གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༣ཉིན།

སི་ཁྲོན་བོད་རིགས་ས་ཁུལ་གྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ།


     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཐན་ཧུའུ་དང་། ཤེ་ཅའོ། ཀྲང་ཧའེ་ལེ།
    མཚོ་བོད་ས་མཐོའི་ཤར་རྒྱུད་དུ་ཆགས་པའི་སི་ཁྲོན་བོད་རིགས་ས་ཁུལ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་ཚུལ་མངོན་གསལ་དོད་ཤོས་དང་སྣོད་བཅུད་འགྲན་སློང་ཆེ་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སི་ཁྲོན་བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྣོད་བཅུད་སྲུང་སྐྱོང་འདུ་འགོད་ལ་སྐུལ་འདེད་བཏང་ནས། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་དུ་སྣོད་བཅུད་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་པ་རེད།
    སྤྱང་ཀི་དང་འབྲེལ་བའི་འདམ་རའི་གཏམ་རྒྱུད། 
     2020ལོའི་ཟླ་1པོར། ཀྲེ་ཀུང་ཏང་སི་ཁྲོན་ཞིང་ཨུད་ཞིང་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྣོད་བཅུད་རིགས་གཅིག་མཁས་ཅན་ཧྲེན་ཡིའུ་སླར་ཡང་རྒྱལ་ནང་གི་ས་མཐོའི་འདམ་སོལ་འདམ་ར་ཆེ་ཤོས་ཡིན་པའི་མཛོད་དགེ་འདམ་རར་རྩྭ་ཐང་སྤྱང་ཀི་འཚོལ་བར་ཡོང་། རྨ་ཆུའི་གུག་ཆ་དང་པོའི་ཐང་སྐོར་ཤང་སོགས་ས་ཆ་ནས་ནོར་ཁྱུར་འཇབ་རྒོལ་བྱེད་རྩིས་བྱེད་པའི་སྤྱང་ཀི་ནོར་ཁྱུས་ཕྱིར་འདེད་པ་ཁོང་གིས་ཟིན་ཐོར་བཀོད་པ་དང་། དེའི་ཁྲོད་དུ་སྤྱང་ཕྲུག་ཅིག་ཡོད་པ་རེད།
     ཐེངས་དེའི་འགྲུལ་བཞུད་སྐབས་ཝ་མོ་དང་། གཙོད། ངང་དཀར། བྱ་རྒོད་སོགས་ས་མཐོའི་སྲོག་ཆགས་ཟིན་ཐོར་བཀོད་ཡོད། “འདམ་རའི་སྐྱེ་དངོས་སྦྲེལ་ཐག་ཆ་ཚང་བ་དང་། སྣོད་བཅུད་ཁོར་ཡུག་རིམ་བཞིན་ལེགས་སུ་འགྲོ་བཞིན་འདུག”ཅེས་ཧྲེན་ཡིའུ་ཡིས་བརྗོད།
    བགྲང་བྱ་20ཡི་གོང་དུ། ཁོང་སློབ་གྲྭ་ཆེ་མོ་བ་ཞིག་ཡིན་པའི་སྐབས་སུ་ཁྲེང་ཏུའུ་སློབ་ཆེན་གྱི་སྤྱི་ཚོགས་ལག་ལེན་རུ་ཁག་དང་མཉམ་དུ་མཛོད་དགེ་འདམ་རར་ལྕང་འཛུགས་བྱེ་བཅོས་བྱེད་པར་ཡོང་མྱོང་ཡོད་པ་དང་། “རྩྭ་ཐང་ལ་ཨ་བྲའི་གནོད་འཚེ་ཆེ་བ་དང་། ལྷགས་པ་རྒྱག་ཐེངས་རེར་རྨ་ཆུའི་སྟོད་རྒྱུད་ཀྱི་རྩྭ་ཐང་ཐོག་ཐལ་རྡུལ་ལངས་ཀྱི་ཡོད་པ”གསལ་པོར་ངེས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་གནོད་འཚེ་ཕོག་ནས་སྤྱང་ཀི་མི་རྣམས་ཀྱི་འདྲེན་བྱེད་ཡུལ་ལས་མི་སྣང་བར་གྱུར།
