ལྷད་མེད་བྱམས་སེམས་ཆེན་པོ་བཅངས་དང་ལྷན།།རིམས་ནད་འགོག་བཅོས་ཚོད་འཛིན་ལས་ལ་འབད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-24



ལྷད་མེད་བྱམས་སེམས་ཆེན་པོ་བཅངས་དང་ལྷན།།རིམས་ནད་འགོག་བཅོས་ཚོད་འཛིན་ལས་ལ་འབད།

 བྱམས་སེམས་ཆེན་པོ་བརྟན་དུ་བཅངས།། དཔྱིད་དཔལ་འཆར་ལ་རེ་སྒུག་བྱེད།།

    སྤྱི་ཟླ3པའི་ཚེས5ཉིན། ཁུལ་བྱིས་པའི་ཕན་བདེ་ཁང་གི་བྱིས་པའི་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་བཀྲ་ཤིས་རང་གི་འགན་འཁུར་བའི་བྱིས་པའི་ལས་ཤག་ཏུ་སོང་ནས་བྱིས་པ་ཚོས་ལག་པ་བཀྲུ་རྒྱུ་དང་ཉལ་ཁང་གཙང་སྦྲ་བྱ་རྒྱུར་ལྟ་སྐུལ་བྱས། དཔྱིད་གསར་དུས་ཆེན་གོང་ཚེ་རིང་བཀྲ་ཤིས་ལ་མཁྲིས་རྡོ་ཆགས་ནས་མཁྲིས་སྦུག་འགག་སྟེ་ཁྲེང་ཏུའུ363སྨན་ཁང་དུ་བསྡད་ནས་གཤགས་བཅོས་བྱེད་པའི་སྐབས་སུ། ཁོང་གིས་གསར་འགྱུར་བརྒྱུད་ཏོག་གསར་གློ་ཚད་ཝུའུ་ཧན་ནས་མགྱོགས་མྱུར་རྒྱལ་ཡོངས་སུ་ཁྱབ་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་དུའང་རིམས་ནད་གཏན་འཁེལ་གྱི་ནད་པ་ཡོད་པར་ཤེས་རྟོགས་བྱུང་ནས། ཁོང་གིས་ཕན་བདེ་ཁང་གི་བྱིས་པ་ཚོར་སེམས་ཁྲལ་ཆེན་པོ་བྱས་ཏེ་ལམ་སང་སྨན་ཁང་ནས་ཕྱིར་འབུད་དགོས་ཞེས་རེ་བ་བཏོན་པ་རེད། སྨན་པས་ཁོང་ལ་ངེས་པར་དུ་ངལ་གསོ་ཟླ་བ་གཅིག་རྒྱག་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། སྤྱི་ཟླ་དང་པོའི་ཚེས22ཉིན་ཁོང་ཕན་བདེ་ཁང་ནང་ལོག་རྗེས་ཕན་བདེ་ཁང་གི་ལས་བགོས་བཀོད་སྒྲིག་ལྟར། ཁོང་གིས་བྱིས་པའི་སྡོད་ཁང་ལས་ཤག་ལ་དུག་སེལ་དང་བྱིས་པ་ཚོའི་འགྲོ་འདུག སྡོད་ཁང་ལས་ཤག་གི་འགོག་བཅོས་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་དང་། ཉིན་ལྟར་ཁྱིམ་ཚང་ལ་འབྲེལ་གཏུག་བྱེད་པའི་བྱིས་པ31ལ་རྗེས་འདེད་བཅས་བྱས་པ་རེད།

