གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༣ཉིན།

༄༅།།བོད་ཁུལ་དུ་དམངས་ཡོངས་དཔེ་ཀློག་སྤེལ་བའི་ བསམ་འཆར་འགའ་གླེང་བ།


བསོད་ནམས་བཀྲ་ཤིས།
        དམངས་ཡོངས་དཔེ་ཀློག་ནི་བོད་མིའི་ཚན་རིག་ཤེས་བྱའི་བྱང་ཚད་དང་བསམ་བློ་ཀུན་སྤྱོད་བྱང་ཚད་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་ཡོན་འཕེལ་རྒྱས་ཡོང་བའི་ཐབས་ཇུས་ཤིག་ཀྱང་རེད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རྩ་འཛུགས་ཀྱིས1972ལོར“དཔེ་ཀློག་སྤྱི་ཚོགས་སུ་ཞུགས་པ”ཞེས་པའི་འབོད་སྐུལ་གནང་ཞིང་། 1995ལོར་ལོ་རེའི་ཟླ4པའི་ཚེས23ཉིན“འཛམ་གླིང་དཔེ་ཀློག་ཉིན་མོར”གཏན་ཁེལ་བྱས། 2000ལོར་རང་རྒྱལ་གྱི་ཤེས་བྱ་བཟོ་སྐྲུན་མགོ་ཁྲིད་རྩ་འཛུགས་ཀྱིས་ལོ་རེའི་ཟླ12པར“དམངས་ཡོངས་དཔེ་ཀློག་ཟླ”ཞེས་གཏན་འབེབས་གནང་བ་དང་། ཉེ་བའི་ལོ་འགའི་རིང་ལ་ཏང་གི་ཚོགས་ཆེན་སྙན་ཞུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཁྲོད་དུ་དམངས་ཡོངས་དཔེ་ཀློག་དམིགས་སུ་བཟུང་ནས་བཀོད་ཡོད་པར་མ་ཟད། སྤྱི་ཚོགས་སྟེང་དུ་དོ་སྣང་ཆེན་པོ་བྱེད་པའི་རིག་གནས་བྱ་གཞག་ཅིག་ཏུ་གྱུར་འདུག བོད་རིགས་ས་ཁུལ་དུ་དམངས་ཡོངས་དཔེ་ཀློག་སྤེལ་བ་ཤིན་ཏུ་འཕྱི་ཞིང་། ལོ་འདི་གར་ད་གཟོད་དམངས་ཡོངས་དཔེ་ཀློག་ཅེས་ཚགས་པར་དང་དྲ་སྟེང་དུ་འོལ་སྤྱི་ཙམ་ངོ་སྤྲོད་གནང་བའི་ཚོད་རེད། གཤམ་དུ་གུས་པས་ཇུས་འགོད་གནང་བའི་དམངས་ཡོངས་དཔེ་ཀློག་སྐོར་གྱི་དཔེ་ཚོགས་ཐོག་མ་སྟེ《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》དང་སྦྲགས་ཏེ། བོད་ཁུལ་དུ་དམངས་ཡོངས་དཔེ་ཀློག་སྤེལ་ན་དཔེ་ཀློག་གོམས་གཤིས་ལེགས་པོ་ཞིག་སྐྱེད་སྲིང་བྱེད་པ་དང་། ན་ཆུང་བྱིས་པ་དང་ལས་ཐོག་མི་སྣ་གཙོ་གནད་དུ་འཛིན་དགོས་པ། བསྟན་བཅོས་གྲགས་ཅན་ཀློག་རྒྱུར་གཙོ་བོར་བཟུང་བ་བཅས་ཀྱི་སྐོར་ནས་གླེང་བར་བྱའོ། །

དང་པོ། དཔེ་ཀློག་གོམས་གཤིས་ལེགས་པོ་ཞིག་སྐྱེད་སྲིང་བྱེད་པ།
        བོད་ཁུལ་དུ་དམངས་ཡོངས་དཔེ་ཀློག་སྤེལ་ཐུབ་མིན་དམངས་ཡོངས་ཀྱིས་དཔེ་ཀློག་ལ་ཤུགས་རྒྱག་མིན་ལ་རག་ལས་པ་རེད། སྤྱི་ཚོགས་སྟེང་དམངས་ཡོངས་དཔེ་ཀློག་ཁྱབ་གདལ་དུ་འགྲོ་མིན་སྤྱི་ཚོགས་སྟེང་དུ་དཔེ་ཀློག་གོམས་གཤིས་ལེགས་པོ་ཞིག་ཆགས་པར་ཐད་ཀར་འབྲེལ་བ་ཡོད། རང་རེའི་བོད་ཁུལ་གྱིས་དཔེ་ཀློག་ལ་མཐོང་ཆེན་མ་བྱས་སྟབས་དམངས་ཡོངས་དཔེ་ཀློག་སྤེལ་ཐུབ་ཀྱིན་མེད་པ་ང་ཚོའི་མིག་མཐོང་ལག་ཟིན་རེད། བོད་པའི་ཁྱིམ་ཚང་ཞིག་ན་དཔེ་ཆ་མེད་མི་སྲིད་པ་ཞིག་ཡིན་མོད། དཔེ་ཆ་དེ་དག་ཆོས་དཔེ་ཡིན་ཞིང་མཆོད་ཁང་གི་ཕུགས་སུ་བཞག་སྟེ་མཆོད་བཀུར་བྱེད་པ་ལས་ཀློག་པ་ཉུང་། སྤྱོད་སྒོ་ཆེ་ཞིང་གོ་བདེ་བའི་ཚན་རིག་དང་། རྩོམ་རིག