གཙོ་ངོས།>> ཁྲིམས་ལུགས།>>སྲིད་ཇུས་འགྲེལ་བཤད།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༤ཉིན།

༄༅།།དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ཀྱི་གཞི་རྩའི་ནང་དོན་དང་། དེའི་དུས་རབས་ཀྱི་རིན་ཐང་སྐོར་གླེང་བ།


—ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་དྲན་གསོ་ཞུ།

སྒྲོན་ལགས། ཉི་མ་ཚེ་རིང་།
གནད་བསྡུས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནི་དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་སྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནི་མར་ཁེ་སེ་རིང་ལུགས་ཀྱི་མི་རིགས་སྙིང་སྟོབས་ཀྱི་དགོངས་པས་རིགས་པའི་གཞུང་ལུགས་ཀྱི་རྨང་གདན་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་འཚོ་རྟེན་བྱས་པ་ཞིག་ཡིན། ཏང་གི་འགོ་ཁྲིད་སྐབས་ཐོག་རིམ་བྱུང་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ལ་འཚོལ་ཞིབ་དང་བསམ་ཞིབ་གཏིང་ཟབ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་འབད་འབུངས་སྙིང་སྟོབས་བཅས་ཕྱོགས་བཞིའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ཀྱི་ནང་དོན་རྒྱས་གླེང་གནང་ཡོད། ལོ་རྒྱུས་རིང་ལ་ནང་དོན་ཕྱུག་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱིས་སྐྱེ་བསྲིངས་བྱས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་སྐྱར་དར་ཡོང་རྒྱུས་འཐབ་ཇུས་ཀྱི་ཁ་ཕྱོགས་བྱས་ཡོད། དེའི་འབྱུང་ཁུངས་ནི་སྤྱི་ཚོགས་ཀྱི་ལག་ལེན་ཡིན་ལ་དེས་སྤྱི་ཚོགས་ཀྱི་ལག་ལེན་ལ་ནུས་པ་འདོན་སྤེལ་བྱས་ཡོད།
གནང་ཚིག དུསརབས་གསར་པ། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས། འབྱུང་ཁུངས། ཁྱད་ཆོས། རིན་ཐང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B949.9 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1005-5746(2019)03-001-16     
        དང་པོ། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་གྲུབ་ཚུལ་གྱི་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩ་དང་། ལག་ལེན་གྱི་རྨང་གཞི།
        གཅིག ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་གྲུབ་ཚུལ་གྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་སྙིང་སྟོབས་ཀྱི་རིགས་པའི་གཞུང་ལུགས་ཡིན།
        མར་ཁེ་སི་དང་ཨེན་ཀི་སིས་མི་རིགས་ཀྱི་སྙིང་སྟོབས་ཐད་ལ་དབྱེ་ཞིབ་དང་ཞིབ་འཇུག་དཔྱིས་ཕྱིན་པ་གནང་ཡོད་ཅིང་། ཁོང་ཚོས་མི་རིགས་ཀྱི་སྙིང་སྟོབས་དང་སྤྱི་ཚོགས་ལོ་རྒྱུས་ཁྱོན་ཡོངས་ཀྱི་འཕོ་འགྱུར་གཉིས་ཟུང་དུ་འབྲེལ་བ་དང་མི་རིགས་སོ་སོའི་ཁྱད་ཆོས་དང་འདུ་ཤེས་འཛིན་སྟངས་ལ་ཞིབ་འཇུག་བྱས་པ་བརྒྱུད། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་སྙིང་སྟོབས་སྐོར་གྱི་དགོངས་པ་ཆ་ཚང་ཞིག་གྲུབ་ཡོད། མར་ཁེ་སིས་མི་རིགས་ཤིག་གི་འདོད་འདུན་དང་མི་གཅིག་གི་འདོད་འདུན་གཉིས་ཀ་གལ་ཆེ་ཆུང་གཅིག་མཚུངས་ཡིན་ལ་ཚང་མ་རིག་པས་བརྡར་ཤ་གཅོད་པའི་ཆོས་ཉིད་ལས་སྒྲོལ་མི་རུང་།[1] ཞེས་གསུངས་ཡོད། མར་ཁེ་སིའི་མི་རིགས་ཀྱི་སྙིང་སྟོབས་སྐོར་གྱི་ཞིབ་འཇུག་ལ་འདུ་ཤེས་འཛིན་སྟངས་ཀྱི་ངོ་བོ་གསལ་པོ་ལྡན་ཡོད་ཅིང་། ཁོང་གིས་མི་རིགས་ཤིག་གི་སྙིང་སྟོབས་ནི་མི་རིགས་དེ་གའི་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་གཅིག་མཐུན་ཡིན་ལ། མི་རིགས་དེ་ཁྱོན་ཡོངས་ནས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དེ་མི་རིགས་ཀྱི་སྙིང་སྟོབས་ཀྱི་རྒྱབ་རྟེན་དང་ཁ་བྲལ་ཐབས་མེད་པའི་ངོས་འཛིན་གནང་ཡོད། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་རྩ་བའི་རིན་ཐང་ཕྱོགས་ས་དེ་ཡིན་ལ། མི་རིགས་ཀྱི་སྙིང་སྟོབས་དེ་མི་རིགས་དེ་གའི་འདུ་ཤེས་འཛིན་སྟངས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྐུལ་འདེད་གཏོང་བ་དང་། རིམ་བཞིན་མི་རིགས་དེ་གའི་མི་དམངས་ཀྱི་དངོས་པོའི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་བའི་ནན་བཤད་གནང་ཡོད། མར་ཁེ་སིས་ད་དུང་གྲལ་རིམ་འཐབ་རྩོད་ཀྱིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་མི་དམངས་ཀྱི་མི་རིགས་འདུ་ཤེས་འཕེལ་ཐབས་བྱེད་པ་དང་། མི་རིགས་ཀྱི་འདུ་ཤེས་དེ་རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་བྱུང་ནས་མི་རིགས་ལས་འགུལ་དང་མི་རིགས་ཀྱི་སྙིང་སྟོབས་འཕེལ་རྒྱས་ཤུགས་ཆེན་ཡོང་རྒྱུར་སྣེ་འཁྲིད་ཡོང་བའི་ངོས་འཛིན་གནང་གི་ཡོད། མར་ཁེ་སི་རིང་ལུགས་ཀྱི་ཕུལ་བྱུང་རིག་གཞུང་མཁས་དབང་ཚོས་མི་རིགས་ཀྱི་སྙིང་སྟོབས་ཞེས་པའི་རིགས་ལམ་དེར་ཞིབ་འཇུག་བྱ་རྒྱུའི་ཐད་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་རྒྱ་ཆེར་བཀྲལ་ནས་མི་རིགས་ཀྱི་སྙིང་སྟོབས་ལ་ཞིབ་འཇུག་བྱ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་ཚན་རིག་གི་མཛུབ་ཁྲིད་ཁ་ཕྱོགས་གསལ་སྟོན་ཐུབ་ཡོད། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་སྙིང་སྟོབས་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ལ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་མཁོ་འདོན་ཐུབ་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་སྐྱེ་བསྲིངས་བྱེད་པའི་མཐོང་རྒྱ་ཇེ་ཆེར་འགྲོ་རྒྱུར་ཕན་ནུས་ཐོན་ཡོད།