     ང་ཚོའི་ཕན་བདེ་ཁང་དུ་མིག་སྔར་བྱིས་པ95དང་ལས་བྱེད། ལས་བཟོ་བ་ཐམས་ཅད་མི100ལྷག་ཙམ་ ཡོད་པ་ལས་དེ་ནི་མི་སྣ་འདུ་འཛོམས་ཆེ་བའི་འདུས་ཁུལ་ཡིན་པས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ དུས་བབ་ཧ་ཅང་ཛ་དྲག་ཆེ་བ་ཡིན་ལ་ང་ཚོས་སྤྱི་ཟླ་དང་པོའི་ཚེས25ཉིན་ནས་བཟུང་བཀག་སྡོམ་དོ་དམ་ལག་བསྟར་བྱས་ཡོད་ཅིང་། ས་ཁོངས་དོ་དམ་ཚོད་འཛིན་དང་ཁང་ཡོངས་ཀྱི་དོ་དམ་ཚོད་འཛིན་སོགས་རིགས་དབྱེ་དོ་དམ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་སྟེ། ཏོག་གསར་གློ་ཚད་འགོག་བཅོས་ཚོད་འཛིན་གྱི་བྱ་ཐབས་རབ་དང་རིམ་པ་རིམ་བཞིན་ཤུགས་ཆེ་རུ་བཏང་ནས་འགོག་བཅོས་ཚོད་འཛིན་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྤེལ་བཞིན་ཡོད་པ་རེད། ཕྱིར་སྡོད་པའི་དགེ་རྒན་དང་ལས་བཟོ་ཚང་མ་ལས་གནས་སུ་ལོག་མཚམས་བཞག་ནས་ཕན་བདེ་ཁང་དུ་སྡོད་པའི་དགེ་རྒན་དང་ལས་བཟོ13གྱིས་བྱིས་པའི་སློབ་སྦྱོང་དང་འཚོ་བ། འགྲོ་འདུག་སོགས་ཀྱི་འགན་འཁུར་དགོས་པའི་བཀོད་སྒྲིག་བྱས་པ་རེད། ང་ཚོའི་དོ་དམ་ཚོགས་པ་དེའི་ནང་ལོ་ན་བགྲེས་པའི་ཕ་མ་གཉིས་ལ་ལྟ་རྟོག་བྱེད་མཁན་མེད་པ་དང་བྱིས་པ་སློབ་ཐོན་སློབ་མ་ཡིན་ལ། བཟའ་ཟླ་གཉིས་ངོ་ཐུག་མི་ཐུབ་པ་རེད། ཡིན་ནའང་རིམས་ནད་ཀྱི་མདུན་དུ་ཕན་བདེ་ཁང་དུ་སྡོད་མཁན་ལས་བྱེད་དང་ལས་བཟོ་པ་ཚོས་བརྟེན་ས་མེད་པའི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཚོ་རང་ཉིད་ཀྱི་ཕྲུ་གུར་བརྩིས་ནས་ཐུགས་ཁུར་བྱེད་བཞིན་ཡོད་པ་རེད་ཞེས་ཕན་བདེ་ཁང་གི་འགོ་འཛིན་བསོད་ནམས་རྡོ་རྗེས་གསར་འགོ་པར་དེ་ལྟར་བཤད།

     རིམས་ནད་བྱུང་བ་ནས་བཟུང་། བདག་སྐྱོང་པ་དང་སྲིད་འཛིན། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་མི་སྣ་སོགས་ཕན་བདེ་ཁང་དུ་བསྡད་ནས་བྱིས་པའི་ཞབས་ཞུའི་ཁུལ་དུ་བརྟན་སྲུང་བྱེད་པ་དང་རང་མོས་ངང་ཕ་ཡུལ་དུ་ལོག་ནས་ལོ་གསར་གཏང་རྒྱུའི་གོ་སྐབས་བསྐྱུར་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་བརྟན་སྲུང་བྱས་ཏེ། བྱིས་པའི་ལུས་ཁམས་བདེ་ཐང་དང་ཕན་བདེ་ཁང་ཁྱིམ་ཚང་ཆེན་མོའི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱི་ཡོད་ཚད་ཕུལ་བ་རེད།