ལོ་རྒྱུས་སོགས་ཀྱི་དཔེ་ཆ་ཁྱིམ་དུ་ཉར་ཚགས་བྱས་མེད་པ་དང་། དཔེ་ཆ་རེ་འགའ་ཡོད་ཀྱང་དཔེ་ཀློག་མི་བྱེད་པར་ས་རྡུལ་ཁྲོད་དུ་གཡུགས་པ། ཁྱིམ་བདག་གིས་བྱིས་པར་དམིགས་ཏེ་རྩེད་ཆས་ལེགས་གྲས་ཉོ་བ། རྒྱས་བཟའ་རྒྱས་འཐུང་ཅི་ཐུབ་བྱེད་ཅིང་དཔེ་ཆ་གཅིག་ཀྱང་ཉོ་མི་སྲིད་པའི་གནས་ཚུལ་ལྷགས་ཡོད། དེ་བས་བོད་ཁུལ་དུ་དཔེ་ཀློག་གི་མཁའ་དབུགས་སྟུག་པོ་ཞིག་ཆགས་དགོས་ན། སྲིད་གཞུང་གི་སྣེ་ཁྲིད་དེ་སྤྱི་ཚོགས་ཡོངས་སུ་དཔེ་ཀློག་གི་བྱ་འགུལ་སྤེལ་བ་དང་། དཔེ་མཛོད་ཁང་སོ་སོས་དཔེ་ཀློག་གི་སྟེགས་བུ་བསྐྲུན་ཏེ་ནུས་པ་འདོན་པ། སྒོས་སུ་ཕ་མས་ཁྱིམ་ཚང་སློབ་གསོར་མཐོང་ཆེན་གནང་སྟེ་བྱིས་པར་ཆུང་དུས་ནས་དཔེ་ཀློག་བྱེད་དུ་འཇུག་པ་དང་། སློབ་གྲྭས་དཔེ་ཀློག་གི་སློབ་ཚན་བཀོད་སྒྲིག་བྱས་ཏེ་དཔེ་ཀློག་གོམས་གཤིས་ལེགས་པོ་ཆགས་པར་མཛུབ་སྟོན་བྱེད་དགོས། རང་རེའི་བོད་མི་རིགས་ནི་ཤེས་རིག་ལྡན་ཞིང་དཔེ་ཀློག་ལ་དགའ་བ་ཞིག་ཡིན་ཏེ། དུས་རབས་རིམ་བྱོན་ནང་མཁས་དབང་གསེར་རིའི་ཕྲེང་བ་བྱོན་མྱོང་བ་དང་། བརྩམས་ཆོས་རི་བོའི་དཔངས་དང་མཉམ་པ་གསར་རྩོམ་མཛད་མྱོང་། ད་དུང་སྤྱི་ཚོགས་ཡོངས་སུ་ཤེས་ཡོན་པར་བརྩི་འཇོག་མཐོན་པོ་གནང་བ་སོགས་དཔེ་ཀློག་ལ་བཟུང་བའི་ལྟ་ཚུལ་ལེགས་པོ་ཡོད་དོ། །ང་ཚོའི་ཁ་ན་རླུང་ལྟར་གྲགས་པའི་དཔེ་ཀློག་སྐོར་གྱི་ལེགས་བཤད་དེ། རིག་པ་ནངས་པར་འཆི་ཡང་བསླབ། ཡོན་ཏན་མ་ལུས་བརྩོན་པའི་རྗེས་སུ་འགྲོ། ཨ་མའི་བུ་ལ་བརྩོན་པ་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ལྟ་བུ་སོགས་ཤིན་ཏུ་མང་། དཔེ་ཀློག་གི་སྲོལ་རྒྱུན་བཟང་པོ་འདི་སྔོན་ཆད་དགོན་པ་གྲྭ་ས་ནས་དར་སྤེལ་བྱུང་མོད། གྲོང་པའི་ཁྱིམ་ཚང་སློབ་གསོར་བརྩི་འཇོག་ཆེན་པོ་བྱས་མེད་པས་ད་ལྟའི་དུས་སུ་དམངས་ཡོངས་དཔེ་ཀློག་བྱ་འགུལ་སྤེལ་དཀའ། ཁྱིམ་ཚང་སློབ་གསོ་ནི་བྱིས་པ་ཞིག་ལ་མཚོན་ན་ཆེས་ཐོག་མའི་སློབ་གསོ་ཡིན་ཞིང་། ཁྱིམ་ཚང་གི་དཔེ་ཀློག་གོམས་གཤིས་ལེགས་པོས་བྱིས་པའི་མི་ཚེ་ཧྲིལ་བོའི་དཔེ་ཀློག་ལ་ནུས་པ་གལ་ཆེན་ཐོན་ཐུབ། ཕ་མ་རྣམས་ཀྱིས་སུན་སྣང་མེད་པར་ཉིན་རེར་བྱིས་པར་གཏམ་རྒྱུད་བཤད་པ་དང་རིས་དེབ་ལྟ་རུ་འཇུག་པ། བྱིས་པ་དང་མཉམ་དུ་དཔེ་ཆ་ཀློག་འདོན་བྱེད་པ་སོགས་བྱས་ཏེ་ཁྱིམ་ཚང་ནང་དུ་དཔེ་ཀློག་ནི་འཚོ་བའི་གྲུབ་ཆ་ཞིག་ཏུ་གཏོང་དགོས། བྱིས་པའི་དཔེ་ཀློག་ལ་བཅངས་པའི་ལྟ་ཚུལ་དང་དཔེ་ཀློག་གོམས་གཤིས་འདི་དུས་ཡུན་རིང་པོའི་ནང་དུ་རིམ་གྱིས་གྲུབ་དགོས་པས་ན། ཕ་མས་བྱིས་པར་ཉིན་ནས་ཉིན་དང་། ཟླ་ནས་ཟླ། ལོ་ནས་ལོར་དཔེ་ཀློག་གི་རྒྱུན་སྐྱོང་རྒྱུ་ནི་གལ་ཆེན་ཡིན་ནོ། ། ཕ་མས་བྱིས་པར་མིག་དཔེ་སྟོན་དགོས་ན་ཐོག་མར་རང་ཉིད་དཔེ་ཀློག་ལ་དགའ་བ་དང་སྤྲོ་བ་ཞིག་ཅིས་ཀྱང་ཡིན་དགོས་ཏེ། རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལས་དཔེ་ཀློག་གི་གལ་ཆེན་རང་བཞིན་མངོན་པར་མཚོན་ཐུབ་པ་དང་ཁྱིམ་ཚང་ནང་དུ་བསྟན་བཅོས་གྲགས་ཅན་སྐོར་ཞིག་གསོག་འཇོག་བྱེད་དགོས། ཕ་མས་ཉིན་བཞིན་བྱིས་པའི་དཔེ་ཀློག་གི་མགོ་མཇུག་བར་གསུམ་དུ་ལྟ་རྟོག་བྱེད་དགོས། དྲ་རྒྱ་དང་ཁ་པར་ཆེས་ཆེར་དར་བའི་དུས་འདིར། ཕ་མས་རང་ཉིད་ཀྱི་ལག་གི་ཁ་པར་གཡུགས་ཏེ་བྱིས་པ་དང་མཉམ་དུ་དཔེ་ཀློག་ལ་རོལ་བ་བརྒྱུད་དེ་དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་དང་ཞིབ་ཀློག་གི་ནུས་པ་ཐོན་པར་བྱེད་དགོས། ཕ་མས་ནམ་ཡང་ཁྱིམ་ཚང་གི་དཔེ་ཀློག་ཆུ་ཚད་དང་དཔེ་ཆ་ཀློག་ཚད་ལ་ཐུགས་ཁུར་ཟབ་མོ་གནང་དགོས་སོ། །
        སློབ་གྲྭས་དཔེ་ཀློག་གི་སློབ་ཚན་བཀོད་སྒྲིག་བྱས་ཏེ་དཔེ་ཀློག་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ་ནི་དམངས་ཡོངས་དཔེ་ཀློག་གི་རྨང་གཞིའི་འཛུགས་སྐྲུན་ཞིག་ཡིན། བོད་ཁུལ་གྱི་སློབ་གྲྭ་ཁག་གིས་དམངས་ཡོངས་དཔེ་ཀློག་བྱ་འགུལ་སྤེལ་མགོ་ཚུགས་ནའང་གཏིང་ཟབ་ཏུ་སྤེལ་ཐུབ་ཀྱིན་མེད། བྱ་འགུལ་གྱི་ནང་དོན་དང་བྱ་འགུལ་གྱི་གཞི་རྒྱ། བྱ་འགུལ་གྱི་རྣམ་པ་སོགས་ཀྱི་ཐད་ནས་སྐྱོན་ཆ་མང་པོ་ལྷགས་ཡོད་དེ། དགེ་སློབ་རྣམས་ཀྱིས་དམངས་ཡོངས་དཔེ་ཀློག་བྱ་འགུལ་སྤེལ་བའི་དགོས་པ་དང་ཉིང་དགོས་ཤེས་ཐུབ་པར་མེད་པ་དང་། བྱ་འགུལ་རྩ་འཛུགས་བྱེད་པའི་ཆེད་ལས་མི་སྣ་མེད་པ། དགེ་སློབ་རྣམས་བྱ་འགུལ་དེར་ཞུགས་ཚད་ཉུང་བ། དེང་རབས་ཀྱི་རྣམ་པ་མཚོན་པའི་བྱ་འགུལ་སྤེལ་ཐབས་ལ་རྨོངས་པ་བཅས་སོ། ། མིག་སྔར་སློབ་གྲྭ་སོ་སོས་དཔེ་ཀློག་ཁྱབ་གདལ་བྱ་འགུལ་ཁྲོད་དུ་བྱིས་བློ་དང་འཚམ་པའི་དཔེ་ཆ་གདམ་རྒྱུར་དཀའ་ལས་ཆེན་པོར་འཕྲད་ཡོད། དེ་ནི་ལོ་ངོ་མང་པོའི་རིང་ལ་གཞི་རིམ་སློབ་གྲྭས་དཔེ་ཀློག་མཐོང་ཆེན་མི་བྱེད་ཅིང་དཔེ་ཐོ་འོས་འཚམ་ཞིག་བདམས་མེད་པས་རེད། བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཁག་ལ་སྤྱི་ཁྱབ་ཏུ་གནས་པའི་གནད་དོན་ཞིག་ཀྱང་ཡིན། རྒྱལ་ནང་གི་སྔོན་ཐོན་ས་ཁུལ་དུ་སློབ་ཚན་བཀོད་སྒྲིག་བྱེད་སྐབས་ལོ་རིམ་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ཏེ་དཔེ་ཀློག་སློབ་ཚན་བཙུགས་ཡོད་དེ། ལོ་རིམ་དམའ་བའི་སློབ་ཆུང་རྣམས་ལ་རི་མོར་བལྟས་ཏེ་སྐད་ཆ་བཤད་པ་སོགས་གཙོ་བོར་བཟུང་བ་དང་། ལོ་རིམ་འབྲིང་བའི་དམའ་འབྲིང་རྣམས་ལ་མཛེས་ཉམས་དོད་པའི་རྩོམ་ཡིག་ཀློག་འདོན་སོགས་གཙོ་བོར་བཟུང་བ། ལོ་རིམ་མཐོ་བའི་མཐོ་འབྲིང་རྣམས་ལ་རྩོམ་ཡིག་དབྱེ་ཞིབ་བྱས་ཏེ་གླེང་བརྗོད་སྤེལ་བ་སོགས་གཙོ་བོར་བཟུང་འདུག