བརྒྱད་ཟིལ་རྫོང་ལ་བསྟུད་མར་ལོ་གསུམ་རིང་ཞིང་ཆེན་རིམ་པའི་བཅོས་སྒྱུར་དཔེ་སྟོན་དང་ཞིང་པའི་འབབ་འཕར་བྱ་དགའ་ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-23


        དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་འདིར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་མཚམས་སུ་གནས་པའི་བརྒྱད་ཟིལ་རྫོང་ནི་སྔ་མོ་ནས་མེ་ཏོག་གི་རྒྱ་མཚོ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། གསེར་མདོག་གི་པད་ཁའི་མེ་ཏོག་དང་དམར་མདངས་བཀྲ་བའི་ཁམ་བུའི་མེ་ཏོག་གིས་བརྒྱད་ཟིལ་ལ་བཀྲག་མདངས་གསར་བ་ཞིག་བསྣན་ཡོད་པ་དང་ཆབས་ཅིག་ཏུ་དཔྱིད་ཀྱི་གཏམ་བཟང་ཡང་ཁྱེར་ཡོང་ཡོད། 2019ལོར་བརྒྱད་ཟིལ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15369སླེབས་པ་དེ་ལོ་གོང་མ་ལས10.5%འཕར་ཡོད། ཉེ་ཆར། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《2019ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་བཅོས་བསྒྱུར་དང་ཞིང་པའི་འབབ་འཕར་ལས་དོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ》པར་འགྲེམས་བྱས་པར་བརྒྱད་ཟིལ་རྫོང་ལ“ཞིང་ཆེན་ཡོངས་ཀྱི་ཞིང་པའི་འབབ་འཕར་སྔོན་ཐོན་རྫོང”གི་མཚན་སྙན་ཐོབ་པ་རེད། དེ་ནི2017ལོ་དང2018ལོར“ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་བཅོས་བསྒྱུར་ལས་འགན་གལ་ཆེན་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་རྫོང”དང“ཞིང་ཆེན་ཡོངས་ཀྱི་ཞིང་པའི་འབབ་འཕར་ལས་དོན་གྱི་སྔོན་ཐོན་རྫོང”གི་མཚན་སྙན་ཐོབ་རྗེས་བརྒྱད་ཟིལ་རྫོང་ལ་ཐོབ་པའི་གཟི་བརྗིད་མཚན་སྙན་གཞན་ཞིག་རེད།

        ཞིང་སྡེའི་གཞུང་ལམ100%ཤར་གཏོང་ཐུབ་ནས་ཞིང་པའི་འབབ་འཕར་གྱི་རྨང་གཞི་བརྟན་དུ་བཏང་བ།
        ལོ་མང་རིང་ཞིང་སྡེའི་འགྲིམ་འགྲུལ་ཐད་ཤུགས་སྣོན་བརྒྱབ་པ་བརྒྱུད་མིག་སྔའི་བར་བརྒྱད་ཟིལ་རྫོང་དུ་ཤང་(གྲོང་རྡལ)གཞུང་ལམ་ཤར་གཏོང་ཐུབ་ཚད100%ཟིན་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོའི་གཞུང་ལམ་མཁྲེགས་འགྱུར་བྱེད་ཚད100%ཟིན་པ། ཞིང་སྡེའི་གཞུང་ལམ་བདེ་འཇགས་སྲུང་སྐྱོང་ལས་གཞི་ཁྱབ་ཚད100%ཟིན་པ། བསྡོམས་པས་ཞིང་སྡེའི་གཞུང་ལམ་སྤྱི་ལེ1276བསྐྲུན་ནས་གྲོང་ཚོ་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་བདེ་འཇགས་འཐུང་ཆུ་ཕྱོགས་ཡོངས་ལ་ཁྱབ་ཡོད་པ་རེད།
        ཉེ་བའི་ལོ་ཤས་རིང་བརྒྱད་ཟིལ་རྫོང་གི་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དེ་གཞུང་ལམ་འགྲིམ་འགྲུལ་ཐད་མངོན་པ་མ་ཟད། གྲོང་གསེབ་དར་རྒྱས་ཀྱི་འཆར་འགོད་ལག་བསྟར་ཐད་དེ་བས་མངོན་ཡོད། 2019ལོ་ཁོ་ནར་རྫོང་ཡོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི“1+5+18”འཆར་འགོད་བཟོས་ནས་ལེགས་འགྲུབ་བྱུང་བ་རེད། ལོ་ཧྲིལ་པོར་གད་སྙིགས་གཙང་སེལ་བཟོ་གྲྭ54དང་སྟབས་བདེའི་གད་སྙིགས་གཙང་སེལ་བཟོ་གྲྭ5གསར་སྐྲུན་བྱས་པ་དང་། ཞིང་སྡེའི་བཙོག་ཆུ་གཙང་སེལ་སྦུག་ལམ་སྨི6000གསར་སྣོན་བྱས་པ། སྤྱི་པའི་སྤྱོད་ཁང10གསར་སྐྲུན་བྱས་པ། ཞིང་སྡེའི་དུད་ཚང་གི་སྤྱོད་ཁང2799བཅས་གསར་སྐྲུན་བྱས་པ་རེད།