ལྷད་མེད་བྱམས་སེམས་ཆེན་པོ་བཅངས་དང་ལྷན།།རིམས་ནད་འགོག་བཅོས་ཚོད་འཛིན་ལས་ལ་འབད།

བྱམས་སེམས་ཆེན་པོས་སྲུང་ཞིང་སྐྱོང་།། རིམས་ནད་འགོག་ལ་གཞོགས་འདེགས་བྱེད།

     བྱིས་པའི་ཕན་བདེ་ཁང་གིས་ཁྱིམ་ཚང་རྣམ་པའི་གསོ་སྐྱོང་བྱེད་སྟངས་ལག་ལེན་བསྟར་ནས་ལོ་ཆེ་ཆུང་ལ་གཞིགས་ནས་ཁང་པ་གཅིག་ནི་ཁྱིམ་ཚང་གཅིག་ཡིན་ཞིང་། ཉལ་ཁང་དང་མགྲོན་ཁང་། གསང་སྤྱོད་ཁང་། ལུས་ཁྲུས་ཁང་བཅས་ཡོད་ལ། ནང་གི་སྒྲིག་ཆས་ཁྱིམ་ཚང་དང་ཁྱད་པར་མེད་པ་རེད། བྱང་ཆུབ་ལོ8སྐབས་སུ་ཕན་བདེ་ཁང་དུ་བསླེབས་ཡོད་ཅིང་། ཆ་རྐྱེན་སྡུག་པོ་ཡིན་པས་སློབ་གྲྭར་འགྲོ་བའི་སྐལ་བ་ཆད་པ་རེད། མོ་རང་ཕན་བདེ་ཁང་ལ་ཡོང་རྗེས་ཕན་བདེ་ཁང་གི་ཁྱིམ་མི་ལྟ་བུའི་ཐུགས་ཁུར་ཟབ་མོའི་འོག བྱང་ཆུབ་མྱུར་དུ་སེམས་ཁམས་ཀྱི་གྲིབ་ནག་ལས་ཐར་བ་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་བདེ་བླག་ངང་སློབ་ཆེན་དུ་རྒྱུགས་འཕྲོད་སོང་བ་རེད།

སེར་ཤུལ་རྫོང་ནས་ཡོང་བའི་ཞི་ཁོ་ལེ་ནི་གསང་སྤྱོད་ཁང་ཞིག་གི་འགྲམ་དུ་རྙེད་པའི་བྱིས་པ་འཁྱམས་པོ་ཞིག་ཡིན་པ་རེད། ཕན་བདེ་ཁང་དུ་ཐོག་མར་ཡོང་དུས་ཁོས་དོ་དམ་སློབ་གསོ་དང་ལེན་མི་བྱེད་ཅིང་། སེམས་མི་སྐྱིད་དུས་ད་དུང་བརྒྱལ་སླ་བ་ཡིན་པ་རེད། དགེ་རྒན་ཚོས་ཁོ་ལ་དམིགས་བསལ་གྱི་ལྟ་རྟོག་དང་ཁོ་ལ་སེམས་ཁམས་ཀྱི་ཁྲིད་སྟོན་ལྷོད་མེད་བྱས། ཞི་ཁོ་ལེས་མ་བྱན་ལག་རྩལ་ལ་དགའ་པོ་ཡོད་པ་ཤེས་རྟོགས་བྱུང་རྗེས་ཕན་བདེ་ཁང་གིས་ཁོ་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོར་བརྒྱུད་ཀྲི་ཀུང་གི་གཡོས་སྦྱོར་སློབ་གྲྭར་སློབ་སྦྱོང་བྱེད་ས་བསྐྱལ་བ་རེད། གུང་གསེང་རིང་ཕན་བདེ་ཁང་དུ་ལོག་རྗེས་ཁོས་མ་བསྐུལ་དང་བླངས་ཀྱིས་གཅུང་པོ་དང་གཅུང་མོ་ཚོར་ཟ་མ་ལས་ནས་མ་བྱན་ལག་རྩལ་འགྲེམས་སྟོན་བྱས་པས་དགེ་རྒན་ཚོ་དང་གཅུང་པོ། གཅུང་མོའི་ཚོའི་ཁས་ལེན་གང་ལེགས་ཐོབ་པ་རེད། མ་འོངས་པར་སློབ་མཐར་ཕྱིན་དུས་ངས་ཟ་ཁང་ཞིག་བཙལ་ནས་གླ་པ་བྱེད་ན་ཡོང་འབབ་ཡག་པོ་ཡོད་རྒྱུ་རེད་ཞེས་ཞི་ཁོ་ལེས་རང་ལ་ཡིད་ཆེས་ཆེན་པོ་ཡོད་བཞིན་དེ་ལྟར་བཤད།

     ཕན་བདེ་ཁང་གི་དགེ་རྒན་ཚེ་དབང་གིས་ལྕགས་ཟམ་རྫོང་དུ་ཡོང་བའི་བྱིས་པ་དབྱང་ཡུང་རང་ཉིད་ཀྱི་བུ་ལྟར་གཅེས་ཤིང་དར་མདོ་ནས་པེ་ཅིང་དམངས་སྲིད་ལས་བྱེད་པའི་སློབ་གླིང་དུ་འབྱོར་ཐོ་འགོད་པར་བསྐྱོད་པ་དང་། རང་ཉིད་ཀྱི་དངུལ་སྤྱད་ནས་དབྱང་ཡུང་གི་འཚོ་བ་དང་སློབ་སྦྱོང་ཐད་ཀྱི་མཁོ་ཆས་ཡོད་ཚད་ཉོས་པ་རེད། དབྱང་ཡུང་གི་མཛུབ་མོ་ཡ་མ་གཟུགས་སུ་གྱུར་ནས་ཁོས་ཀང་ཆིན་སྦྱང་རྒྱུར་ཤུགས་རྐྱེན་ཐེབས་པས།ཕན་བདེ་ཁང་གི་འགོ་ཁྲིད་ཀྱིས་ཁྲེང་ཏུའུ་སྨན་ཁང་དང་འབྲེལ་བ་བྱས་ནས་ཁོར་གཤགས་བཅོས་བྱས་ནས་སངས་དྲག་བྱུང་ཡོད།

      ང་ཚོ་ཚང་མར་འཕྲད་པའི་སྡུག་བསྔལ་ནི་གཉེན་ཉེ་མེད་པ་ཡིན་པས་དེ་ནི་ང་ཚོས་བརྗེད་པར་དཀའ་བའི་སྡུག་བསྔལ་ཞིག་ཡིན་མོད། ཡིན་ནའང་ཕན་བདེ་ཁང་གི་ཁྱིམ་ཚང་ཆེན་པོ་འདིའི་ནང་ང་ཚོར་ཕ་མ་དང་གཅེན་གཅུང་། མིང་སྲིང་ཡོད་ལ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཡང་ཡོད་པ་རེད། ཕྱི་རོལ་དུ་སློབ་གྲྭ་ཆེ་འབྲིང་དང་ཆེད་ཚན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་བྱིས་པ44ལ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་ནས་གནས་སྐབས་སློབ་གྲྭར་ཕྱིར་ལོག་བྱ་རྒྱུའི་བརྡ་ཐོ་འབྱོར་མེད་པས། ཁོ་ཚོས“ཨ་ཕ་དང་ཨ་མར”རོགས་རམ་བྱས་ནས་གཅུང་པོ་དང་གཅུང་མོ་ཚོའི་སློབ་ཚན་དང་བཟའ་བཏུང་། འགྲོ་འདུག་གི་ཟུར་ཁྲིད་བྱས་པ་དང་དུག་སེལ་རིམས་འགོག་གི་བྱ་ཐབས་ཡག་པོ་སྤྱད་དེ་ཕན་སུམ་ཚོགས་པའི་རོལ་རྩེད་ཀྱི་བྱེད་སྒོ་སྤེལ་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་གནད་ལས་སྒྲོལ་ཐབས་བྱས་པ་རེད།

     བྱིས་པ་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་དཔྱིད་གསར་དུས་ཆེན་གཏོང་ཆེད། ཕན་བདེ་ཁང་གི་དགེ་རྒན་དང་ལས་བཟོ་བས་བྱིས་པ་ཚོའི་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ཏེ་ཟས་མཆོག་བྲོ་བ་མྱོང་བ་དང་ལག་ཤེས་བཟོ་བ། ལུས་སྦྱོང་རོལ་རྩེད། རིག་རྩལ་ལེན་ཚན་གསར་རྩོམ་བཅས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཚ་ཚ་འུར་འུར་བྱས་ནས་དཔྱིད་གསར་དུས་ཆེན་གཏོང་བ་རེད།