        མི་རིགས་ཀྱི་སྙིང་སྟོབས་ཞེས་པ་ནི་མི་རིགས་ཤིག་གིས་ཡུན་རིང་གི་ལོ་རྒྱུས་འཕོ་འགྱུར་ཁྲོད་བཞུན་བརྡར་བྱས་ནས་གྲུབ་པ་དང་མང་ཚོགས་མང་ཆེ་བས་ཁས་ལེན་ཐོབ་པའི་ཐུན་མོང་གི་བསམ་ཕྱོགས་དང་རིན་ཐང་འཕེལ་ཕྱོགས། སེམས་ཁམས་ཀྱི་ཁྱད་ཆོས་བཅས་ཡིན་ལ། དེ་ནི་མི་རིགས་ཀྱི་འདུ་ཤེས་ཁྲོད་ཀྱི་ཕུལ་བྱུང་རིག་གནས་ཀྱིས་མ་རྒྱུ་བྱས་པའི་བསམ་པའི་གནས་སྟངས་དང་བྱ་སྤྱོད་ཀྱི་ཐབས་ལམ་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཡུན་རིང་གི་འབད་འབུངས་ཁྲོད་སྐྱེ་བསྲིངས་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱས་པའི་བསམ་པའི་གནས་སྟངས་ཤིག་དང་། རྒྱ་ཆེ་ལ་གཏིང་ཟབ་པའི་བསམ་བློའི་མ་ལག་ཅིག་ཡིན། ཏང་གི་ཚོགས་ཆེན་བཅུ་དྲུག་པའི་སྙན་སྒྲོན་ནང་བློ་མཐུན་ཅང་ཙེ་མིན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ཀྱི་ནང་དོན་དང་ཁྱད་ཆོས་ལ་བསྡུ་རུབ་དང་ཕྱོགས་བསྡོམས་གནང་ནས་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་ལྔ་སྟོང་ལྷག་གི་ཆར་རླུང་བརྒྱུད་ནས་ནང་དོན་ཕུན་སུམ་ཚོགས་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ཀྱི་མ་ལག་ཅིག་གྲུབ་ཡོད་ཅེས་སྟོན་པ་དང་།[2] བློ་མཐུན་ཧུའུ་ཅིན་ཐའོ་ཡིས་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ་ནས་འགོ་ཚུགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་གལ་ཆེའི་རང་བཞིན་གསལ་སྟོན་གནང་ནས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་རིགས་པའི་གཞུང་ལུགས་འཚོལ་ཞིབ་བྱ་རྒྱུར་ལེའུ་གསར་པ་ཞིག་བརྩམས་ཡོད།[3] 2018ལོའི་ཟླ་བ་གསུམ་པའི་ཚེས་ཉི་ཤུ་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གལ་ཆེའི་གཏམ་བཤད་ནང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱིས་ཡིད་ཆེས་བཞི་རྒྱུན་འཁྱོངས་བྱ་རྒྱུས་གཞི་རྩའི་བློ་བསྐྱེད་བྱེད་པ་དང་། རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་འབད་འབུངས་སྙིང་་སྟོབས་བཅས་ཕྱོགས་བཞིའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ཀྱི་ནང་དོན་ཐད་མཚན་ཉིད་གསར་པ་ཞིག་འཇོག་གནང་མཛད་ཡོད།[4] དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུ་པ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་སྐོར་གྱི་ཞིབ་འཇུག་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད། རྩོམ་ཡིག་འདིའི་ནང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་གྲུབ་ཚུལ་གྱི་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩ་དང་། ལག་ལེན་གྱི་རྨང་གཞི་དང་། ནང་དོན། རིན་ཐང་བཅས་ཕྱོགས་གསུམ་གྱི་སྒོ་ནས་བགྲོ་གླེང་དང་དབྱེ་ཞིབ་ཞུ་རྒྱུ་ཡིན།
        གཉིས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་གལ་ཆེའི་སྲོག་རྩ་ནི་ཕུལ་བྱུང་གི་ཀྲུང་ཧྭ་སྲོལ་རྒྱུན་རིག་གནས་ཡིན།
        སྔོན་བྱོན་སྐྱེས་བུ་དམ་པ་གྲངས་ལས་འདས་པའི་སྐྱེ་བོ་གསོ་ཐབས་ཀྱི་དགོངས་པའི་ཁྲོད་ནས་མི་རིགས་ཀྱི་སྙིང་སྟོབས་ཀྱི་འོད་སྣང་ལྷམ་མེར་འཚེར་ཞིང་ཀྲུང་ཧྭ་མི་རིགས་ཧྲིལ་པོའི་ལོ་རྒྱུས་ཀྱི་ཆབ་རྒྱུན་རིང་མོའི་ཁྲོད་དུ་མཁས་པའི་དབང་པོ་ཚོས་ཕྱོགས་མང་པོའི་ཐད་ནས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ཐད་ཞིབ་དཔྱད་གནང་ཡོད། འགའ་རེས་གནའ་བོའི་རིག་གནས་བསམ་བློ་དང་མི་རིགས་ཀྱི་རྣམ་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ལ་ཕྱོགས་བསྡོམས་གནད་ཞིང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དེ་རུའུ་ལུགས་དང་། རྨོག་ལུགས། ཏའོ་ལུགས། ནང་ཆོས་སོགས་ཀྱི་དགོངས་པའི་ཁྲོད་ནས་སྙིགས་དོར་བཅུད་ལེན་བྱེད་དགོས་པ་དང་། དེའི་ནང་མི་ཆོས་རིག་པ་དང་། རང་བྱུང་རིག་པ། མི་དང་ཁོར་ཡུག་མཉམ་བསྡུས་རིག་པ། མཉམ་བརྗེའི་རིག་པ་ལ་སོགས་པའི་ནང་དོན་ཚུད་ཡོད་པའི་ངོས་འཛིན་གནང་བ་དང་། མཁས་དབང་སུང་ཀྲེ་མིན་དང་ཨུ་ཆན་ཐའོ་རྣམ་གཉིས་ཀྱིས་ཀུན་སྤྱོད་ལ་སྣང་ཆེན་དང་། དངོས་ཕན་སྤྲོ་སྣང་། བློ་བརྟན་ཞུམ་མེད། རྒྱལ་གཅེས་དམངས་ཕན། བཟོད་སྒོམ་ཞི་མཐུན། ལས་བརྩོན་བསྲི་ཚགས། རང་སྟོབས་ཆེར་བསྐྱེད། གཅིག་གྱུར་གོང་བཀུར། རྒྱལ་སྟན་དམངས་བཅོལ་བཅས་ཕྱོགས་དགུའི་ཐད་ནས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ལ་ཚད་མཐོའི་ཕྱོགས་བསྡོམས་དང་བཅུད་ལེན་གནང་ཡོད་པ་དེ་དག་གི་ནང་དོན་རྒྱ་ཆེ་ཀུན་འཛོམས་ཤིག་རེད། ད་དུང་ལ་ལས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཐད་ནས་དུས་རབས་མི་འདྲ་བའི་མི་རིགས་ཀྱི་སྙིང་སྟོབས་ལ་ཕྱོགས་བསྡོམས་གནང་ཡོད་ཅིང་། ཀྲུའུ་ཤིའི་ཀྲའུ་ཡིས་གནའ་དུས་དང་། ཉེ་དུས། དེང་དུས། དེ་བཞིན་དུས་རབས་གསར་པ་སོགས་དུས་མཚམས་མི་འདྲ་བའི་མི་རིགས་ཀྱི་སྙིང་སྟོབས་ལ་བཅད་ཁ་བཟོས་པ་དང་། དུས་རབས་མི་འདྲ་བའི་ནང་མཚོན་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ལ་དབྱེ་ཞིབ་གནང་ཡོད། སྐུ་ཞབས་ལིའི་ཙུང་ཀུའི་ཡིས་དུས་རབས་མི་འདྲ་བའི་མི་རིགས་ཀྱི་སྙིང་སྟོབས་ཀྱི་ཁྱད་ཆོས་ལ་དབྱེ་ཞིབ་གནང་ནས་སྔ་མོའི་མི་རིགས་ཀྱི་སྙིང་སྟོབས་དེ་ཀུན་སྤྱོད་བསམ་གཞིས་ཁྱད་ཆོས་བྱེད་པ་དང་། ཉེ་རབས་ཀྱི་མི་རིགས་ཀྱི་སྙིང་སྟོབས་དེ་ཆབ་སྲིད་ཀྱི་བསམ་གཞིས་ཁྱད་ཆོས་བྱེད་པ། དེང་རབས་ཀྱི་མི་རིགས་ཀྱི་སྙིང་སྟོབས་དེ་དཔལ་འབྱོར་གྱི་བསམ་གཞིས་ཁྱད་ཆོས་གཙོ་བོ་བྱེད་པའི་ངོས་འཛིན་གནང་གི་ཡོད།    
        གསུམ། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ཐད་ཀའི་འབྱུང་ཁུངས་དང་ལག་ལེན་གྱི་རྨང་གཞི་ནི་ཏང་གི་སྐབས་རིམ་བྱུང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན།
        མར་ཁེ་སེ་དང་ཨེན་ཀི་སིའི་མི་རིགས་ཀྱི་སྙིང་སྟོབས་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་མཛུབ་འཁྲིད་འོག་ཀྲུང་གོའི་གུང་ཁྲན་ཏང་མིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་གི་བསམ་བློ་རིག་གནས་ཀྱི་རྒྱུ་ནོར་དང་རྩ་ཆེའི་ལག་ལེན་ཁྲོད་ནས་རྒྱུན་ཆད་མེད་པར་སྙིང་སྟོབས་དེ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། གསར་གཏོད་ཀྱི་རྣམ་པའི་ཐོག་ནས་སྙིང་སྟོབས་དེར་གསོན་ཤུགས་གསར་པ་སྤྲད་ཡོད། མའོ་ཙེ་ཏུང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་ལ་འགོ་ཁྲིད་གནང་བའི་བརྒྱུད་རིམ་ནང་ཏང་ཡོངས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་སྐྱེ་བསྲིངས་དང་ལག་བསྟར་བྱ་རྒྱུར་མཐོང་ཆེན་གནང་གི་ཡོད། ཁོང་གིས་མིག་སྔའི་དུས་བབ་དང་ཏང་གི་ལས་འགན་ཞེས་པའི་བརྟག་དཔྱད་ནང་། རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་བའི་མི་རིགས་ཀྱི་སྙིང་སྟོབས་རྩ་མེད་བཟོ་རྩིས་བྱེད་པ་དེའི་དམིགས་ཡུལ་ངོ་མ་ནི་ཀྲུང་གོར་བཙན་འཛུལ་བྱ་རྒྱུ་དེ་རེད། ཅེས་གསུངས་ཡོད་པ་དང་། ཁོང་གིས་མི་རིགས་ཀྱི་སྙིང་སྟོབས་ཀྱིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས། ཐ་ན་ང་ཚོའི་རྗེས་རབས་པ་ཚོར་སློབ་གསོ་གཏོང་དགོས་པ་དང་། གསར་བརྗེ་དང་འཛུགས་སྐྲུན་གྱི་མཐའ་མའི་རྒྱལ་ཁ་ཐོབ་རྒྱུར་སྟོབས་ཆེའི་སྙིང་སྟོབས་ཀྱི་སྒུལ་ཤུགས་མཁོ་འདོན་བྱ་དགོས་ཞེས་ཐེངས་མང་ནན་བཤད་གནང་ཡོད། མའོ་ཙེ་ཏུང་གི་དུས་རབས་ནང་ལག་ལེན་གྱི་ཁྲོད་དུ་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ཅིང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་སྲོག་རྩ་བྱས་པའི་དམར་གྲུའི་སྙིང་སྟོབས་དང་། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས། རི་འགོག་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། རང་སྟོབས་ཞུམ་མེད་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས། མི་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས། ལུའི་ཧྥུང་གི་སྙིང་སྟོབས། ལྕགས་མིའི་སྙིང་སྟོབས་སོགས་ཀྱིས་ནང་དོན་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་གྲུབ་ཡོད། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚུན་གྱི་བསྒྱུར་བཅོས་སྒོ་དབྱེའི་དུས་སུ་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་མདུན་དུ་ཏེང་ཞའོ་ཕིང་གིས་མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས་དངོས་ཐོག་བདེན་འཚོལ་དང་། དུས་བསྟུན་མཉམ་བསྐྱོད་ཀྱི་བསམ་བློའི་ལམ་ཕྱོགས་གཏན་འཁེལ་དང་དོན་དངོས་དང་མི་འཚམ་པའི་ནོར་འཁྲུལ་གྱི་བསམ་བློ་ཡོ་བསྲང་དང་སྙིགས་དོར་གནང་ཐོག ཀྲུང་ཧྭའི་བུ་ཕྲུག་ཚོས་བློ་ཁོག་ཡངས་པོས་འཛམ་གླིང་ལ་རྒྱང་བལྟ་བྱེད་པ་དང་། བསྒྱུར་བཅོས་ཀྱི་སྙིང་སྟོབས་ཀྱིས་འཛམ་གླིང་ལ་འགྱུར་ལྡོག་གཏོང་བ། རང་བདག་གི་རྣམ་པས་འཛམ་གླིང་ཐོག་འགྱིང་ངེར་ལངས་ཐུབ་པ་བྱེད་དགོས་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྟོབས་ཆེའི་སྙིང་སྟོབས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དེང་རབས་ཅན་བཞིའི་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་ཡོང་བ་དང་། ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ནས་ཀྲུང་ཧྭ་མི་རིགས་ཁག་རྣམས་གང་མགྱོགས་ཕྱུག་འགྱུར་ཡོང་རྒྱུར་རྨང་གཞི་སྐྲུན་དགོས་པའི་འབོད་སྐུལ་གནང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་དུས་རིམ་ནང་བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་འགོ་ཁྲིད་མཉམ་སྡེབ་མི་ཐོག་གསུམ་པས་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཁག་རྣམས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ། སྤྱི་ཚོགས་རིང་ལུགས་དམའ་རིམ་དུས་རིམ་ཧྲིལ་པོའི་མི་རིགས་ཀྱི་སྙིང་སྟོབས་དང་བྱ་སྤྱོད་ཀྱི་རྩ་འཛིན་དུ་བཞག་ཐོག་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནི། རང་རྒྱལ་གྱི་ཕྱོགས་བསྡུས་སྒུལ་ཤུགས་ཀྱི་མཐུན་རྐྱེན་གཙོ་བོ་ཡིན་པས་ངེས་པར་དུ་སྤྱི་ཚོགས་ཧྲིལ་པོའི་ནང་རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་སྐྱེ་བསྲིངས་དང་དར་རྒྱས་གཏོང་དགོས་པའི་ནན་བཤད་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དྲུག་པའི་ཚུན་དུ་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱིས་གཅིག་འགྱུར་ལ་མཐུན་སྒྲིལ་དང་། ཞི་བདེར་དགའ་ཞེན། ལས་བརྩོན་དཔའ་ངར། རང་སྟོབས་ཞུམ་མེད་བཅས་ཀྱིས་ནང་དོན་གཙོ་བོ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ལ་ཚད་མཐོའི་བཞུན་བརྡར་གནང་ཐོག་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དང་། ཆུ་ལོག་སྔོན་འགོག་གི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས། ལས་གཏོད་ཀྱི་སྙིང་སྟོབས་སོགས་དུས་རབས་ཀྱི་ཉམས་འགྱུར་མཚོན་པའི་སྙིང་སྟོབས་རྣམས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ཁྲོད་བཞག་པ་དང་དུས་མཚུངས། རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་ཀྱི་སྲོག་ཤིང་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་གཉིས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་མ་ལག་ནང་བཞག་ཡོད།
        གཉིས་པ། དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ཀྱི་ནང་དོན།
        དུས་རབས་ནི་སྙིང་སྟོབས་ཀྱི་བརྡར་རྡོ་ཡིན་ལ། སྙིང་སྟོབས་ནི་དུས་རབས་ཀྱི་སྒུལ་ཤུགས་ཡིན། རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་སྙིང་སྟོབས་ལ་འབོད་སྐུལ་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་བསྐྱོད་པའི་གལ་ཆེའི་་ལོ་རྒྱུས་ཀྱི་མཐུད་སྣེའི་ཐོག་བཞེངས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་བཞེངས་ནས་ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་གནང་སྟེ་ཀྲུང་གོའི་མི་དམངས་ཀྱི་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་འབད་འབུངས་སྙིང་སྟོབས་བཅས་ལ་གསལ་འགྲེལ་གནང་ཡོད། དུས་རབས་གསར་པར་གནས་པའི་ང་ཚོར་དུས་རབས་གང་འདྲ་ཞིག་ལས་རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་དགོས་གལ་ཆེ་བ་ཡོད་ཅིང་། དེ་ནི་ཀྲུང་ཧྭ་མི་རིགས་མདུན་དུ་བསྐྱོད་པའི་རྩ་བའི་སྒུལ་ཤུགས་ཡིན། དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་། དེའི་བསམ་བློའི་ཉིང་བཅུད་བསྡུ་ལེན་བྱ་རྒྱུ་དེས་མི་རིགས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། མི་རིགས་ཀྱི་འདོད་འདུན་གཅིག་སྒྲིལ། མི་རིགས་ཀྱི་སྟོབས་ཤུགས་འཕེལ་རྒྱུར་སྐུལ་འདེད། མི་རིགས་ཀྱི་བློ་ཤུགས་རྒྱས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད། དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་འབད་འབུངས་སྙིང་སྟོབས་བཅས་ཕྱོགས་བཞིའི་ཐད་ནས་ཉིང་བསྡུ་དང་གསལ་འགྲེལ་གནང་ནས་དེ་ཉིད་གཏན་ཚིགས་ཅན་དང་མ་ལག་ཅན་གྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།
        གཅིག དུས་རབས་གསར་པའི་ནང་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་ནམ་ཡང་དར་རྒྱས་ཡོང་རྒྱུར་ཟད་མཐའ་མེད་པའི་སྒུལ་ཤུགས་བསྩལ་ཡོད།