དེ་བས་སློབ་གྲྭས་དམིགས་ཡུལ་ཡོད་པའི་སྒོ་ནས་དཔེ་ཀློག་བསམ་ཚུལ་འབྲི་རུ་འཇུག་པ་དང་ཚགས་པར་སྒྲུབ་པའི་འགྲན་སྡུར་སྤེལ་ཏེ། སློབ་མ་རྣམས་ལ་རང་གི་ལག་པ་འགུལ་ཤེས་པ་དང་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ་དང་སློབ་མའི་ལས་བྱ་མང་བའི་གནས་ཚུལ་དངོས་ལ་གཞིགས་ཏེ་ལས་བྱ་ཇེ་ཉུང་དུ་གཏོང་བར་བྱེད་ཅིང་། སློབ་མར་རང་དབང་གི་དུས་ཚོད་བྱིན་ཏེ་དཔེ་ཀློག་གནད་དུ་ཐིངས་པ་ཞིག་བྱེད་དུ་འཇུག་པ་དགོས་གལ་ཆེའོ། །

གཉིས་པ། དམངས་ཡོངས་དཔེ་ཀློག་སྤེལ་དགོས་ན་ན་ཆུང་བྱིས་པ་དང་ལས་ཐོག་མི་སྣ་གཙོ་གནད་དུ་འཛིན་པ། 
        བོད་ཁུལ་གྱི་ལས་རིགས་སོ་སོའི་སྟེང་གི་མི་རྣམས་དམངས་ཡོངས་དཔེ་ཀློག་གི་ཁྲོད་དུ་ཞུགས་དགོས་ཤིང་།དགོས་སུ་ན་ཆུང་བྱིས་པ་དང་ལས་ཐོག་མི་སྣ་ཞུགས་པར་གཙོ་གནད་དུ་འཛིན་དགོས། ཚང་མའི་ཤེས་གསལ་ལྟར། ན་ཆུང་བྱིས་པ་ནི་རྒྱལ་ཁབ་ཀྱི་མ་འོངས་པའི་རེ་བ་ཡིན་ཞིང་། ན་ཆུང་བྱིས་པའི་དཔེ་ཀློག་ནི་དཔེ་ཀློག་ལ་སྤྲོ་བའི་སྤྱི་ཚོགས་འཛུགས་སྐྲུན་དང་དམངས་ཡོངས་དཔེ་ཀློག་གི་ཆུ་ཚད་མཐོར་འདེགས་གཏོང་བའི་རྨང་གཞི་ཡིན། རང་རེའི་བོད་ཁུལ་གྱི་ན་ཆུང་བྱིས་པ་རྣམས་ལ་ཆུང་དུས་དཔེ་ཀློག་གི་མཐུན་རྐྱེན་ལེགས་པོ་ཞིག་འཛོམས་མེད་དེ། ཕ་མས་དཔེ་ཀློག་གཙིགས་སུ་བཟུང་མེད་པ་དང་། སློབ་གྲྭ་དང་ཁྱིམ་ཚང་དུ་དཔེ་ཆའི་ཉར་ཚད་ཤིན་ཏུ་ཉུང་བ། སྤྱི་ཚོགས་སུ་དངུལ་སྒོར་ཁོ་ན་གཙོ་བོ་ཡིན་པའི་མཁའ་དབུགས་ངན་པའི་ཁྱབ་ཅིང་དཔེ་ཀློག་སྙིང་བོ་མེད་པའི་ལྟ་ཚུལ་འཛིན་པ་བཅས་ཀྱི་དབང་གིས་དཔེ་ཀློག་གི་ཁོར་ཡུག་ཡག་པོ་ཞིག་ཆགས་མ་ཐུབ། དེ་བས་བྱིས་པའི་བློ་ཁ་དང་འཚམ་པའི་དཔེ་དེབ་སྣ་ཚོགས་དང་། ཁྱིམ་ཚང་ནང་དུ་མཛེས་ཤིང་གྲ་དག་པའི་དཔེ་ཀློག་ཁང་བ། དཔེ་མཛོད་ཁང་རྣམས་སུ་བྱིས་པའི་འདོད་བློ་སྣ་ཚོགས་སྐོང་ཐུབ་པའི་དཔེ་ཀློག་ཁང་བཅས་མཁོ་སྤྲོད་བྱེད་པ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། མིག་སྔར་དཔེ་ཆའི་ཚོང་རའི་ནང་དུ་ལོ0~3བར་ལ་རིས་དེབ《ཡ་རུ་བཙལ་བ》《ཀྱ་ཙེ་གོམ་ཙེ་རིས་དེབ་དཔེ་ཚོགས》སོགས་དང་། ལོ4~6བར་ལ་རིས་དང་ཡི་གེ་གཉིས་ཀ་ཡོད་པའི་དཔེ་ཆ་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྲིགས་པའི《བྱིས་པའི་བློ་སྒོ་རིམ་འབྱེད་དཔེ་ཚོགས》དང《ཤེས་བྱ་དྲིས་བརྒྱ་བ》སོགས་དང་།ལོ7~12བར་ལ《གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད》《ན་ཆུང་གཞོན་ནུའི་ངེས་ཀློག་དཔེ་ཚོགས》སོགས་ལས་གཞན་དམངས་ཁྲོད་ཀྱི་བྱིས་སྒྲུང《མི་རོ་རྩེ་སྒྲུང》《ཉི་ཆོས་བཟང་པོའི་སྒྲུང》སོགས་ཉུང་ཤས་ཤིག་ཡོད། སྤྱིའི་ཆ་ནས་བལྟས་ན་བྱིས་པའི་ཀློག་དེབ་ཇེ་མང་དུ་འགྲོ་བཞིན་ཡོད་མོད། ནང་དོན་གྱི་ཆ་དང་རི་མོའི་མཛེས་ཆ་ཐད་ལ་མི་འདང་ས་མང་པོ་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་བྱིས་དེབ་གྲགས་ཅན་དག་ལ་ཟུར་ལྟ་དང་སློབ་སྦྱོང་བྱེད་དགོས་འདུག ད་ལྟ་བོད་ཁུལ་གྱི་ཁྱིམ་ཚང་སོ་སོའི་འཚོ་བའི་ཆ་རྐྱེན་ཇེ་བཟང་འགྲོ་བཞིན་ཡོད་པ་དང་། སློབ་གསོ་དང་དཔེ་ཀློག་ལ་བཟུང་བའི་ལྟ་ཚུལ་ཡང་ཇེ་ལེགས་སུ་སོང་ཡོད་མོད། ཁྱིམ་ཚང་སློབ་གསོའི་མ་ལག་གཙོ་བོར་གྱུར་པའི་དཔེ་ཀློག་གི་ཆ་ནས་དོ་སྣང་ཆེན་པོ་མེད་སྟབས། ཁྱིམ་ཚང་སོ་སོ་ན་ཁྱིམ་ཉར་དཔེ་ཆ་ཤིན་ཏུ་ཉུང་ཞིང་། དགོས་སུ་ན་ཆུང་བྱིས་པའི་ཀློག་དེབ་ཉུང་བ་རེད། བོད་ཡུལ་དུ་ཁྱིམ་ཉར་དཔེ་ཆའི་ཁྱབ་གདལ་ཚད་ཤིན་ཏུ་དམའ་བའི་གནས་བབ་ད་དུང་འགྱུར་མེད་པ་དང་། ཁྱིམ་ཚང་མང་པོ་ཞིག་ན་ཁྱིམ་ཉར་དཔེ་ཆ་གཏན་ནས་མེད་པའི་གནས་ཚུལ་ལྷགས་འདུག ཁྱིམ་ཚང་ནང་དུ་དཔེ་མཛོད་ཁང་འཛུགས་རྒྱུ་ནི་དེང་རབས་ཁྱིམ་ཚང་གི་མ་མཐའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད་མོད། རང་རེའི་འདི་ཕྱོགས་སུ་ཞན་སྟབས་ཆོས་དཔེ་རེ་འགའ་མཆོད་ཁང་དུ་བཤམས་རྒྱུ་ལས་ཚན་རིག་ཤེས་བྱའི་སྐོར་གྱི་དཔེ་ཆ་ཉར་མེད་དོ། །ལས་ཐོག་མི་སྣ་ནི་རྒྱལ་ཁབ་ཀྱི་བྱ་བ་མཐའ་དག་གི་འགན་ལེན་མཁན་དང་སྤྱི་ཚོགས་དཔལ་འབྱོར་སྐྲུན་མཁན། རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་མཁན་བཅས་ཡིན། ལས་ཐོག་མི་སྣའི་བྱང་ཚད་མཐོ་མིན་དེ་ཐད་ཀར་རྒྱལ་ཁབ་དང་མི་རིགས་ཤིག་གི་བྱང་ཚད་མཐོ་མིན་ལ་འབྲེལ་བ་དམ་པོ་ཆགས་ཡོད་པས། དམངས་ཡོངས་དཔེ་ཀློག་བྱ་འགུལ་ལེགས་པོ་སྤེལ་དགོས་ན་ཐོག་མར་ལས་ཐོག་མི་སྣའི་དཔུང་ཁག་གིས་དཔེ་ཀློག་ལ་དོ་སྣང་བྱ་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ30ལྷག་གི་རིང་ལ། རང་རེའི་བོད་ཁུལ་དང་རྒྱལ་ནང་གི་སློབ་གྲྭ་ཆེ་འབྲིང་ཁག་ཏུ་ལས་ཐོག་མི་སྣ་མང་པོ་སྐྱེད་སྲིང་བྱས་ཏེ། ས་གནས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་མགྱོགས་མྱུར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་རུ་གྱུར་ཡོད། བོད་སྐད་ཡིག་ཆེད་ལས་ཡིན་པའི་ལག་ཐོག་མི་སྣ་མང་ཤོས་ས་གནས་ཀྱི་རིག་གནས་སློབ་གསོ་སྡེ་ཁག་དང་སྲིད་འཛིན་སྡེ་ཁག