        ཁྱད་ལྡན་ཐོན་ལས་རིམ་སྤོར་གྱིས་ཞིང་པའི་འབབ་འཕར་གྱི་སྒུལ་ཤུགས་འཕེལ་བར་བྱས་པ།
        བརྒྱད་ཟིལ་རྫོང་གིས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁམས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་ནས“གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས”བཅས་ཐོན་ལས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་འབྲི་གཡག་དང་། གཡེར་མ། སྟར་ཀ ཇ་ལོ་བཅས་དམིགས་བསལ་གསོ་སྤེལ་དང་། ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་གྱི་ཕྱོགས་བསྡུས་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལེགས་སུ་བཏང་ནས་ཞིང་ཕྱུགས་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད།
        མིག་སྔའི་བར་བརྒྱད་ཟིལ་རྫོང་གིས་ཇ་ལོ་འདེབས་འཛུགས་ར་བ་མུའུ4000ལྷག་ཙམ་འཕེལ་རྒྱས་སུ་བཏང་ནས་གཡེར་མའི་རྟེན་གཞི་མུའུ་ཁྲི3.63དང་སྟར་ཀའི་རྟེན་གཞི་མུའུ་ཁྲི6.67བསྐྲུན་པ་དང་། ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྩྭ་མུའུ3400བཏབ་པ་བཅས་རེད། ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས25ལ་རོགས་སྐྱོར་བྱས་པའི་ནང་ཁུལ་རིམ་པའི་སྣེ་འདྲེན་ཁེ་ལས3དང་ཞིང་པའི་མཉམ་ལས་ཁང511ཡོད་པ་དང་། རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང2དང་ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང8བཅས་ཡོད།


        ལས་ཞུགས་ལས་གཏོད་ཀྱིས་ཞིང་བའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པར་སྐུལ་འདེད་བཏང་བ།
        རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་གཅིག་རྐྱང་ཡིན་པའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད་བརྒྱད་ཟིལ་རྫོང་གིས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་བསྡུ་སྒྲིལ་དང་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་སྟེ་ལས་གཏོད་གསོ་སྦྱོང་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་གསོ་སྦྱོང་བཅས་རྒྱ་ཆེར་སྤེལ་ནས་ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་ལས་གནས1245གསར་སྤེལ་བྱས་ཤིང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་དོན་འཁྱོལ་བྱས་ནས་མི་རེར་ལོ་རེར་སྒོར4800བཏང་ནས་བསྡོམས་པས་སྒོར་ཁྲི590ལྷག་ཙམ་ཟིན་ཡོད། དེ་དང་ཆབས་ཅིག་ཏུ་བརྒྱད་ཟིལ་རྫོང་གི་ལས་ཞུགས་དབུལ་སྐྱོར་ཆེད་དོན་གདན་ཞུའི་ཚོགས་འདུ་བསྟུད་མར་འཚོགས་ནས་མི383ཐོ་འགོད་བྱས་པ་དང་མི195ལས་ཞུགས་བྱེད་འདོད་ཡོད་པ་རེད། མི་རིགས་ལག་ཤེས་བཟོ་རྩལ་དང་དེང་རབས་ཞིང་ལས་ལས་སྣོན་ལ་དམིགས་ནས་དབུལ་ཕོངས་མང་ཚོགས600ལྷག་ཙམ་ས་གནས་དེ་གར་ལས་ཞུགས་ཐུབ་པ་དང་རྫོང་ཁོངས་ཀྱི་སྣེ་འདྲེན་ཁེ་ལས་དང་ཆེད་དོན་མཉམ་ལས་རྩ་འཛུགས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཀྱི་ལས་ཞུགས་ཐག་གཅོད་ཧུར་ཐག་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1