        མིའི་རིགས་ཀྱི་ཤེས་དཔལ་ཡོད་ཚད་གསར་གཏོད་དང་ཁ་བྲལ་ཐབས་མེད། གསར་གཏོད་ཀྱི་སྙིང་སྟོབས་ཞེས་པ་ནི་མིའི་རིགས་ཀྱིས་སྔར་ན་མེད་པ་དང་བསམ་བློའི་ནང་དམིགས་ཡུལ་ཡོད་པའི་སྒོ་ནས་ཚོད་ལྟའི་འཚོལ་ཞིབ་བརྒྱུད། ངལ་རྩོལ་དང་བསྡུ་ལེན་བྱས་པའི་འབྲས་བུར་གོ་ཡི་ཡོད། ཀྲུང་ཧྭ་མི་རིགས་ནི་གནའ་སྔ་མོ་ནས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་གསར་གཏོད་ལ་བརྩོན་པའི་མི་རིགས་ཤིག་ཡིན། རང་བྱུང་ཁོར་ཡུག་གི་ཚད་བཀག་ལས་སྒྲོལ་ནས་རང་བྱུང་གནོད་འཚེ་ལས་རྣམ་པར་རྒྱལ་བར་བྱེད་པའི་འཐབ་རྩོད་ནང་ཀྲུང་ཧྭ་མི་རིགས་ཀྱིས་རྒྱུན་ཆད་མེད་པར་དཀའ་ཉེན་སེལ་བ་དང་། རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་ནམ་ཡང་མི་ནུབ་པའི་གསར་གཏོད་ཀྱི་སྙིང་སྟོབས་ཤིག་གྲུབ་ཡོད། སྙིང་སྟོབས་དེ་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་ཁྲག་རྒྱུན་ནང་སིམ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ཀྱི་སྲོག་ཤིང་གི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཐོབ་ཟིན་པའི་ཤེས་དཔལ་གྱི་གྲུབ་འབྲས་ནས་བརྗོད་ན་ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་སྦྱིན་པའི་གྲས་སུ་གནའ་བོའི་ཚན་རྩལ་གྱི་གསར་གཏོད་ཆེན་པོ་བཞི་ཡོད་ལ། གནའ་བོའི་ཆིན་རྒྱལ་རབས་ནས་སུང་དང་ཡོན་རྒྱལ་རབས་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བའི་གནམ་རིག་སྐར་རྩིས་རིག་པ་དང་། དེའི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་ཡོད་པ། གོང་མའི་གསང་བའི་སྨན་གཞུང་དང་། སོ་ནམ་པའི་སྨན་དཔྱད། སྔོ་སྨན་སྤྱིའི་དཀར་ཆག གསོ་རིག་རྒྱུད་བཞི་སོགས་ཀྱིས་མཚོན་པའི་གསོ་བ་རིག་པའི་རིགས་གཞུང་ཡོད་པ། ལྕགས་རི་རིང་མོ་དང་། ཏུའུ་ཅང་ཡན་ཆུ་རགས། ཅིན་ཧང་ཆུ་ཐོག་སྐྱེལ་འདྲེན་ལམ་བུ། གོང་མའི་ཕོ་བྲང་། ཕོ་བྲང་པོ་ཏ་ལ། ཡེ་ཧོའི་སྐྱེས་ཚལ་སོགས་བཀོད་པ་རྨད་དུ་བྱུང་བའི་གནའ་བོའི་བཟོ་སྐྲུན། སྙན་ངག་གི་མདོ་དང་། ཚིག་རྒྱན། ལོ་རྒྱུས་སྙན་ངག ཐང་གི་སྙན་ངག སུང་གི་ཚིག་རྒྱན། ཡོན་གྱི་ཟློས་གར། མིན་དང་ཆིང་གི་བརྩམས་སྒྲུང་། དེ་བཞིན་ཀུན་གྱིས་གོམས་འདྲིས་ཡོད་པའི་གྲགས་ཅན་གནའ་རྩོམ་བཞི། སྐད་གྲགས་ཕྱོགས་བཞིར་ཁྱབ་པའི་ལོ་རྒྱུས་ཟིན་ཐོ། འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་ལོ་རྒྱུས་སྙན་ངག་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་སོགས་རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་རི་བོའི་གཏོས་དང་མཉམ་པ་ལ་སོགས་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་ནི་བརྗོད་ཀྱིས་མི་ལང་བ་ཞིག་ཡོད། དུས་རབས་གསར་པར་སླེབས་རྗེས་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་སྔར་ན་མེད་པ་འཕེལ་ནས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་ཡོང་རྒྱུར་སྐུལ་མ་ཐེབས་ཡོད་པ་དཔེར་ན། མྱུར་བགྲོད་ལྕགས་ལམ་ལག་རྩལ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། འཛམ་གླིང་ཐོག་ཐེངས་དང་པོ་ཡིན་པའི་འཕྲོ་འོད་ཀྱི་མཁའ་དབྱིངས་རྒྱང་ཤེལ་ཆེན་མོ་ཀྲུང་གོའི་ཤེས་རིག་གི་མིག འཛམ་གླིང་ཐོག་ཨང་དང་པོ་ཡིན་པའི་འོད་རྡུལ་གྱི་རྩིས་འཁོར། འཛམ་གླིང་ཐོག་ཨང་དང་པོ་ཡིན་པའི་རྡུལ་ཕྲན་འཕྲིན་གཏོང་ལམ་བུ་ལ་སོགས་ཇི་སྙེད་ཅིག་ཡོད། རྒྱང་རིང་ལ་བལྟས་ན་དཔལ་འབྱོར་འཕེལ་རྒྱས་དེ་མཐར་མིའི་རིགས་ཀྱི་གསར་གཏོད་དང་ཐོན་སྐྱེད་ནུས་ཤུགས་ཨང་དང་པོར་གྲགས་པའི་ཚན་རིག་ལག་རྩལ་ལ་ཐུག་ཡོད། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་མཐུན་རྐྱེན་ལ་ལྟོས་པ་ནས་གསར་གཏོད་ལ་ལྟོས་པའི་ཕྱོགས་སུ་སྐུལ་བཞིན་པ་དང་། གསར་གཏོད་སྙིང་སྟོབས་དེ་ཀྲུང་ཧྭ་མི་རིགས་རྒྱུན་ཆད་མེད་པར་གོང་འཕེལ་ཡོང་བའི་སྒུལ་ཤུགས་ཀྱི་འབྱུང་རྩར་གྱུར་ཡོད།
        རིགས་པའི་གཞུང་ལུགས་དང་ལག་ལེན་འཚོལ་ཞིབ་ཀྱི་ངོས་ནས་བརྗོད་ན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་དུ་ཆེ་ས་རྒྱལ་ཁབ་སྐྱོང་ལུགས་ནས་ཆུང་ས་མི་དང་མིའི་བར་གྱི་འབྲེལ་བ་མཚོན་པའི་རྩ་ཆེའི་རིགས་པའི་གཞུང་ལུགས་འབོར་ཆེན་ཡོད་པ་དཔེར་ན། མི་དམངས་གཙོ་བོར་འཛིན་པའི་བསམ་བློ་དང་། ཀུན་སྤྱོད་ལ་བརྟེན་ནས་སྲིད་སྐྱོང་བའི་བསམ་བློ། མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་བསམ་བློ། སྲིད་གཙང་ཁྲིམས་ལུགས་ཀྱི་བསམ་བློ། རྒྱལ་ཁབ་ཀུན་སྤྱོད་ཀྱིས་སྐྱོང་བའི་བསམ་བློ། རྒྱལ་པོའི་ཀུན་སྤྱོད་ཀྱི་བསམ་བློ་ལ་སོགས་པའི་རྒྱལ་ཁབ་སྐྱོང་བའི་ཤེས་རིག་དེ་དག་མ་གཞི་གནའ་བོའི་སྤྱི་ཚོགས་སུ་ཐོན་པ་ཞིག་ཡིན་ཡང་དུས་རབས་དང་སྤྱི་ཚོགས་ལ་འགྱུར་བ་ཅི་འདྲ་བྱུང་རུང་ང་ཚོས་དེ་དག་ཁྲོད་ནས་མ་མཐའི་ཐུན་མོང་གི་ཆོས་ཉིད་ཅིག་རྙེད་སྲིད་པ་དང་། དེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་རྒྱུར་བསམ་པའི་སྟོབས་ཤུགས་མཁོ་འདོན་ཐུབ་ངེས་ཡིན། དེང་གི་དུས་སུ་ཀྲུང་ཧྭ་མི་རིགས་དང་། ཀྲུང་གོའི་མི་དམངས་ཀྱི་སྲོག་རྩ་དང་སྣེ་ཁྲིད་པ་ཡིན་པའི་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་བདེན་དོན་འཚོལ་ཞིབ་བྱ་ཆེད་དང་། ཀྲུང་ཧྭ་མི་རིགས་རང་བཙན་དང་བཅིངས་འགྲོལ་ཐོབ་རྒྱུ། མི་དམངས་ལ་ཕན་བདེ་སྐྲུན་རྒྱུ་བཅས་ཀྱི་ཆེད་དུ་རྒྱུན་ཆད་མེད་པར་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། སྔར་ན་མེད་པའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མར་ཁེ་སེ་རིང་ལུགས་དང་། ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་ནས་དངོས་ཐོག་བདེན་འཚོལ་དང་དུས་བསྟུན་མཉམ་སྐྱོད་བྱེད་པའི་མའོ་ཙེ་ཏུང་དགོངས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་རིམ་པས་འཐུས་སྒོ་ཚང་དུ་སོང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་། དུས་རབས་དང་མི་དམངས་ཀྱི་རེ་འདུན་ལ་ངོ་གནོང་མི་དགོས་པའི་གསར་བརྗེ་དང་འཛུགས་སྐྲུན་གྱི་ངོ་མཚར་གཏོད་ཡོད།
        དུས་རབས་གསར་པར་སླེབས་རྗེས་ཏང་ཀྲུང་དབྱང་གིས་ཕྱོགས་ལྔ་གཞི་གཅིག་གི་བཀོད་ཁྱབ་ལ་གཅིག་འགྱུར་སྐུལ་འདེད་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་ཁྱབ་ལ་དོ་སྙོམས་སྐུལ་འདེད་བྱས་ནས་བསམ་བློ་གསར་པ་དང་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་། བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རིམ་བཞིན་གྲུབ་པ་དེས། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་རྒྱུར་ཁ་ཕྱོགས་གསལ་སྟོན་ཐུབ་པ་མ་ཟད། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་རིགས་པའི་གཞུང་ལུགས་དང་དོན་དངོས་འཚོལ་ཞིབ་ཡོང་རྒྱུར་ཀྲུང་གོའི་ཤེས་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