    2012ལོ་ཚུན་དུ། རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་མཛོད་དགེ་འདམ་རར་གཏོང་ཤུགས་ཆེ་རུ་བཏང་བས། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཁོ་ནས་རྨ་ཆུ་རྒྱུག་ཁུལ་དུ་རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་འདམ་ར་སྲུང་སྐྱོང་དུ་སྤྱད་པ་རེད། ལོ་མང་རིང་དུ་མཚེའུ་རྒྱ་སྐྱེད་དང་། ཆུ་གསབ་ནས་འདམ་ར་གསོ་སྐྱོང་བྱེད་པའི་བྱ་ཐབས་སྤྱད་པ་བརྒྱུད། ཆུ་ངོས་2010ལོའི་སྤྱི་ཆིང་215ནས་སྤྱི་ཆིང་650བར་རྒྱ་སྐྱེད་ཕྱིན་པ་དང་། ཆུ་ཁ་ལི་སྨི་30མཐོ་རུ་ཕྱིན་པ། ཉེ་འཁོར་གྱི་ཕྱེད་འདམ་ར་དང་འདམ་ར་སྐམ་པོ་མུའུ་ཁྲི་གཅིག་ལྷག་ཙམ་སླར་གསོ་ཐུབ་ཡོད། 2019ལོར་སི་ཁྲོན་གྱིས་སླར་ཡང་མ་དངུལ་སྒོར་དུང་ཕྱུར་1.13བཏང་ནས་སི་ཁྲོན་ནུབ་བྱང་ཁུལ་གྱི་འདམ་ར་སླར་གསོའི་ལས་གྲྭ་ཆེ་མོ་ལག་ལེན་བསྟར་ནས། འདམ་ར་ཞན་འགྱུར་མུའུ་ཁྲི་4.5ཉམས་གསོ་བྱས་པ་རེད།
    སྣོད་བཅུད་དང་འཕེལ་རྒྱས་གཉིས་ཀར་དམ་འཛིན་ཇི་ལྟར་བྱེད་དགོས་སམ།
    སྣོད་བཅུད་དབེན་འཇམ་དུ་གནས་པ་ལས་ཐོན་སྐྱེད་བྱེད་ཉུང་དུ་ཕྱིན་པ་མཚོན་པ་དང་། སི་ཁྲོན་བོད་རིགས་ས་ཁུལ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་གཙོ་གནད་ས་ཁོངས་ཡིན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་སྣོད་བཅུད་དང་ཁོར་ཡུག་གཉིས་ཀར་དམ་འཛིན་ཇི་ལྟར་བྱེད་དགོས་སམ་ཞེ་ན།
    ས་བབ་མཐོ་ཚད་སྨི་4200ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སེར་ཤུལ་རྫོང་མདའ་ལུང་གྲོང་ཚོའི་ལོ་43ལ་སླེབས་པའི་འབྲོག་པ་དཀོན་མཆོག་འཕྲིན་ལས་ཀྱིས་འབྲི་གཡག་མགོ་གྲངས་660ནས་ཕྱེད་ཀ་ཙམ་ཉུང་དུ་བཏང་སྟེ། “རྩྭ་ཐང་ལོ་བསྙལ་མ་བྱས་ན། ནམ་ཞིག་འབྲི་གཡག་ལ་རྩྭ་ཟ་རྒྱུ་མེད་པ་ཆགས་སྲིད”ཅེས་བརྗོད།
