གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༣ཉིན།

མཚོ་སྔོན་གྱི་སློབ་འགོ་འཛུགས་སྟངས་འདི་འདྲ་རེད་འདུག


མཚོ་སྔོན་ཞིང་ཆེན་གྱི་སྤྱི་ལོ་2020ལོའི་དཔྱིད་དུས་སློབ་འགོ་འཛུགས་པའི་ལས་དོན་གནས་ཚུལ།
         སྤྱི་ཟླ 3པའི་ཚེས 9 ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག གཟབ་ནན་དང་ཚན་རིག་དང་མཐུན་པའི་ངང་སློབ་གྲྭ་ཁག་གི་སློབ་འགོ་འཛུགས་པའི་ལས་དོན་ལ་དམ་འཛིན་བྱས་པས། མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔྱིད་དུས་སློབ་འགོ་འཛུགས་པའི་ལས་ཀར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དེ་ཡང་སྤྱི་ཟླ་3པའི་ཚེས་18ཉིན་བར། དམའ་འབྲིང་དང་མཐོ་འབྲིང་། དེ་བཞིན་འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱི་སློབ་གྲྭ་ཁག་390སློབ་འགོ་ཚུགས་ཡོད་པ་དང་། སློབ་མ་2འབུམ་3ཁྲི་6སྟོང་2བརྒྱ་སློབ་གྲྭར་ལོག་ཡོད། སློབ་གསོ་དང་སློབ་ཁྲིད་གོ་རིམ་ལྡན་པ་དང་། སློབ་གྲྭ་ཁག་གི་འགོག་སྲུང་བྱ་ཐབས་ཞིབ་ཚགས་ལྡན་པས། སློབ་འགོ་ཚུགས་པ་དང་སློབ་ཁྲིད་སླར་གསོ་བྱས་པ་བདེ་བླག་བྱུང་ཡོད་པ་རེད།

       དུས་སྐབས་དེར་མཚོ་སྔོན་ཞིང་ཆེན་གྱིས་གཤམ་གསལ་ལས་དོན་ཁག་ལ་དམ་འཛིན་བྱས་པ་སྟེ།
       ①རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁྱོན་ཡོངས་ནས་སྤྱི་ཚོགས་ཀྱི་ངོས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ། མཚོ་སྔོན་དུ་ལོག་པའི་མི་སྣའི་ཆ་འཕྲིན་དང་འགྲུལ་བཞུད་རྗེས་ཤུལ་ལ་རྗེས་འདེད་གྲལ་བཤེར་ནན་མོ་བྱས་ཏེ། གཙོ་གནད་ས་གནས་དང་། གཙོ་གནད་ལྷུ་ཚིགས། དེ་བཞིན་གཙོ་གནད་མི་ཚོགས་ཀྱི་རིམས་ནད་གནས་ཚུལ་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ། གྲལ་བཤེར་དང་། ཞིབ་དཔྱད་ཚད་ལེན། དེ་བཞིན་དོ་དམ་བཅས་འགག་སྒོ་གསུམ་ལ་ཚོད་འཛིན་ནན་མོ་བྱས་ཏེ། རིམས་ནད་ལྟ་ཞིབ་ཚད་ལེན་དང་། རིམས་ནད་སྔོན་འགོག་ཚོད་འཛིན། དེ་མིན་རིམས་ནད་ཐག་གཅོད་བཅས་ཀྱི་འགོག་སྲུང་འཛིང་རགས་གསུམ་བརྟན་པོ་བསྐྲུན་ནས། གྲོང་གསེབ་དང་སྡེ་ཁུལ་གྱི་རྨང་གཞི་གཉིས་བརྟན་དུ་བཏང་ཞིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་བརྟན་ཞིང་ལེགས་པའི་ཕྱོགས་སུ་འཕེལ་བའི་རྣམ་པ་སྔར་བས་སྲ་བརྟན་དུ་བཏང་ནས། སློབ་འགོ་རྩོམ་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད།

       ②ལས་རིགས་ཁག་གིས་ཁྱོན་ཡོངས་ནས་ཆེད་ལས་འགན་སྲུང་ལ་ཤུགས་སྣོན་བརྒྱབ་པ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་དང་གོང་འོག་མཉམ་སྦྲེལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། མངའ་ཁོངས་ཕྱི་ནས་ཡོང་མཁན་ལ་འགོག་ཟོན་དང་རྒྱལ་ནང་གི་ནད་ཡམས་རྒྱ་ཁྱབ་མི་འགྲོ་བ་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས། ཁུལ་དབྱེ་རིམ་དབྱེ་རིགས་དབྱེ་དང་། དུས་མཚམས་གཡོལ་བ་སོགས་ཀྱི་བླང་བྱ་ལྟར། ནུས་ཤུགས་ཡོད་རྒུས་སློབ་འགོ་རྩོམ་པའི་ལས་དོན་ཁག་ལ་སྐུལ་འདེད་བཏང་ཡོད། རིམ་ཁག་འཕྲོད་བསྟེན་བདེ་ཐང་དང་། སྤྱི་བདེ། བཟོ་འཕྲིན། འགྲིམ་འགྲུལ། དེ་བཞིན་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱིས་སློབ་གྲྭའི་ལས་ཀའི་དགོས་མཁོར་གཞིགས་ཏེ། སློབ་གྲྭའི་ལས་དོན་ཁག་ལ་འགན་སྲུང་གང་ལེགས་བྱས་ཡོད།