        གཉིས། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་དཀའ་ཚེགས་ལ་ཞུམ་པ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་གནས་ཡིན།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས་ཀྱི་དགོངས་པར་རྒྱུན་མཐུད་འབད་འཐབ་དང་། ཐུན་མོང་ཐོག་འབད་འཐབ། ཞུམ་མེད་ངང་འབད་འཐབ། དཀའ་སྤྱད་འབད་འཐབ་བཅས་ཕྱོགས་བཞིའི་ཐད་ནས་གསལ་འགྲེལ་གནང་སྟེ་ཀྲུང་ཧྭ་མི་རིགས་ཞུམ་མེད་མདུན་སྐྱོད་ཐུབ་རྒྱུར་སྒུལ་ཤུགས་སྦྱིན་ཡོད།
        རྒྱུན་མཐུད་འབད་འཐབ་ནི་མི་རིགས་ཀྱི་སྙིང་སྟོབས་བརྒྱུད་སྤྲོད་བྱེད་པའི་ཐབས་ལམ་ཞིག་དང་། ཀྲུང་ཧྭ་མི་རིགས་མི་རབས་མང་པོ་རྒྱུན་བསྲིངས་མདུན་སྐྱོད་ཐུབ་པའི་ལག་ལེན་ཞིག་ཡིན། ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབད་འཐབ་ཀྱི་ལམ་བུ་ནི་བདེ་ཞིང་སྙོམས་པ་ཞིག་མ་ཡིན་པར་རྩྭ་ཚེར་དང་ཀྱག་ཀྱོག་གིས་ཁེངས་སྲིད་པས་སྟོབས་ཤུགས་དང་ལྡན་པ་དག་ནི། རྟག་ཏུ་བར་ཆད་ཀྱི་ཁྲོད་ནས་ལངས་ཐུབ་པ་དང་ནམ་ཡང་དཔའ་ཞུམ་མི་སྲིད།[5]ཅེས་གསུངས་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཐོན་པའི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་བཞིའི་ཁྲོད་ནས་གནའ་བོའི་རྒྱ་གར་དང་། གནའ་བོའི་ཨེ་ཅེབ། གནའ་བོའི་པ་པེ་ལུན་སོགས་སྔ་རྗེས་སུ་སྟོངས་པའམ་འཕེལ་རྒྱས་ཁྲོད་རང་སོར་ལུས་ཡོད་ལ། ཀྲུང་གོ་གཅིག་པོ་འཛམ་གླིང་ཐོག་རྒྱུན་བསྲིངས་ཐུབ་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན། ཀྲུང་གོའི་ཤེས་དཔལ་རྒྱུན་བསྲིངས་ཐུབ་དོན་སྐོར་ལ་དབྱིན་ཇིའི་གྲགས་ཅན་མཚན་ཉིད་རིག་པ་མཁས་ཅན་ལོ་སོར་གྱིས་ངོས་འཛིན་བྱས་པ་ལྟར་ན། ཀྲུང་ཧྭ་མི་རིགས་ལ་དཀའ་སྤྱད་འབད་བརྩོན་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཡོད་པ་ལས་བྱུང་བ་ཡིན། སྐུ་ཞབས་ལུའུ་ཤུན་གྱིས་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཁྲོད་དུ་དཀའ་སྤྱད་བཟོད་བསྲན་འཁྱོགས་མཁན་དང་། རང་སྲོག་དོར་ནས་བདེན་དོན་འཚོལ་མཁན། མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་མང་པོ་ཡོད་པ་ཁོང་ཚོ་ནི་ཀྲུང་གོའི་སྒུལ་ཤུགས་ཡིན་ཞེས་གསུངས་ཡོད་པ་དེ་ནི་རྒྱུན་མཐུད་འབད་འཐབ་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཡིན།
        ཐུན་མོང་ཐོག་འབད་འཐབ་བྱ་རྒྱུ་ནི་མི་རིགས་ཀྱི་སྙིང་སྟོབས་གཅིག་ཏུ་སྒྲིལ་བའི་འབར་རྩི་ལྟ་བུ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཁྲོད་དུ་ཡུན་རིང་མཉམ་འདྲེས་བྱས་པ་བརྒྱུད་གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་བཙུགས་པ་དང་། གཅིག་ཁྲོད་གཅིག་ཞུགས་ཀྱི་མི་རིགས་འབྲེལ་བ་དང་ཐུན་མོང་གི་ཁེ་ཕན་སྔོན་འགྲོར་བྱེད་པའི་རིན་ཐང་འཕེལ་ཕྱོགས་ཤིག་གྲུབ་ཡོད། ལྷག་པར་དུ་མི་རིགས་ལ་ཉམས་ཉེན་འཕྲད་པའི་དུས་སུ་མཐུན་སྒྲིལ་ནི། སྟོབས་ཤུགས་དང་མཐུན་སྒྲིལ་བྱས་ན་མདུན་སྐྱོད་ཐུབ་པ། ཁ་འཐོར་དགུ་འཐོར་རུ་གྱུར་བའི་རྒྱལ་ཁབ་ཅིག་ལ་འཕེལ་རྒྱས་ཡར་ཐོན་ཡོང་མི་སྲིད་པའི་རྒྱུ་མཚན་གསལ་རྟོགས་ཐུབ་ཡོད། ཀྲུང་གོ་གསར་པ་བཙུགས་རྗེས་མི་རིགས་ཁག་དབར་ཞི་མཐུན་མཉམ་གནས་དང་སྐྱིད་སྡུག་མཉམ་མྱོང་། གཅིག་ཕན་གཅིག་རོགས་ཀྱི་མི་རིགས་འབྲེལ་བ་ཞིག་ཆགས་ཡོད་པ་དང་། ཐུན་མོང་ཐོག་འབད་འཐབ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ཡོང་བའི་གལ་ཆེའི་ཐབས་ལམ་ཞིག་ཏུ་གྱུར་ཡོད། དུས་རབས་གསར་པའི་ནང་ཏང་གི་ཡོད་ཚད་མི་དམངས་མང་ཚོགས་ཆེད་དུ་ཡིན་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཡིད་ཆེས་དང་ཧུར་བརྩོན་ངང་མི་དམངས་མང་ཚོགས་ལ་སློབ་སྦྱོང་ཞུ་བའི་དོན་དངོས་དང་། ཐུན་མོང་གི་འདུ་ཤེས་འཛུགས་པའི་རིན་ཐང་ཁ་ཕྱོགས་མངོན་ཡོད།
        ཞུམ་མེད་ངང་འབད་འཐབ་བྱ་རྒྱུ་ནི་མི་རིགས་ཀྱི་སྙིང་སྟོབས་འཕེལ་བའི་རྩ་བའི་ཐབས་ལམ་ཡིན། དེ་ནི་དཀའ་ཉེན་འཕྲད་སྐབས་ཞུམ་པ་མེད་པར་དང་ལེན་དང་དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱེད་པའི་ལག་ལེན་ཞིག་ཡིན་པ་དང་། དེ་ལས་ཕུགས་བསམ་དང་ཡིད་ཆེས་བརྟན་ཞིང་ཞུམ་པ་མེད་པའི་སྙིང་སྟོབས་མངོན་གྱི་ཡོད། སྐྱེས་ཕོ་རབས་གནམ་ལ་མགོ་མི་སྒུར་ཞེས་པ་ལས་ཀྲུང་ཧྭ་མི་རིགས་ཀྱི་ནམ་ཡང་མགོ་མི་སྒུར་བའི་བློ་གཤོག་མངོན་ཞིང་ལོ་རྒྱུས་ཐོག་སེ་མ་ཆན་དང་། ཝུན་ཐན་ཞང་། ཀྲུའུ་ཙེ་ཆིན། ཝང་ཅིན་ཞི་སོགས་གྲངས་ལས་འདས་པའི་ཕོ་རབས་མང་པོ་ཐོན་ཡོད། མིག་སྔར་སྒྱུར་བཅོས་དང་འཕེལ་རྒྱས་ལ་དཀའ་ཚེགས་ཆེ་བའི་གནད་དོན་མང་དག་ཅིག་འཕྲད་བཞིན་ཡོད་ལ། ཀྲུང་གོའི་མགོ་བོ་སྟེགས་པ་དང་ལྷན་དུ་རྒྱལ་སྤྱིའི་ཐོག་ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱི་སྟོབས་ཤུགས་ཀྱིས་ཀྲུང་གོར་བཀག་འགོག་བྱེད་པའི་ལྐོག་གཡོ་ཡང་ཇེ་མང་བཤམས་བཞིན་ཡོད། ཀྲུང་ཧྭ་མི་རིགས་མདུན་སྐྱོད་ཀྱི་གོམ་པ་གང་སྤོ་བར་ཡང་དཀའ་ངལ་ཁྲི་སྟོང་ཁྱད་བསད་བྱེད་དགོས་པས་གལ་ཏེ་འདིའི་དུས་སུ་དཀའ་ངལ་ལ་སྐྲག་སྣང་དང་མདུན་སྐྱོད་མ་བྱས་ན་སྔོན་གྱི་འབད་བརྩོན་ཡོད་ཚད་སྟོང་ཟད་དུ་གྱུར་བ་ཡིན། དུས་རབས་གསར་པའི་ནང་ཞུམ་མེད་ངང་འབད་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་ཧྭའི་བུ་ཕྲུག་ཚོས་དཀའ་སྡུག་བཟོད་བསྲན་དང་། ཉེན་ཁར་མི་འཛེམས་པའི་དཔའ་ངར་སླར་ཡང་འཕེལ་ཐབས་བྱེད་དགོས།
        དཀའ་སྤྱད་འབད་འཐབ་ནི་རང་བྱུང་ཁོར་ཡུག་གི་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་དགྲ་བོའི་བཀག་རྒྱ་ལས་སྒྲོལ་བ། ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་མཉམ་ལས་ཐོག་ཕུགས་འདུན་རེ་སྙེགས་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་མི་རིགས་ཀྱི་སྟོབས་ཤུགས་རྒྱུན་འཛིན་བྱེད་པའི་ཞིབ་ཕྲའི་ཐབས་ལམ་ཞིག་ཡིན། དཀའ་སྤྱད་འབད་འཐབ་ནི་ཀྲུང་ཧྭ་མི་རིགས་ཀྱིས་དཀའ་ཚེགས་ལ་མི་སྐྲག་པ་དང་འབད་འབུངས་སྟོབས་བརྩོན། ལེགས་སྐྱེས་འབུལ་ཕོད་པ། ཧུར་བསྲི་གྲོན་ཆུང་བཅས་བྱེད་པའི་སྲོལ་རྒྱུན་གྱི་གཤིས་སྤྱོད་བཟང་པོ་ཞིག་ཡིན་ལ། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ཆབ་སྲིད་ཀྱི་རང་གཤིས་ཀྱང་ཡིན། དུས་རབས་གསར་པའི་ནང་ང་ཚོས་མུ་མཐུད་དཀའ་སྤྱད་འབད་འཐབ་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་དང་། རིག་པ་དྭངས་གསལ་དང་འབད་འབུངས་ལྷོད་མེད་བྱས་ནས་ལོ་ངོ་སྟོང་ཕྲག་ནང་བསགས་པའི་མི་རིགས་ཀྱི་སྟོབས་ཤུགས་དང་། ཀྲུང་ཧྭ་མི་རིགས་ཀྱི་གསོན་ཤུགས་རྒྱུན་མཐུད་ཐུབ་པ་བྱ་དགོས།
