བོད་ལྗོངས་དམིགས་བསལ་སློབ་གསོའི་ད་ལྟའི་གནས་བབས་ དང་མ་འོངས་འཕེལ་ཕྱོགས་སྐོར་གླེང་བ།

སྤེན་རྒོད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-24


[གནད་བཏུས] འདིའི་ནང་དུ་གཙོ་བོ་བོད་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་ད་ལྟའི་གནས་བབས་སྐོར་གླེང་ཡོད་ཅིང་། གཙོ་བོ་ད་སྐབས་ཡོད་པའི་བོད་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་ལྔ་པོ་ཡི་རྨང་གཞིའི་གནས་བབས་མདོར་བསྡུས་གླེང་བ་དང་། དེའི་རྗེས་དམིགས་བསལ་སློབ་གསོའི་ད་ལྟའི་གནས་བབས་ལ་དབྱེ་ཞིབ་བྱེད་པ། མ་འོངས་པའི་འཕེལ་རྒྱས་བྱེད་ཕྱོགས་སྐོར་ལ་དབྱེ་ཞིབ་མདོར་བསྡུས་བྱས་ཡོད་དོ། །

[གནད་ཚིག] དམིགས་བསལ་སློབ་གསོ། ད་ལྟའི་གནས་བབས། མ་འོངས་འཕེལ་ཕྱོགས།

དེ་ཡང་བོད་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་ལོ་རྒྱུས་ཀྱི་ངོས་ནས་བརྗོད་ན། ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་དབུ་མ་ཚུགས་པའི་སྔོན་ལ། བོད་ལ་སྒེར་བཙུགས་ལོང་བའི་སློབ་གྲྭ་རེ་གཉིས་ཡོད་པ་ལས་གཞུང་བཙུགས་དམིགས་བསལ་སློབ་གྲྭ་མེད་ཅིང་།
སྤྱི་ལོ2000ལོར་ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་དངོས་སུ་བཙུགས་པ་དེས། བོད་ལྗོངས་སུ་གཞུང་བཙུགས་དམིགས་བསལ་སློབ་གྲྭ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། དེས་གངས་ལྗོངས་སློབ་གསོའི་ལོ་རྒྱུས་ཐོག་གི་སྟོང་ཆ་ཞིག་ཀྱང་བསྐངས་པའོ། །

ཡིན་ནའང་དམིགས་བསལ་སློབ་གསོ་ཞེས་པའི་གོ་དོན་དང་། དེང་དུས་ཀྱི་དམིགས་བསལ་སློབ་གསོའི་གནས་བབས། གཞན་ཡང་མ་འོངས་པའི་འཕེལ་ཕྱོགས་སོགས་ཀྱི་སྐོར་ལ་དོ་ཁུར་གྱིས་དེའི་ཐད་ཅུང་ཟད་གླེང་བར་བྱ་སྟེ།

དང་པོ། དམིགས་བསལ་སློབ་གསོ་ཞེས་པའི་མཚན་ཉིད་བཤད་པ།

སྔ་དུས་ཀྱི་དམིགས་བསལ་སློབ་གསོ་ཞེས་པའི་མཚན་ཉིད་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་ཞིང་། དེ་ནི་སློབ་གསོའི་ཁ་ཕྱོགས་ལ་ལྟོས་ཏེ་དེ་ལྟར་བཏགས་པ་ཞིག་སྟེ། དབང་སྐྱོན་བྱིས་པར་སློབ་གསོ་གཏོང་བའི་སློབ་གསོའི་མ་ལག་ཅིག་ལ་དམིགས་བསལ་སློབ་གསོ་ཞེས་བརྗོད་དོ། །ཕྱིས་སུ་སློབ་ཁྲིད་ཀྱི་ཐབས་ཤེས་དང་བསྟུན་ཏེ་མཚན་ཉིད་ཅིག་བཞག་ཡོད་དེ། སྤྱི་ལོ1948ལོར་དཔེ་སྐྲུན་བྱས་པའི《ཐེངས་གཉིས་པའི་ཀྲུང་གོའི་སློབ་གསོའི་ལོ་རིམ་མེ་ལོང》ཞེས་པའི་ནང་དུ།“དམིགས་བསལ་སློབ་གསོ་ཞེས་པ་ནི་བསམ་པ་དང་གཟུགས་པོ་གཉིས་ལས་གང་རུང་ངམ་གཉིས་ཀར་རྒྱུན་གཏན་མིན་པའི་གནད་དོན་བྱུང་མཁན་ལ་སློབ་གསོ་སློབ་ཁྲིད་བྱེད་པ་ཞིག་ཡིན་པས། དེར་ངེས་པར་དུ་དམིགས་བསལ་གྱི་སློབ་ཁྲིད་ཐབས་ཤེས་བེད་སྤྱོད་དགོས། དེ་དང་རྒྱུན་གཏན་གྱི་སློབ་གསོ་མི་འདྲ་བས་དེར་དམིགས་བསལ་སློབ་གསོ་ཞེས་བརྗོད”①ཅེས་གསུངས། ཡིན་ནའང་དམིགས་བསལ་སློབ་གསོའི་ཁ་ཕྱོགས་དང་ཐབས་ཤེས་ཁོ་ནས་དམིགས་བསལ་སློབ་གསོའི་ཁྱོན་ཡོངས་ཀྱི་ངོ་བོ་དང་ཁྱད་ཆོས་ལ་གོ་བ་ངེས་ཅན་ཞིག་སྐྱེ་མི་ཐུབ་བོ། །

