༄༅།།རྟའུ་དང་སྙན་ངག

ལོ་ཤུལ་བཀྲ་ནོར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-20



 ལོ་ཤུལ་བཀྲ་ནོར། 





ལྕགས་བྱི་ལོའི་ལོ་མགོ་ཚེས་པ་ནས།
བདག་སེམས་ཀྱི་ནམ་མཁའ་ལ་སེམས་ཁྲལ་གྱི་སྤྲིན་པ་འཁོར།
བདག་སེམས་ཀྱི་ཤོག་ལྷས་ལ་ཡིག་རྡོག་གི་དབྱངས་གསལ་འཛོམས།
བདག་སེམས་ཀྱི་ཚོར་ཤེས་སུ་ཡུལ་ཁམས་ཤིག་ངང་གིས་བབས།
འདི་དག་ནི་བོད་གྲོང་རྟའུ་ནས་བཞེངས་བར་བརྩམས།

 

ངས་ཉིན་མོ་རེ་རེའི་ཞོགས་པ་རེ་རེར།
རྣམ་དག་གི་ཞེ་རྩ་གསར་འགྱུར་གྱི་ཡིག་ཚོགས་ལ་གླན་སྐབས།
རེ་སྨོན་གྱི་རླུང་རྟ་རྟའུ་ལ་སྤུར་མཁན།
སྐྱེ་བ་དང་འཆི་བའི་བར་ཐག་བསམ་མཁན།
སྐྱོ་གདུང་དང་སྨྲེང་ཞེན་སྙིང་གི་སྣོད་ཁ་རུ་གདུ་མཁན་ཚོས།
རྣམ་དཔྱོད་དང་ཡིག་རྩལ་ལས་བོད་གྲོང་རྟའུ་གླེང་།
སྐབས་དེ་ནས་བཟུང་།
སྙན་ངག་པའི་སེམས་ཀྱི་རྟའུ་ནི་སྙན་ངག་ཅིག་གི་བློས་བསླངས་སུ་གྱུར་བས།
ངས་སྙན་ངག་མང་པོ་ཞིག་མཇལ་བྱུང་།

 

སྙན་ངག་འདི་དག་ནི་བཤད་ན་འདོད་པའི་སྐད་ཆ་ངོ་མ་དེ་རེད་འདུག
རང་ལ་དབང་བའི་ནམ་མཁའ་ཞིག་ནས་རང་ལ་དབང་བའི་གཤོག་པ་ཞིག་རྐྱོང་ཆོག་ཆོག་ཡིན་པས།
སྙན་ངག་པས་སྙན་ངག་གི་ནམ་མཁའ་ནས་བརྩེ་སེམས་མཚོན་པས།
ཐ་སྙད་ཀྱི་རྩི་ཏོག་ལ་རྟའུ་དྲན་པའི་ཟིལ་བ་ཆགས།
ཞོགས་པ་ནས་ས་སྲོད་རེ་རེར་མང་པོ་ཞིག་གིས་རྟའུ་སེམས་ཀྱིས་སྐྱོར་བའི་སྙན་ངག་ཤིན་ཏུ་མང་།
སྙན་ངག་འདི་དག་རྟའུ་བའི་སྡུག་གི་མིག་ཆུ་ཕྱི་བའི་ལག་པ་རློན་པ་དེ་རེད་འདུག
སྙན་ངག་འདི་དག་མིག་ཆུའི་རྗེས་ཀྱི་སྙིང་གཏམ་ལྷག་མ་དེ་རེད་འདུག
རྟའུ་བའི་གཙང་ཆུ་དང་གཡུ་ཞིང་།
དར་ལྕོག་དང་ཁང་ཁྱིམ་མཛེས་པོ་དག
སྙན་ངག་པའི་སྐྱོ་གར་འཁྲབ་གཞུང་དུ་སྣུམ་ཤིག་གེར་ཆགས་འདུག



2020/3/9


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1