        གསུམ། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་བྱ་གཞག་ལེགས་གྲུབ་ཡོང་བའི་བསམ་བློའི་གཞི་རྟེན་ཡིན།
        རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ཞེས་པ་ནི་འདུ་ཤེས་ཟབ་པའི་མི་རྣམས་མཉམ་དུ་འཛོམས་པ་ལས་བྱུང་བའི་ཐུན་མོང་གི་བསམ་པའི་ཞིང་ས་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རྒྱས་ཁྲོད་གྲུབ་པ་ཞིག་ཡིན་ལ། དེ་བས་ཀྲུང་གོའི་གུང་ཁྲན་ཏང་གི་མང་ཚོགས་ལས་དོན་གྱི་ཆེས་མཐོའི་རྩ་དོན་དང་མི་རིགས་ལས་དོན་གྱི་ཚེ་སྲོག་ཡིན། ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ནི་རླབས་ཆེན་གྱི་མཐུན་སྒྲིལ་ལྡན་པའི་མི་རིགས་ཤིག་ཡིན་ཞེས་མཛུབ་སྟོན་གནང་ཡོད། ང་ཚོས་ལོ་རྒྱུས་དང་ཆབ་སྲིད། ལག་ལེན་བཅས་ཀྱི་ཐོག་ནས་དགོངས་པ་དེར་དབྱེ་ཞིབ་བྱས་ཚེ་གཤམ་གསལ་གྱི་དོན་སྙིང་ཁག་ལྡན་ཡོད་པ་སྟེ།    
        རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ཀྱིས་རང་རྒྱལ་ནི་གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་གཞི་རྩའི་གནས་སྟངས་སྐྲུན་ཡོད། ཀྲུང་གོ་ནི་མི་རིགས་ཁག་གི་མི་དམངས་ཚོས་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ཐུན་མོང་ཐོག་རྒྱལ་ཁམས་གསར་སྤེལ་དང་། ཐུན་མོང་ཐོག་དུས་ཡུན་རིང་པོའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་གསར་གཏོད་བྱས་པ་ལས་བྱུང་བ་ཞིག་རེད། ལོ་རྒྱུས་ཐོག་ཀྲུང་ཧྭ་མི་རིགས་ཕན་ཚུན་མཉམ་འདྲེས་བྱས་པ་དེས་རང་རྒྱལ་གྱི་མི་རིགས་ཁག་གནས་སའི་ཐད་མཉམ་བསྲེས་དང་། རིག་གནས་ཐད་ཕན་ཚུན་འབྲེལ་འདྲིས། དཔལ་འབྱོར་ཐད་གཅིག་ལ་གཅིག་བརྟེན། འདུ་ཤེས་ཐད་ཕན་ཚུན་བྱམས་བརྩེ་བཅས་ཡིན་པའི་མི་རིགས་འབྲེལ་བ་ཞིག་ཆགས་ནས་སྐྱེ་བོ་ཀུན་ཡིད་སྨོན་སྐྱེ་བའི་མཐུན་སྒྲིལ་དང་གཅིག་གྱུར་གྱི་སྙིང་སྟོབས་ཤིག་གྲུབ་ཡོད།
        རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱིས་ཕྱི་དགྲའི་བཙན་འཛུལ་འགོག་པ་དང་། མི་རིགས་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་འཕེལ་ཕྱོགས་སྐྲུན་ཡོད། ཉལ་ཐའི་དམག་འཁྲུག་རྗེས་སུ་ཀྲུང་ཧྭ་མི་རིགས་ཀྱིས་གཞན་གྱི་བརྙས་བཅོས་ཐེངས་མང་ཁུར་དགོས་བྱུང་ཞིང་། མི་རིགས་ཀྱི་ལ་རྒྱར་ཕོག་ཐུག་ཆེན་པོ་བྱུང་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱིས་ཐུན་མོང་ཐོག་ཕྱི་དགྲའི་བཙན་འཛུལ་སྔོན་འགོག་བྱེད་པའི་རྒྱལ་གཅེས་སྙིང་སྟོབས་ཀྱང་འཕེལ་ཡོད། ཉི་རབས་ནང་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཐུན་མོང་ཐོག་རྒྱལ་ཁབ་དཀའ་ཉེན་ལས་སྒྲོལ་བར་བྱེད་པའི་རྒྱལ་གཅེས་ལོ་རྒྱུས་བརྩམས་ཡོད། དུས་རབས་གསར་པར་ང་ཚོ་ལོ་རྒྱུས་འཕེལ་རྒྱས་ཀྱི་གནས་གཞི་གསར་པའི་ཐོག་སླེབས་ཡོད་ལ། མི་རིགས་བསྐྱར་དར་གྱི་དམིགས་ས་དང་ཐག་ཤིན་ཏུ་ཉེ་བས་ལོ་རྒྱུས་ཀྱི་གོ་སྐབས་འདི་འདྲའི་འོག་དེ་བས་མཐུན་སྒྲིལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་བརྟན་གཏོང་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་རྒྱུར་ལེགས་སྐྱེས་འབུལ་དགོས།
        རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ཀྱིས་དེང་གི་ཆར་མཚོ་འགག་གཡས་གཡོན་གྱི་ཀྲུང་ཧྭ་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོ་སྐུལ་སློང་བྱེད་བཞིན་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་ནང་ཁོངས་ཀྱི་མཐུན་སྒྲིལ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་ཕུད། དུས་རྟག་ཏུ་མཐུན་སྒྲིལ་བྱེད་འོས་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ནས་ཏང་དང་མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཆེད་ནུས་ཤུགས་འདོན་མཁན་མཚོ་འགག་ཕྱི་ནང་གི་རྒྱལ་གཅེས་མི་སྣའི་དབར་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་ཡོང་ཐབས་བྱེད་ཀྱི་ཡོད། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རྒྱུ་ནོར་དང་སྟོབས་ཤུགས་ཤིག་ཡིན་ལ། ཀྲུང་ཧྭའི་བུ་ཕྲུག་ཚང་མའི་སེམས་དབུས་སུ་རྩ་བ་ཚུགས་ནས་རྒྱལ་ཁབ་ཆགས་འཇིག་ལ་ཐུག་པ་དང་། ལྷག་དོན་ཉེ་རབས་ལོ་རྒྱུས་ཐོག་ཕྱི་དགྲའི་བཙན་འཛུལ་གྱི་མདུན་དུ་ཁོང་ཚོས་དཔུང་པ་མཉམ་གཤིབ་ཐོག མི་རིགས་ཀྱི་རང་བཙན་དང་བཅིངས་འགྲོལ་མངོན་འགྱུར་ཡོང་རྒྱུར་མཛད་རྗེས་བླ་ན་མེད་པ་བཞག་ཡོད་ལ། ཁྲེན་ཅཱ་ཀེན་དང་། ཧོ་དབྱིན་ཏུང་སོགས་རྒྱལ་གཅེས་མི་སྣ་འབོར་ཆེན་ཐོན་ཡོད། དུས་ཡུན་རིང་པོའི་ནང་རྒྱ་ཆེའི་ཀང་ཨའོ་ཐའེ་དང་། ཕྱི་རྒྱལ་དུ་བཞུགས་པའི་སྤུན་ཟླ་ཚོས་མེས་རྒྱལ་སྐམ་ས་ཆེ་མོ་དང་སྐྱིད་སྡུག་མཉམ་དུ་མྱངས་ནས་མེས་རྒྱལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་བློ་ནུས་འདོན་སྤེལ་བྱས་ཡོད་པ་དེ་ནི་མཐུན་སྒྲིལ་གྱི་སྙིང་སྟོབས་ཀྱི་དཔེ་མཚོན་གསོན་པོ་ཡིན།
        རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ཀྱིས་འཛམ་གླིང་ཡོངས་ཀྱི་དྲང་བདེན་མཛའ་གྲོགས་ཀྱི་སྟོབས་ཤུགས་རྣམས་མཐུན་སྒྲིལ་ཆེན་པོ་ཡོང་ཐབས་བྱེད་ཀྱི་ཡོད། ཀྲུང་ཧྭ་མི་རིགས་ནི་གནའ་སྔ་མོ་ནས་སྒོ་དབྱེ་བསམ་ཤེས་ཅན་གྱི་མི་རིགས་ཤིག་ཡིན། ཀྲུང་གོ་གུང་ཁྲན་ཏང་ལ་སྲིད་དབང་ཐོབ་རྗེས་རྒྱལ་གཅེས་རིང་ལུགས་དང་། རྒྱལ་སྤྱིའི་རིང་ལུགས་གཉིས་ཟུང་དུ་འབྲེལ་ནས་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མེད་པར་ཕན་ཚུན་འདྲ་མཉམ་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རྩ་དོན་ཐོག་ནས་འཛམ་གླིང་གསུམ་པའི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱས་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཐུན་སྒྲིལ་མཛའ་གྲོགས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ལ་སྐུལ་འདེད་བྱས་ནས་ཐུན་མོང་ཐོག་མིའི་རིགས་ཀྱི་མ་འོངས་མཇེས་སྡུག་ལྡན་པའི་མཐུན་སྒྲིལ་ཆེ་མོ་མངོན་གྱུར་ཡོང་རྒྱུར་མཐུན་རྐྱེན་སྐྲུན་ཡོད།    
        བཞི། རླབས་ཆེན་ཕུགས་འདུན་གྱི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་སྐྱོན་བྲལ་ཡར་ཐོན་ཡོང་བའི་ཕྱོགས་སྟོན་སྒྲོན་མེ་ཡིན།