       ③ས་གནས་ཁག་གི་དམའ་འབྲིང་དང་མཐོ་འབྲིང་སློབ་གྲྭས་ཁྱོན་ཡོངས་ནས་སློར་གྲྭའི་ཞིབ་ཚགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། དགེ་སློབ་ཕྱིར་བསྐྱོད་པའི་གནས་ཚུལ་དང་བདེ་ཐང་གནས་ཚུལ་ལ་གྲལ་བཤེར་ནན་པོ་བྱེད་པ་དང་། སློབ་འགོ་ཚུགས་པའི་ཉིན་མོར་ལུས་དྲོད་འཇལ་བ་དང་། དགེ་སློབ་ཀྱི་བདེ་ཐང་ཨང་གྲངས་ལ་ཞིབ་བཤེར་བྱེད་པ། དེ་བཞིན་ཁས་ལེན་ཡི་གེར་མིང་རྟགས་འགོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ།   ཉི་མ་རེའི་ཞོགས་པ་དང་། ཉིན་གུང་། མཚན་མོ་བཅས་ཐུན་གསུམ་ལ་ལུས་དྲོད་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། འཕྲལ་སྡོམ་ཐག་གཅོད་ཀྱི་ནང་སྦྱོང་བྱེད་པ། སེམས་ཁམས་གསོ་བཅོས་དང་ངལ་གསོའི་དུས་ཚོད་དོ་དམ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་པ་དང་། ཟ་མ་བཟའ་སྐབས་དུས་ཚོད་སྣོལ་བ་དང་། མཉམ་དུ་མི་སྡོད་པ། ཐར་ཐོར་དུ་ཟ་བ་བཅས་བྱས་ནས། སློབ་འགོ་ཚུགས་རྗེས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་དང་དགེ་སློབ་ཀྱི་ལུས་སེམས་བདེ་ཐང་ལ་འགན་ལེན་བྱས་ཡོད།
       སྤྱིའི་ཆ་ནས་བལྟས་ན། སློབ་འགོ་ཚུགས་ཟིན་པའི་སློབ་གྲྭའི་འཁོར་སྤྱོད་བརྟན་ཞིང་གོ་རིམ་ལྡན་པ་ཞིག་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་དཔྱིད་དུས་སློབ་འགོ་ཚུགས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་མ་ཚད། རིམས་འགོག་གི་ཁོར་ཡུག་འོག་སློབ་འགོ་བཙུགས་ནས་སློབ་ཁྲིད་སླར་གསོ་བྱེད་པའི་ལས་ཀའི་ཐད། གཞན་གྱིས་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་བྱ་ཐབས་ཀྱང་གསོག་འཇོག་བྱས་ཡོད།
       མིག་སྔའི་རིམས་ནད་སྔོན་འགོག་གི་གནས་བབ་དང་དུས་འགོའི་ལས་དོན་གྱི་ཉམས་མྱོང་གི་བྱ་ཐབས་གཉིས་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད། རིམས་ནད་འགོག་སྲུང་དང་སློབ་རའི་བདེ་འཇགས་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བའི་སྔོན་འགྲོའི་འོག མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་ཆུང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་རྩ་དོན་ལྟར་ན་སྤྱི་ཟླ་3པའི་ཚེས་25ཉིན་ནས་ཚེས་31ཉིན་བར་སྔ་རྗེས་སུ་སློབ་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད། དེ་ལྟར་བཀོད་སྒྲིག་བྱེད་དོན་ནི་གཙོ་བོ་རྒྱུ་རྐྱེན་གསུམ་གྱི་ཐད་ནས་བསམ་བློ་བཏང་ཡོད་དེ།
       ①ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ།  
       ②རྒྱལ་ཡོངས་དང་ཞིང་ཆེན་ནང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་དང་བསྟུན་པ།
       ③སྤྱི་ཚོགས་ཀྱི་དོ་ཁུར་དང་ཁྱིམ་བདག་གི་རེ་བར་ཡ་ལན་སློག་པ་བཅས་ཡིན།

       དེ་མིན་མཚོ་སྔོན་ཞིང་ཆེན་གྱིས་སློབ་འགོ་མ་བཙུགས་པའི་སློབ་གྲྭ་ཁག་ནས་སློབ་འགོ་མ་བཙུགས་གོང་དུ་གཤམ་གྱི་ལས་ཀ་འདི་དག་ལེགས་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་སྟེ།

       ①སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་དོན་འཁྱོལ་བྱེད་དགོས་པ།
       ②དགོས་མཁོ་ལྟར་འགོག་སྲུང་དངོས་རྫས་གསོག་འཇོག་བྱེད་དགོས་པ། 
       ③ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ།
       ④སློབ་རའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ།   
       ⑤ཞིབ་མཆན་འགོད་པའི་གོ་རིམ་ལག་བསྟར་ནན་པོ་བྱེད་དགོས་པ་བཅས་སོ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1