལྷུང་ཡང་ཐབས་ཤེས་མེད་པར་གྱུར།


     2020ལོའི་ཟླ་1པོའི་ཚེས་18ཉིན། མཁས་པོ་གཉན་ལུང་ཡུལ་ཤོག་གི་འགོ་དཔོན་ཚེ་རིང་ཨ་མཁར་དང་ཡུལ་སྡོད་ལས་བྱེད་པ་ཆོས་སྐྱོང་ཐར་གཉིས་ཀྱིས་འགྲོ་རོགས་འོག་སི་ཁྲོན་བརྒྱད་གཅིག་བདེ་སོས་ལྟེ་གནས་སུ་རྐང་པ་བཅོས་མ་ལྷུ་སྒྲིག་གི་གཤགས་བཅོས་བྱེད་དུ་ཕྱིན་པ་དང་། སྨན་ཁང་ནས་གཟའ་འཁོར་གཅིག་རིང་སྨན་བཅོས་བྱས། དེ་མིན་གསེར་རྟ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཤགས་བཅོས་བྱེད་རིན་སྒོར་19000ལྷག་ཐག་གཅོད་བྱས་ཏེ་མཁས་པོ་ཁོ་རང་གིས་འཚོ་བའི་འགྲོ་གྲོན་སྒོར་1800མ་གཏོགས་སྤྲད་དགོས་མ་བྱུང་། ད་ལྟ་ཁོ་རང་ཚུགས་ཀྱིས་འགྲོ་ཐུབ་པར་མ་ཟད་སྨི་གྲུ་བཞི་མ་80ལྷག་ཡོད་པའི་ཁང་པ་གསར་པར་བསྡད་དེ། ལམ་དང་གློག་རྒྱུག་ཡོད་པ། སྒོ་སྔུན་ན་ཁྲོན་པ་ཡོད་པ། བཟའ་མི་ཚང་མས་སྤྲོ་ལྷིང་ལྷིང་གིས་བརྙན་འཕྲིན་ལ་བལྟས་ནས་ཡོད། ཁོས་བཤད་རྒྱུར། ཟླ་བ་ལྔ་པ་དང་དྲུག་པ་ཚེས་དུས་གྲོགས་པོ་འགའ་དང་མཉམ་དུ་དབྱར་རྩྭ་རྐོ་རུ་སོང་ནས་དབྱར་རྩྭའི་ཚོང་རྒྱག་རྒྱུ་ཡིན་ཟེར།

     ཁོ་དང་འདྲ་བའི་སྲིད་གཞུང་གིས་རོགས་སྐྱོར་འོག་རྒྱུན་ལྡན་གྱི་འཚོ་བ་བསྐྱར་གསོ་བྱས་པ་ད་དུང་མང་པོ་འདུག དབང་པོ་སྐྱོན་ཅན་མང་པོ་ཞིག་གིས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་བཞིན་ཡོད་པ་དང་། དེ་བཞིན་དབང་པོ་སྐྱོན་ཅན་མང་པོ་ཞིག་གིས་ལ་རྒྱ་ཡོད་པའི་བདེ་སྐྱིད་འཚོ་བ་རོལ་ཐུབ་བཞིན་འདུག རྒྱུས་ལོན་བྱས་པ་ལྟར་ན། དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་བའི་ཚུན། གསེར་རྟ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལས་ཀ་དང་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་གཙིགས་མཐོང་ཆེན་པོ་གནང་ཡོད་དེ། 2016ལོའི་ཚུན། སྡོམ་པས་དབང་པོ་སྐྱོན་ཅན་193ལ་འཚོ་བའི་འགྲོ་གྲོན་གྱི་གསབ་དངུལ་སྒོར་ཁྲི་40.36བཏང་བ་དང་། དབང་པོ་སྐྱོན་ཅན་ཚབ་ཅན་1210ལ་ནད་གཡོག་གསབ་དངུལ་སྒོར་ཁྲི་97.75སྤྲད་པ་ཡིན་ལ། རྣམ་གྲངས་མ་དངུལ་སྒོར་ཁྲི་9ལག་བསྟར་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལག་རྩལ་སྤྱོད་སྒོ་ཅན་གྱི་གསབ་སྦྱོང་སྐབས་གསུམ་དང་མི་ཐེངས་151སྤེལ་བ་དང་། དབང་པོ་སྐྱོན་ཅན་1870ལ་ཁྱིམ་སྡོད་སྐབས་བསྟུན་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་46.2བཏང་བ། དབང་པོ་སྐྱོན་ཅན་180ལ་ཐོན་སྐྱེད་འཕེལ་རྒྱས་རོགས་དངུལ་སྒོར་ཁྲི་18བཏང་བ་དང་། དབང་པོ་སྐྱོན་ཅན་གྱི་དུད་ཁྱིམ་32ལ་བཀོད་བདེ་སྒྲིག་བཀོད་བསྒྱུར་བཅོས་ལག་བསྟར་བྱས་ཏེ་རོགས་དངུལ་སྒོར་ཁྲི་19.2ལག་ཏུ་སྤྲད་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1