        རླབས་ཆེན་ཕུགས་འདུན་གྱི་སྙིང་སྟོབས་ཞེས་པ་ནི་རྒྱལ་ཁབ་བམ་མི་རིགས་ཤིག་གིས་མ་འོངས་པར་བཅངས་པའི་མཛེས་སྡུག་ལྡན་པའི་རེ་བ་ཞིག་ཡིན། ཕུགས་འདུན་ནི་དོན་དངོས་ལས་བྱུང་ལ་དོན་དངོས་ལས་མངོན་པར་འཕགས་པ་ཞིག་ཡིན་ཞིང་། ད་ཡོད་ཀྱི་ཐོན་སྐྱེད་དང་འཚོ་བའི་རྨང་གཞིའི་ཐོག་མི་རྣམས་ཀྱི་འབད་བརྩོན་ལ་བརྟེན་ནས་བསྒྲུབ་ཐུབ་བཟོ་ཡོད་པའི་མ་འོངས་པའི་དམིགས་འདུན་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ཕུགས་འདུན་གྱི་སྙིང་སྟོབས་ནི་སྔོན་གཏན་འཁེལ་བའི་འབྱོར་འབྲིང་སྤྱི་ཚོགས་དང་ཐུན་མོང་ཕྱུག་འགྱུར་ཙམ་གྱིས་མི་འགྲིག་པར་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་སྣེ་འཁྲིད་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དང་། མི་སྒེར་གྱི་ཕུགས་འདུན་དང་འཚོལ་སྙེགས་ཐོག་ནས་མངོན་ཡོང་གི་ཡོད། དུས་རབས་གསར་པར་ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དང་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད་པས་རྒྱང་བསྐྱོད་གསར་པ་དང་། ལས་འགན་གསར་པའི་མདུན་དུ་ང་ཚོས་ནུས་ཤུགས་ཡོད་རྒུས་ཕུགས་འདུན་མངོན་འགྱུར་ཆེད་འབད་པ་ལྷུར་ལེན་བྱེད་པ་ལས་སྟོང་བསམ་དང་རྨི་ལམ་སྒུག་མི་ཉན།
        ཞི་ཅིན་ཕིང་གིས་རླབས་ཆེན་གྱི་མི་དམངས་དང་། རླབས་ཆེན་གྱི་མི་རིགས། རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་བཅས་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་ཆེས་བཞི་བརྟན་དུ་གཏོང་བའི་བློ་བསྐྱེད་ཡིན་ལ། ང་ཚོས་དུས་རབས་གསར་པར་འགོག་རྐྱེན་སྣ་ཚོགས་སེལ་ནས་བློ་བག་ཡངས་པོས་མདུན་བསྐྱོད་བྱེད་པའི་རྩ་བའི་སྟོབས་ཤུགས་ཡིན་ཞེས་མཛུབ་སྟོན་གནང་ཡོད།
        གསུམ་པ། རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་དུས་རབས་ཀྱི་རིན་ཐང་།
        དུས་རབས་གསར་པར་རླབས་ཆེན་གྱི་བྱ་གཞག་ལ་རླབས་ཆེན་གྱི་སྙིང་སྟོབས་ཀྱིས་སྒུལ་ཤུགས་དང་རྒྱབ་རྟེན་སྦྱིན་ཐུབ་པ་དང་། དུས་རབས་གསར་པར་མི་དམངས་ཀྱི་བདེ་སྡུག་དང་མིའི་རིགས་ཀྱི་ལས་དབང་གཅིག་སྒྲིལ་ཡོང་བ་བྱེད་པར་རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་ཀྱིས་སྣེ་འཁྲིད་ཐུབ་ཚེ། རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་་སྟོབས་ལ་དུས་རབས་གསར་པའི་ནང་གལ་ཆེའི་རིན་ཐང་མངོན་ཐུབ།
        གཅིག རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་མཐོར་འདེགས་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད
        ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་རྒྱ་ཆེ་ལ་གཏིང་ཟབ་པ་དང་ལོ་ངོ་སྟོང་གི་རྒྱུན་འཛིན་དང་འཐུས་སྒོ་ཇེ་ཚང་དུ་བཏང་བས་དུས་ད་ལྟ་ཡང་མི་རིགས་ཀྱི་སྙིང་སྟོབས་དང་ཤེས་རིག་གི་འོད་སྣང་འཚེར་བཞིན་ཡོད། ཏང་དང་རྒྱལ་ཁབ་ཀྱིས་དུས་རྟག་ཏུ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་བསམ་བློ་ཀུན་སྤྱོད་རྒྱུན་འཛིན་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་བས་རིག་གནས་ཀྱི་ཡིད་ཆེས་དེ་ཡིད་ཆེས་བཞིའི་སྲོག་ཤིང་ནང་དོན་དུ་བཞག་ནས་ཀྲུང་ཧྭའི་རིག་གནས་ཀྱིས་རྒྱལ་ཁབ་དང་། མི་རིགས། སྤྱི་ཚོགས་བཅས་ཁྱོན་ཡོངས་འཕེལ་རྒྱས་དང་ཡར་ཐོན་ཡོང་རྒྱུར་ཕུལ་བའི་རིན་ཐང་དང་ནུས་པར་གདེང་འཇོག་གང་ལེགས་གནང་ཡོད་ཅིང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་བློའི་སྲོག་རྩ་དང་འབྲེལ་ཡོད།[6] རིག་གནས་དར་རྒྱས་ནི་རྒྱལ་ཁབ་དང་མི་རིགས་དར་རྒྱས་ཡོང་བའི་རྒྱབ་རྟེན་ཡིན་པས་རྒྱུན་འཛིན་ལེགས་པོ་དང་། དུས་བསྟུན་ཡར་བརྩོན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རྣམ་པའི་འཕོ་འགྱུར་དང་གསར་སྐྱེས་རྣམ་པའི་འཕེལ་རྒྱས་[7]ཡོང་བ་བྱས་ནས་མི་རིགས་སྤྱི་ལ་དབང་བའི་བསམ་པའི་ཁྱི།མ་གཞིས་ཤིག་སྐྲུན་དགོས་ཞེས་མཛུབ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རླབས་ཆེན་བཞིའི་དགོངས་པའི་ཁྲོད་ཀྱི་མི་རིགས་ཀྱི་སྙིང་སྟོབས་ཀྱིས་གོ་བདེ་དོན་གསལ་གྱི་སྒོ་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ལ་གསལ་འགྲེལ་གནང་ཡོད་པ་དང་། དེས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བསམ་བློ་རིག་གནས་ལ་གསར་སྐྱེད་རྣམ་པའི་འཕེལ་རྒྱས་བྱུང་བ་དང་དུས་མཚུངས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བང་མཛོད་ལ་སླར་ཡང་རིན་བྲལ་ནོར་བུ་ཞིག་ཁ་སྣོན་ཐུབ་ནས་དུས་རབས་གསར་པའི་ཀྲུང་ཧྭའི་བུ་ཕྲུག་ཚོས་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་བསྐྱོད་ལ་ཟད་མཐའ་མེད་པའི་བསམ་པའི་འཚོ་བཅུད་སྦྱིན་ཡོད།
        གཉིས། རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྔ་ཙམ་མངོན་འགྱུར་ཡོང་རྒྱུར་སྟོབས་ཤུགས་གཅིག་སྒྲིལ་ཐུབ་ཡོད།
        མི་རིགས་དང་རྒྱལ་ཁབ་གང་རུང་ལ་བསམ་བློ་སྙིང་སྟོབས་ཀྱི་རྒྱབ་རྟེན་ཞིག་མེད་ན་མཐར་ཚེ་སྲོག་གི་སྟོབས་ཤུགས་ཟད་ནས་སྟོངས་རྒྱུ་ཉག་ཅིག་རེད། མི་རིགས་ཀྱི་སྙིང་སྟོབས་ནི་རྒྱལ་ཁབ་དང་མི་རིགས་ཤིག་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་ཟུངས་ཤུགས་དང་རྒྱལ་ཕམ་དར་གུད་ཇི་བྱུང་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་ལག་ལེན་གྱིས་ར་སྤྲོད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་གོ་བརྒྱད་སོང་རིང་དུས་རྟག་ཏུ་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རླབས་ཆེན་གྱི་མི་རིགས་སྙིང་སྟོབས་དེའི་གཅིག་སྒྲིལ་སྟོབས་ཤུགས་དང་བསམ་ཕྱོགས་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་འཁྲིད་ནས་གསར་བརྗེ་དང་འཛུགས་སྐྲུན་བྱས་ཤིང་། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་གསར་བརྗེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་སོགས་ཀྱི་ལོ་རྒྱུས་བརྒྱུད་ནས་བརྗིད་ཉམས་ལྡན་པའི་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་མཚམས་སུ་བསྐྱོད་པ་དང་། གོང་འཕེལ་མྱུར་པོ་འགྲོ་བའི་བརྒྱུད་རིམ་དེ་ཡང་མི་རིགས་ཀྱི་སྙིང་སྟོབས་གསར་པ་སྐྱེ་བསྲིངས་བྱེད་པའི་མཐུན་རྐྱེན་ཞིག་ཏུ་གྱུར་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་རྒྱུན་བསྲིངས་སྐུལ་འདེད་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་དུས་རབས་གསར་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ཁྲོད་འབད་འབུངས་དམིགས་ཚད་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་། ཤེས་རིག་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་ངེས་པར་དུ་དུས་རབས་གསར་པའི་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཁྲོད་ནས་འཚོ་བཅུད་བླངས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཏང་གི་འགོ་ཁྲིད་འོག་དཀའ་སྤྱད་འབད་འཐབ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱ་དགོས།