ཁེ་ལས་བཟོ་གྲྭ་སོགས་སུ་བྱ་བར་ཞུགས་ཏེ་རྐང་འཛིན་པར་གྱུར་ཡོད་ནའང་། སྤྱི་ཚོགས་སུ་དམངས་ཡོངས་དཔེ་ཀློག་ཐད་ཐོན་པའི་ནུས་པ་ཧ་ཅང་སྐྱོ་བོར་ཆགས་འདུག་སྟེ། ལས་ཁུངས་སོ་སོར་དཔེ་ཀློག་གི་མཁའ་དབུགས་ཡག་པོ་ཆགས་མེད་པ་དང་མགོ་ཁྲིད་སོགས་ཀྱི་དོ་སྣང་མི་བྱེད་པ། རང་འགུལ་གྱིས་དཔེ་ཀློག་བྱ་འགུལ་མི་སྤེལ་བར་མ་ཟད། སྐོར་ཞིག་དུ་ཆང་ཁོ་ནར་འབད་དེ་བླུན་རྨོངས་ཀྱི་ཁོར་ཡུག་བསྐྲུན་ཅི་ཐུབ་བྱེད། སྤྱིར་ན་ལས་ཐོག་མི་སྣ་དག་ནི་རང་མི་རིགས་ཀྱི་ཡོན་ཏན་ཚད་མཐོ་ཤོས་དང་དཔེ་ཀློག་ལ་དགའ་མཁན། དམངས་ཡོངས་དཔེ་ཀློག་གི་རུ་སྣ་འདྲེན་མཁན་ཡིན་དགོས་མོད། ཁོ་ཚོ་ནི་དེ་ལས་ལྡོག་སྟེ་སྤྱི་ཚོགས་སུ་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད་ཅིང་། བོད་ཁུལ་དུ་མགྱོགས་མྱུར་ངང་དམངས་ཡོངས་དཔེ་ཀློག་སྤེལ་མི་ཐུབ་པའི་གེགས་ཤིག་ཏུ་གྱུར་འདུག དེས་ན་ལས་ཐོག་མི་སྣའི་རང་སྟེང་ན་ཡོད་པའི་དཔེ་ཀློག་ཆ་རྐྱེན་བཟང་བ་དང་ནུས་པ་ཆེ་བ་སོགས་སྔོག་འདོན་བྱས་ཏེ། བོད་ཁུལ་དུ་དམངས་ཡོངས་དཔེ་ཀློག་ཡོངས་ཁྱབ་ངང་སྤེལ་ཐུབ་པར་དངོས་ཤུགས་གང་རུང་ནས་ནུས་པ་གཙོ་བོ་ཐོན་རྒྱུར་འབད་དགོས་སོ། ། 

གསུམ་པ། བསྟན་བཅོས་གྲགས་ཅན་བཀླག་རྒྱུ་གཙོ་བོར་འཛིན་པ།
        བསྟན་བཅོས་གྲགས་ཅན་ནི་མི་རིགས་ཤིག་གི་བསམ་བློའི་འབྱུང་ཁུངས་དང་ཤེས་རིག་གི་ཉིང་བཅུད་ཡིན་ཞིང་། མི་རིགས་དེའི་ཤེས་ཡོན་གྱི་ཚད་མཐོན་པོའི་རིན་ཐང་མངོན་ཡོད། བསྟན་བཅོས་གྲགས་ཅན་ཞིག་ཡིན་ན་ངེས་པར་དུ་ཤུགས་རྐྱེན་རང་བཞིན་དང་དུས་ཚོད་རང་བཞིན། ཡོངས་ཁྱབ་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་དགོས། བོད་ཀྱི་ཤེས་རིག་ལོ་རྒྱུས་སྟེང་དུ་བསྟན་བཅོས་གྲགས་ཅན་མང་པོ་བྱུང་མྱོང་ཞིང་། 《ས་སྐྱ་ལེགས་བཤད》སོགས་ཀྱིས་མཚོན་པའི་བསྟན་བཅོས་གྲགས་ཅན་དག་ལ་བོད་མིས་གཅེས་ཉར་དང་ཀློག་རྒྱུར་དགའ། དུས་རབས་རིམ་བྱོན་གྱི་མཁས་དབང་བཀའ་དྲིན་ཅན་རྣམས་ཀྱིས་བཅུ་ཕྲག་རིག་གནས་ཀྱི་བསྟན་བཅོས་གྲགས་ཅན་མང་པོ་རང་གི་མིག་འབྲས་བཞིན་དུ་སྲུང་སྟེ་ང་ཚོ་བུ་རབས་ཚ་བརྒྱུད་དག་ལ་བཞག་ཡོད་ནའང་། དེང་དུས་ཚོང་རའི་དཔལ་འབྱོར་གྱི་རླབས་རྒྱུན་ཁྲོད་ནས་སློབ་གྲྭ་དང་ཁྱིམ་ཚང་གི་སློབ་གསོས་བསྟན་བཅོས་གྲགས་ཅན་ཀློག་རྒྱུར་མཐོང་ཆེན་མི་བྱེད་པ་དང་།