ལྷད་མེད་བྱམས་སེམས་ཆེན་པོ་བཅངས་དང་ལྷན།།རིམས་ནད་འགོག་བཅོས་ཚོད་འཛིན་ལས་ལ་འབད།

འགོག་བཅོས་ཚོད་འཛིན་ནན་ཞིབ་བྱེད།། བདེ་འཇགས་འགོག་ར་བརྟན་པོར་འཛུགས།།

     རང་ཁུལ་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་གཏན་འཁེལ་ནད་པ་བྱུང་རྗེས་ཁུལ་བྱིས་པའི་ཕན་བདེ་ཁང་གིས《དཀར་མཛེས་ཁུལ་བྱིས་པའི་ཕན་བདེ་ཁང་གི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་སྔོན་ཇུས》དང《དཀར་མཛེས་ཁུལ་བྱིས་པའི་ཕན་བདེ་ཁང་གི་བཀག་སྡོམ་རྣམ་པའི་དོ་དམ་ལམ་ལུགས》《དཀར་མཛེས་ཁུལ་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་ཚང་དུ་གསོ་བཅོལ་དྭ་ཕྲུག་གི་རིམས་ནད་ཐོན་རིང་གི་དོ་དམ་ལམ་ལུགས》སོགས་དོ་དམ་ཚོད་འཛིན་གྱི་ཡིག་ཆ3མྱུར་དུ་བཏོན་ནས། བྱིས་པའི་འཚོ་བ་ཁུལ་དང་གཙང་སྦྲ་ཁུལ། ལྟ་ཞིབ་ཁུལ། ལོགས་བཀར་ཁུལ། གཙང་སྦྲ་ཆེད་སྤྱོད་བགྲོད་ལམ་བཅས་ལ་རིམ་དབྱེ་འགོག་བཅོས་ཚོད་འཛིན་དོ་དམ་བྱས་ཏེ་རིམས་ནད་ཕན་ཚུན་འགོ་བ་གཏན་འགོག་བྱས་པ་རེད། སྲིད་འཛིན་མི་སྣ་དང་སློབ་དོན་དགེ་རྒན། ལས་རེས་མི་སྣ། ཟ་ཁང་གི་ལས་བཟོ་བཅས་ལས་གྲུབ་པའི་ཕྱི་སྐོར་འགན་ལེན་དཔུང་ཁག་བཙུགས་ནས་ནུས་ཤུགས་ཡོད་རྒུས་བྱིས་པ་ཚོའི་ཚེ་སྲོག་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རིམས་ནད་འགོག་བཅོས་ཚོད་འཚིན་ལས་ཀར་དམ་འཛིན་ཡག་པོ་བྱས་ཏེ། བྱིས་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་རེད།

དཔྱིད་གསར་དུས་ཆེན་ནི་ཁྱིམ་ཚང་མཉམ་འཛོམས་བྱེད་པའི་སྐབས་སུ་ཁེལ་མོད། འོན་ཀྱང་ཁུལ་བྱིས་པའི་ཕན་བདེ་ཁང་གི་ལས་བྱེད་པ་དང་ལས་བཟོ་ཚོས་ལས་གནས་བརྟན་སྲུང་དང་དཔུང་པ་མཉམ་གཤིབ། བློས་འབུལ་ཡང་ཡང་བྱས་ནས་བྱིས་པ་ཚོ་དང་མཉམ་དུ་ཀྲུང་གོ་དང་ཝུའུ་ཧན། དེ་བཞིན་རྟའུ་བཅས་ལ་ཤུགས་རྒྱག་རོགས་བྱས་པ་རེད། དཔྱིད་ཀ་འཆར་ཉེར་ཡོད་ལ་རིམས་ནད་ཀྱི་གནས་ཚུལ་མཇུག་འགྲིལ་རྒྱུ་རེད། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་བྱམས་སེམས་བཅངས་ནས་བྱིས་པ་ཚོ་དང་མཉམ་དུ་དཔྱིད་ཀྱི་དཔལ་ཡོན་འཆར་བར་རེ་སྒུག་བྱེད་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1