    “རྩྭ་ཆུ་གང་བཟང་དུ་ཕྱུགས་འཚོ་བ”ནས“རྩྭ་བཏབ་ནས་ལེགས་བསྡུས་ཞིབ་གཉེར་གྱི་ཕྱུགས་འཚོ་བའི”བར་འགྱུར་ལྡོག 2014ལོ་ནས་2018ལོ་བར་སེར་ཤུལ་རྫོང་གིས་ཕྱུགས་བཀག་རྩྭ་གསོ་མུའུ་ཁྲི་200བྱས་པ་རེད། སེར་ཤུལ་རྫོང་གི་རྫོང་དཔོན་ལུའོ་ལིན་གྱིས། དེ་སྔོན་འབྲི་གཡག་མགོ་གྲངས་1000འཚོ་བར་ངལ་ནུས་40ལྷག་དགོས་པ་དང་། འབྲོག་ལས་ལེགས་བསྡུས་ཞིབ་གཉེར་བྱས་རྗེས་ངལ་ནུས་8ལས་མི་དགོས་ཞེས་བརྗོད།
    འབྲོག་པ་ཕྱུགས་འཚོ་བར་མ་ཕྱིན་ན་ལས་ཀ་གང་བྱེད་དགོས་སམ། གང་སར་མཛེས་ལྗོངས་མང་བའི་སི་ཁྲོན་བོད་རིགས་ས་ཁུལ་དུ་སྣོད་བཅུད་སྲུང་སྐྱོང་ལས་ལས་གནས་གསར་པ་ཐོན་པ་དང་། ཟུང་ཆུ་རྩྭ་ཐང་གི“རྨིན་ཅང་ཆུ་འགོ”རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་ལོ་མང་གོང་གི་འདམ་རུད་རྒྱུག་ཐེངས་གཅིག་གིས་གྲོང་ཚོ་གཅིག་ཁག་གཉིས་སུ་བཏང་བ་རེད། ཧན་ཕན་གྲོང་ཚོའི་རྩྭ་ཐང་སྐོར་གཡེང་བ་བྱང་ཆུབ་ཚེ་སྐྱིད་ཀྱིས། སྣོད་བཅུད་ཞན་འགྱུར་གྱིས་སྤྲད་པའི་སྣ་སུན་ངེས་པར་དུ་སེམས་ལ་ངེས་དགོས་ཞེས་དང་། “གཟའ་འཁོར་རེར་སྐོར་གཡེང་ཐེངས་གཉིས་གསུམ་རེ་བསྐྱོད་ནས། སྨན་རྩྭ་དང་ན་ཁ་སོགས་གང་བྱུང་དུ་སྔོག་ཏུ་འཇུག་གི་མེད”ཅེས་བརྗོད། ཉེ་བའི་ལོ་ཤས་རིང་དུ་ཟུང་ཆུ་རྫོང་གི་མི་འབོར་དབུལ་པོར་སྣོད་བཅུད་སྤྱི་ཕན་ལས་གནས་2000མང་དུ་བཏང་བ་རེད།
    སྣོད་བཅུད་ཡུལ་སྐོར་ལས་གང་སར་མགྲོན་ཁང་མང་པོ་ཐོན་པ་དང་། སེམས་རྩ་འཁོལ་བའི་འབྲོག་པའི་ཚོང་ལ་ལམ་འགྲོ་ཆེན་པོ་རྒྱུག རྩམ་པ་འགམ་རྒྱུ་དང་གླིང་བུ་གཏོང་རྒྱུ་མཉམ་དུ་མི་ཡོང་ཞེས་སུས་བརྗོད་ཕོད་དམ།
    སྣོད་བཅུད་སྲུང་ཡོལ་གྱི་སོ་ལྟ་བ་ཚུར་ལོག་པ།
    དེ་སྔོན་ནགས་ཚལ་ནི་ཤིང་ཆའི་ཐོན་ཁུངས་སུ་མཐའ་གཅིག་ཏུ་བརྩིས་ཀྱི་ཡོད། ལི་ལུང་ཀྲུང་མུ་ལི་ནགས་ལས་ཅུས་སུ་ཤིང་གཅོད་བཟོ་པ་བྱེད་པར་ཡོང་ནས་ཤིང་སྡོང་དང་པོ་བཅད་པའི་སྣང་ཚུལ་ད་ལྟའང་དྲན་གྱི་ཡོད་པ་དང་། མི་གསུམ་གྱིས་ཤིང་སྡོང་གི་ཁོག་པའི་ནང་འཛུལ་ནས་བྲག་ཕུག་འདྲུ་བ་བཞིན་ཤིང་གཅོད་ཀྱི་ཡོད། “1994ལོར། ངས་ཤིང་ཆ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་20ཙམ་བཅད་པ་དེ་གདོད་མའི་ཤིང་སྡོང་རྐང་1500བཅད་པ་དང་གཅིག་མཚུངས་རེད”ཅེས་རྒན་ཡོལ་ཞུས་པའི་ཤིང་གཅོད་བཟོ་པ་ཞིག་གིས་གསར་འགོད་པར་བརྗོད།