ན་གཞོན་མང་པོ་ཞིག་གིས་བོད་ཀྱི་གནའ་བོའི་བསྟན་བཅོས་གྲགས་ཅན་དག་ནི་རྙིང་ཞེན་ཆེ་བ་དང་དངོས་ཡོད་ལ་ཕན་ཐོགས་མེད་པར་འདོད་པ། དྲ་སྟེང་གི་རྩེད་མོར་ཡེངས་པ་དང་རགས་ཀློག་ཙམ་ལ་བརྟེན་པའི་དཔེ་ཀློག་བྱེད་པ། གོ་དཀའ་བར་ཁ་གཡར་ཏེ་དཔེ་ཀློག་མི་བྱེད་པ་སོགས་བྱུང་སྟེ་སྲོལ་རྒྱུན་ཤེས་རིག་གི་ཉིང་བཅུད་དག་གི་རྒྱུན་འཛིན་ལ་ཉེན་ཁ་གདའ། རྒྱུ་མཚན་དེའི་དབང་གིས་སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣས་རྒྱལ་དམངས་ཀྱིས་དཔེ་ཀློག་ཚད་ཇེ་ཉུང་དུ་འགྲོ་བའི་གནས་ཚུལ་དངོས་ལ་གཞིགས་ཏེ《དམངས་ཡོངས་དཔེ་ཀློག་གི་སྲོལ་ཡིག》བཟོ་དགོས་པའི་རེ་བ་བཏོན་འདུག དེ་ཡང་བསྟན་བཅོས་གྲགས་ཅན་དཔེ་ཀློག་ཁྱབ་སྤེལ་གཏོང་བའི་དགོས་པ་ནི། སྤྱི་ཚོགས་ཡོངས་སུ་དཔེ་ཀློག་གི་མཁའ་དབུགས་ཡག་པོ་ཞིག་བསྐྲུན་པ་དང་། མི་རིགས་རིག་གནས་ཀྱི་རྒྱུན་འཛིན། མི་རྣམས་ཀྱི་བྱང་ཚད་ཇེ་མཐོ་འགྲོ་བ་བཅས་ཡིན་ནོ། ། 
        མིག་སྔར་བསྟན་བཅོས་གྲགས་ཅན་དཔེ་ཀློག་ཁྱབ་སྤེལ་གཏོང་བའི་ཁ་ཕྱོགས་ས་གཙོ་བོ་ནི་ན་གཞོན་དག་རེད། འདི་ལ་སློབ་གྲྭ་དང་ཁྱིམ་ཚང་ཕྱོགས་གཉིས་ནས་ཤུགས་རྒྱག་དགོས་ཏེ། སློབ་གྲྭ་དག་གིས་སློབ་གསོ་པུའུ་ཡི《འོས་འགན་སློབ་གསོའི་སྐད་ཡིག་སློབ་ཚན་གྱི་ཚད་གཞི》ལས།“སློབ་མའི་ཕྱོགས་གང་ཐད་ཀྱི་དཔེ་ཀློག་དགའ་ཕྱོགས་གསོ་སྐྱོང་བྱ་རྒྱུར་གལ་ཆེན་དུ་བཟུང་སྟེ། དཔེ་ཀློག་གི་རྒྱ་ཇེ་ཆེར་གཏོང་བ་དང་ཀློག་གྲངས་ཇེ་མང་དུ་གཏོང་བ། དཔེ་ཀློག་གི་སྤུས་ཚད་ཇེ་མཐོ་གཏོང་བ་བཅས་དང་། ལས་བྱ་ཉུང་འབྲི་དང་དཔེ་ཆ་མང་པོ་ཀློག་པ། དཔེ་ཀློག་ལ་དགའ་བ། དཔེ་ཆ་བཟང་པོ་ཀློག་པ། དཔེ་ཆ་ཧྲིལ་བོ་ཀློག་པ”ཞེས་པའི་རེ་བ་འདི་ལག་བསྟར་ནན་མོར་བྱེད་དགོས་མོད། བོད་ཁུལ་གྱི་སློབ་གྲྭ་དག་ནས་དགོངས་དོན་འདི་ལག་བསྟར་བྱས་པ་ནན་མོ་མིན་པའི་སྣང་ཚུལ་འདུག བོད་པའི་ཁྱིམ་ཚང་ནང་དུ་བསྟན་བཅོས་གྲགས་ཅན་ཉར་ཚགས་བྱས་པ་ཤིན་ཏུ་ཉུང་ཞིང་དཔེ་ཀློག་གི་མཁའ་དབུགས་ཡག་པོ་ཞིག་ཆགས་མེད། དེ་བས་ཁྱིམ་བདག་རྣམས་ཀྱིས་རང་མི་རིགས་ཀྱི་བསྟན་བཅོས་གྲགས་ཅན་བུ་རབས་ཚ་རྒྱུད་དག་ལ་བརྒྱུད་སྤྲོད་བྱེད་པའི་འོས་འགན་དང་ལེན་བྱ་རྒྱུར་གལ་ཆེ། 
        དམངས་ཡོངས་དཔེ་ཀློག་བྱ་འགུལ་སྤེལ་ན་བསྟན་བཅོས་གྲགས་ཅན་གང་དག་ཀློག་དགོས་པ་དང་ཇི་ལྟར་ཀློག་དགོས་པའི་ཐད་ལ་བསམ་བློ་གཏོང་དགོས། དེ་ནི་བོད་ཀྱི་བསྟན་བཅོས་མང་པོའི་ཁྲོད་ནས་དཔེ་ཆ་གྲགས་ཅན་འགའ་གདམ་གསེས་བྱས་ཏེ་ཀློག་དགོས་པའི་གནད་དོན་ལ་ཐུག་ཡོད། དེང་གི་དུས་འདིར་སྤྱི་ཚོགས་དཔལ་འབྱོར་འགྲོས་མྱུར་ངང་འཕེལ་རྒྱས་བྱུང་སྟེ། མི་རྣམས་ལ་ལྷོད་ཡངས་བབ་ཆགས་ཀྱི་དཔེ་ཀློག་དུས་ཚོད་མེད་པ་རེད། རྒྱུ་མཚན་དེ་ལ་དམིགས་ཏེ་དེབ་གཟུགས་ཆུང་ཞིང་ཤེས་བྱ་འདུས་ཚད་ཆེ་བའི་བསྟན་བཅོས་གྲགས་ཅན་གྱི་དཔེ་ཐོ་དགོད་