        གསུམ། རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱིས་ཞི་མཐུན་བརྟན་ལྷིང་དང་མཐུན་སྒྲིལ་འབད་འཐབ་སྲུང་སྐྱོང་བྱ་རྒྱུར་བསམ་བློའི་རྒྱབ་རྟེན་མཁོ་འདོན་ཐུབ་ཡོད།
        དུས་རབས་གསར་པར་སྔོན་མཐུད་རྗེས་གཏོད་བྱ་རྒྱུ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་དང་། ཀྲུང་གོའི་མི་དམངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་གཉེར་ཐུབ་རྒྱུའི་གོ་སྐབས་ཤིག་དང་། མུ་མཐུད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་ཤིག་དང་། ཁྱད་ཆོས་གསར་པ་དང་། དམིགས་ཚད་གསར་པ། ལས་འགན་གསར་པ། རིགས་གཞུང་གསར་པ། རེ་བ་གསར་པ་བཅས་དང་ལྡན་པའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལམ་བུ་གསར་པ་གཏོད་པ་དང་གྲུབ་ཟིན་པའི་ལམ་ལུགས་དང་ཁྲིམས་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ལེགས་སྨིན་གྱི་དུས་སྐབས་ཤིག འཛམ་གླིང་ཡོངས་ལ་ཀྲུང་གོའི་རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ། སྒོ་དབྱེ་བསམ་ཤེས་ཀྱི་རྣམ་པ་མངོན་པ་དང་། ཀྲུང་གོའི་རིག་སྟོབས་དང་ཀྲུང་གོའི་འཆར་འགོད་ལེགས་སྐྱེས་སུ་འབུལ་བའི་དུས་ཤིག་བཅས་ཡིན་པས་མི་དམངས་མང་ཚོགས་ཐུན་མོང་གིས་ཁས་ལེན་གཅིག་མཐུན་བྱུང་བའི་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱིས་བསམ་བློའི་རྒྱབ་རྟེན་དུ་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མུ་མཐུད་མཐུན་སྒྲིལ་འབད་འཐབ་བྱས་ནས་རྒྱལ་ཁབ་དང་མི་དམངས་ཀུན་ལ་ཡིད་ཆེས་དང་བློ་སྟོབས་ཀྱིས་ཁེངས་ཐུབ་པ་བྱ་དགོས།
        ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་སླེབས་ཟིན་པས་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་འགན་འཁྲི་གསར་པ་ཕྲག་པར་བླངས་ཡོད་པ་དང་། སྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཁྲོད་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་གསར་པ་བསུ་བཞིན་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པར་ཏང་ཡོངས་ཀྱིས་སྔར་བས་དཀའ་ཚེགས་ལྡན་པའི་འབད་བརྩོན་བྱེད་དགོས། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་མདུན་དུ་རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་དར་སྤེལ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་བཞིན་པས་ཏང་ཕྱི་ནང་གི་སྟོབས་ཤུགས་མ་ལུས་གཅིག་སྒྲིལ་བྱ་དགོས་པ་དང་། ཀྲུང་གོའི་ཕུགས་འདུན་གྱིས་མཚོ་འགག་ཕྱི་ནང་གི་ཀྲུང་གོ་བར་མཐུན་སྒྲིལ་དང་། མིའི་རིགས་ཀྱི་ལས་དབང་གཅིག་སྒྲིལ་གྱི་ལྟ་བས་འཛམ་གླིང་ཡོངས་ཀྱི་དྲང་བདེན་མཛའ་གྲོགས་ཀྱི་མཐུན་སྒྲིལ་ཆེན་མོ་གཅིག་སྒྲིལ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱ་རྒྱུར་སྟོབས་ཆེའི་གཅིག་སྒྲིལ་ནུས་པ་མཉམ་འཛོམས་ཐུབ་པ་བྱེད་དགོས།
        མཆན་འགྲེལ།
[l] ཤིན་མིན། ཀྲུང་གོའི་མི་དམངས་ཀྱི་རླབས་ཆེན་ཕུགས་འདུན་སྙིང་སྟོབས་སྐོར་གླེང་བ། པེ་ཅིན་ཚགས་པར། 2018.3.26 
[2] ཅའོ་གོ་ཁྲེན། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་གཞི་རྩའི་ཁྱད་ཆོས་ལ་དཔྱད་པ། M བསམ་བློ་ཆབ་སྲིད་ལས་དོན། 2004ལོའི་དུས་དེབ་ལྔ་པ། ཤl3-l5
[3] ཝང་པིན། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ལ་མདོར་བསྡུས་དཔྱད་པ། [J] ལེའོ་ཉིང་སློབ་གསོ་སྲིད་འཛིན་སློབ་གླིང་གི་རིག་དེབ། 2003ལོའི་དུས་དེབ།l2 ཤ3l-36
[4] ཐན་ཀྲེ་ཅན། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། ཀྲུང་ཧྭ་མི་རིགས་ཀྱི་བློ་ཁ་ཕྱོགས་ས་དང་སྟོབས་ཤུགས་སྒྲིལ་སའི་གསང་བའི་ཨང་རྟགས། ཤིན་ཧྭ་ཚགས་པར། 2018ལོའི་ཟླ4ཚེས་4    
[5] ཤིན་ཧྭ་གསར་འགྱུར་ཁང་། 2019ལོའི་ཟླ་བ་བཞི་པའི་ཚེས་སུམ་ཅུའི་ཆུ་ཚོད་བཅུ་གཉིས་དང་སྐར་མ་དགུའི་ཐོག་གི་མི་དམངས་དྲ་བ།
[6] ཤིན་ཧྭ་གསར་འགྱུར་ཁང་། 2014ལོའི་ཟླ་བ་བཅུ་པའི་ཚེས་བཅུ་དྲུག་ཆུ་ཚོད་བརྒྱད་དང་སྐར་མ་ང་བཞིའི་ཐོག་གི་མི་དམངས་དྲ་བ།
[7] ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་ལུགས་གླེང་བ། [M] 2014ལོའི་དཔར་མ། དེབ་གཉིས་པ། ཤ256
        དཔྱད་གཞིའི་ཡིག་རིགས།
[l] ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་ལུགས་གླེང་བ། པེ་ཅིན། [M] ཕྱི་ཡིག་དཔེ་སྐྲུན་ཁང་། 2014ལོའི་དཔར་མ།
[2] མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས། [M] དེབ་གཉིས་པ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 1991ལོའི་དཔར་མ།
[3] མར་ཁེ་སེ་དང་ཨེན་ཀི་སིའི་གསུང་རྩོམ་གཅེས་བཏུས། [M] དེབ་བཞི་པ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 1995ལོའི་དཔར་མ།
[4] མར་ཁེ་སེ་དང་ཨེན་ཀི་སིའི་གསུང་རྩོམ་གཅེས་བཏུས། [M] དེབ་བཅུ་པ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 1962ལོའི་དཔར་མ།
[5] རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིན་དུ་མཇུག་སྒྲིལ་བ་དང་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་བ། ཤིན་ཧྭ་དྲ་བ། 
[6] ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གི་ཞི་ཅིན་ཕིང་གི་གཏམ་བཤད། མི་དམངས་དྲ་བ།
[7] ཐན་ཀྲེན་ཨེ། དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་ལ་དཔྱད་པ།[J] རླབས་ཆེན་གྱི་མི་རིགས་སྙིང་སྟོབས་སྐོར་གྱི་ཞི་ཅིན་ཕིང་གི་གལ་ཆེའི་རྒྱས་གླེང་ལ་སློབ་སྦྱོང་བྱེད་པ། ཧུའུ་ཤང་གླེང་སྟེགས།
[8] ཚའེ་ཧྲེ་མིན། ཀྲང་ཤུད། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་རང་ཚུགས་རང་བཞིན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་སྐྱར་དར། [J] སྤྱི་ཚོགས་རིང་ལུགས་ཞིབ་འཇུག
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1