    1998ལོར་ཆུ་ལོག་ཆེན་པོ་ཐོན་རྗེས་སུ། ཀྲུང་དབྱང་གིས“རང་བྱུང་ཐོན་ཁུངས་སྲུང་སྐྱོང་ལས་གྲྭ”ལག་བསྟར་བྱེད་རྒྱུ་གཏན་འབེབས་བྱས་ཏེ། འབྲི་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ནགས་ཚལ་དུ་ཚོང་ལས་རང་བཞིན་གྱི་ཤིང་གཅོད་རྒྱུ་མཚམས་འཇོག་མཐའ་གཅིག་ཏུ་བྱས་པ་རེད། དེའི་རྗེས་སུ་ནུབ་རྒྱུད་ས་ཁུལ་གྱིས་རི་འདབས་ཀྱི་རྨོ་བསྐྱུར་ནགས་གསོའི་ལས་གྲྭ་ལག་བསྟར་བྱས་ཤིང་། སི་ཁྲོན་གྱི“ཤིང་གཅོད་མཁན”མི་ཁྲི་བཅུ་ཤིང་འདེབས་མཁན་དུ་གྱུར་བ་དང་། ཞིང་པ་ཁྲི་སྟོང་གིས་རི་འདབས་སུ་ས་ཞིང་མ་བཏབ་པར་སི་ཁྲོན་དུ་དེ་སྔོན་བྱུང་མྱོང་མེད་པའི་ལྕང་འཛུགས་ནགས་གསོའི་ལས་འགུལ་སྤེལ་བ་རེད། དེ་སྔའི་ཤིང་གཅོད་བཟོ་པས་གོང་རིམ་ནས་བརྩོན་ལེན་བྱས་ཏེ“བུ་རབས་ཚ་རྒྱུད་ལ་བཞག་པའི”གཟི་ཚ་སྡེ་དགུ་དེ་སྔ་ས་ནས་འཛམ་གླིང་ཀུན་ཏུ་གྲགས་པའི་རང་བྱུང་ཤུལ་བཞག་ཏུ་གྱུར་ཡོད།
    “རྨ་ཆུ་རྒྱུག་ཁུལ་གྱི་ཆད་ངོས་3དང་། རྨིན་ཅང་གཙང་པོ་རྒྱུག་ཁུལ་གྱི་ཆད་ངོས་22 ཅ་ལིན་ཅང་གཙང་པོ་རྒྱུག་ཁུལ་གྱི་ཆད་ངོས་7བཅས་ཚད་ལོན་ཚད100%ཟིན་ཡོད་པ་དང་། ཀྲོའུ་ནས་བཞུར་བའི་ཆད་ངོས་6གི་ཆུའི་སྤུས་ཚད་དུས་ཡུན་རིང་པོར་ཆུ་སྤུས་རིམ་པ་གཉིས་པ་རྒྱུན་འཁྱོངས་ཐུབ་ཡོད། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི‘ལྗང་མདོག་སྣོད་བཅུད་རང་བྱུང་སྲུང་ཡོལ’ཆེ་ཤོས་ཡིན་པའི་རྔ་པ་ཀྲོའུ་ཡིས་སྣོད་བཅུད་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས། ཀྲོའུ་ཡོངས་ཀྱི་ཚད་གཞིའི་GDPཡི་ནུས་རྒྱུ་ཟད་གྲོན་6.16%ཆག་ཡོད་པ་དང་། འབྲི་ཆུ་དང་རྨ་ཆུའི་ཆུ་ལག་གཙོ་བོའི་སྤྱི་ལེ་1གི་མངའ་ཁོངས་སུ་རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་། རྡོ་སོལ་རྫས་འགྱུར་བཟོ་ལས། རྫས་འགྱུར་ལིན་དང་འབྲེལ་བ་ཡོད་པ། ཤོག་བུ་བཟོ་བ། པར་འདེབས་ཚོས་རྒྱག ཀོ་ཆས་བཟོ་བ་སོགས་རྣམ་གྲངས་གསར་དུ་འཛུགས་རྒྱུ་གཏན་འགོག་བྱས་ཡོད”ཅེས་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་དབྱང་ཁེ་ཉིང་གིས་བརྗོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1