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》ནི་འདིའི་སྐོར་གྱི་ཚོད་ལྟ་ཡིན་ལ། དཔེ་ཐོ་རུ་བདམས་པའི《མཁས་པ་འཇུག་པའི་སྒོ》《ཆག་ལོ་ཙཱ་བའི་རྣམ་ཐར》《བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ》《གྲུབ་མཐའ་རིན་ཆེན་ཕྲེང་བ་དང་ས་ལམ་རྣམ་གཞག》《རྒྱལ་པོ་ར་མ་ཎིའི་གཏམ་རྒྱུད་ཀྱི་འགྲེལ་པ》《མིང་གི་རྣམ་གྲངས》《ཀོང་སྤྲུལ་ཟིན་ཏིག》《རྟེན་འབྲེལ་བསྟོད་པའི་རྩ་འགྲེལ》《ལམ་རིམ་ཚིགས་བཅད་མ》《ཀླུ་སྒྲུབ་དགོངས་རྒྱན》བཅས་ནི་ཀློག་པ་པོ་མང་པོ་ཞིག་གི་བསམ་འཆར་སྡུད་ལེན་བྱས་ནས་གྲུབ་པའོ། ། འདི་ནི་ཤེས་བྱའི་ཆུ་ཚད་ངེས་ཅན་ལྡན་པའི་ཀློག་པ་པོར་དམིགས་པ་ལས་ན་ཆུང་བྱིས་པ་རྣམས་ལ་དམིགས་མེད་པས། ན་ཆུང་བྱིས་པའི་བློ་ཁ་དང་འཚམ་པའི་བསྟན་བཅོས་གྲགས་ཅན་གྱི་དཔེ་ཐོ་འོས་སྦྱོར་བྱ་རྒྱུའང་དགོས་གལ་ཆེ་བར་མཐོང་།བསྟན་བཅོས་གྲགས་ཅན་འདེམ་དུས་པར་གཞི་ལ་དང་དོད་ཆེན་པོ་བྱེད་དགོས་ཏེ། ཤིང་པར་དང་ལག་བྲིས་ལ་བརྟེན་ཡོད་པའི་གནའ་དཔེ་དང་དེང་དུས་བོད་ཡིག་དཔེ་སྐྲུན་ཁང་བརྒྱད་པོའི་ལྕགས་པར་མ་དང་ཨང་ཀིའི་དཔེ་སྐྲུན་གང་ལ་གཏོགས་རུང་། ཞུ་དག་ལེགས་པོ་བྱས་ཡོད་མེད་སྲོག་ཤིང་དུ་བཟུང་ནས་གདམ་གསེས་བྱ་རྒྱུར་གནད་ཀྱི་དམ་པའོ། །གཞན་བོད་ཀྱི་བསྟན་བཅོས་གྲགས་ཅན་གྱི་དཔེ་ཐོ་འདེམ་དུས་སྤྱི་ཚོགས་ཚན་རིག་གི་སྐོར་མང་ཞིང་གཙོ་བོར་འཛིན་པ་དང་། རང་བྱུང་ཚན་རིག་གི་སྐོར་ཉུང་ཞིང་ཕལ་བ་རུ་འཛིན་པའི་སྣང་ཚུལ་བཅོས་སྒྱུར་བྱས་ཏེ། ཚན་རིག་ཁྱབ་གདལ་སོགས་དམིགས་སུ་བཟུང་སྟེ་བོད་ཁུལ་གྱི་དམངས་ཡོངས་དཔེ་ཀློག་སྤེལ་ན་གནད་ཐོག་གི་འབྲས་བུ་སྨིན་པ་གདོན་མི་ཟའོ། །གོང་དུ་ཕྱོགས་གསུམ་ནས་དམངས་ཡོངས་དཔེ་ཀློག་བྱ་འགུལ་སྤེལ་བའི་བསམ་འཆར་གླེང་མོད། བོད་ཁུལ་གྱི་དམངས་ཡོངས་དཔེ་ཀློག་ད་དུང་མགོ་ཚུགས་མ་ཐག་ཡིན་པས་དཀའ་ཁག་མི་ཉུང་བ་ཞིག་ཡོད་པ་བཤད་མ་དགོས། དེས་ན་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་གྱི་དམངས་ཡོངས་དཔེ་ཀློག་བྱ་འགུལ་སྤེལ་ཐབས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་དང་། ཁོ་ཚོས་བླངས་པའི་གྲུབ་འབྲས་མིག་དཔེར་བལྟས་ཏེ་བོད་ཡུལ་དུ་སྤྱོད་རུང་བའི་དམངས་ཡོངས་དཔེ་ཀློག་གི་ལམ་བུ་ཞིག་འཚོལ་དགོས་སྙམ། བྱ་གཞག་འདི་བདེ་ལེགས་ངང་སྤེལ་བར་སྤྱི་ཚོགས་ཡོངས་ཀྱི་འབད་པ་ལ་བརྟེན་དགོས་པས། ཚང་མས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་བོད་ཀྱི་ཡུལ་ལུང་སོ་སོར་དཔེ་ཀློག་ལ་བརྩོན་པ་ཞིག་ཏུ་འགྱུར་བར་སྨོན་ནོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1