མིག་སྔར་དམིགས་བསལ་སློབ་གསོ་ཞེས་པའི་མཚན་ཉིད་ཐད་ཀུན་གྱིས་ཁས་ལེན་པ་དང་། རྒྱ་ཁྱབ་ཅན་གྱི་མཚན་ཉིད་ནི་དགེ་རྒན་ཆེན་མོ་བ་ཕུའུ་ཡུང་ཞིན(朴永馨)གྱིས་བཞག་གནང་བ་དེ་ཡིན། ཁོང་ནི་ཀྲུང་གོ་གསར་པའི་དམིགས་བསལ་སློབ་གསོའི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་འདིང་མཁན་དེ་ཡིན་ཞིང་། ཁོང་གིས་སློབ་གསོའི་ཁ་ཕྱོགས་དང་། རྣམ་པ། ཐབས་ཤེས་སོགས་ཕྱོགས་གང་ས་ནས་མཚན་ཉིད་བཞག་ཡོད་པ་འདི་ལྟ་སྟེ།“དམིགས་བསལ་སློབ་གསོ་ནི་སློབ་གསོའི་གྲུབ་ཆ་ཞིག་ཡིན་ལ། དེ་ནི་སྤྱིར་བཏང་ངམ་ཡང་ན་དམིགས་སུ་བཀར་ནས་འཆར་བཀོད་བྱས་པའི་བསླབ་ཚན་དང་། བསླབ་གཞི། སློབ་ཐབས། སློབ་ཁྲིད་སྒྲིག་འཛུགས་ཀྱི་རྣམ་པ། སློབ་ཆས་སོགས་བེད་སྤྱད་དེ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་མར་སློབ་ཁྲིད་བྱས་ཏེ། དེ་དག་གི་སྤྱིར་བཏང་གི་དམིགས་ཡུལ་ལམ། ཡང་ན་དམིགས་བསལ་གསོ་སྐྱོང་གི་དམིགས་ཡུལ་ལེགས་གྲུབ་ཡོང་བར་བྱེད་པའི་སློབ་གསོ་ཞིག་ལ་ཟེར”②ཞེས་གསུངས་ཏེ། མཚན་ཉིད་འདིར་གཙོ་བོ་སློབ་གསོའི་ཤུགས་རྐྱེན་ནས་མགོ་བཟུང་སྟེ། དམིགས་བསལ་སློབ་གསོའི་ཁ་ཕྱོགས་དང་།

ཐབས་ཤེས། འོས་འགན་གྱི་དམིགས་བསལ་རང་བཞིན་བཅས་ལ་ནན་བཤད་གནང་ཡོད་པ་དང་། ཅུང་ཁ་གསལ་པའི་སྒོ་ནས་དམིགས་བསལ་སློབ་གསོ་དང་སློབ་གསོ་སྤྱིའི་བར་གྱི་འབྲེལ་བར་གསལ་འགྲེལ་ཡང་གནང་ཡོད་པས། འདི་ནི་ཀྲུང་གོའི་སྐམ་ས་ཆེན་མོའི་དམིགས་བསལ་སློབ་གསོའི་ཁྱབ་ཁོངས་སུ་ཆེས་རྨང་གཞིར་གྱུར་པའི་དམིགས་བསལ་སློབ་གསོའི་མཚན་ཉིད་ཅིིག་ཀྱང་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་དམིགས་བསལ་སློབ་གསོ་པ་ཚང་མས་ཁས་བླངས་དང་ལེན་བྱེད་བཞིན་ཡོད་དོ། །

གཞན་ཡང་མཁས་དབང་ཧྥང་ཅུན་མིང(方俊明)གིས་བཞག་གནང་བའི་མཚན་ཉིད་ནི་ཅུང་ཚབ་མཚོན་རང་བཞིན་ལྡན་པ་ཞིག་སྟེ། ཁོང་གིས“དམིགས་བསལ་སློབ་གསོ་ཞེས་པ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་དང་།དམིགས་བསལ་བྱིས་པའི་ལུས་སེམས་ཀྱི་ཁྱད་ཆོས་དང་སློབ་གསོའི་དགོས་མཁོར་གཞིགས་ཏེ། སློབ་གསོ་མྱོང་མཁན་གྱི་སློབ་མའི་བག་ལ་ཞ་བའི་ནུས་པ་དག་ཚད་གང་ཡོད་ཀྱིས་སྔོག་འདོན་བྱས་ནས། ཁོང་ཚོའི་ཤེས་རྒྱ་ཆེར་བསྐྱེད་དང་། ལག་རྩལ་གསར་ཐོབ། སྐབས་བསྟུན་གྱི་ནུས་པ་མཐོར་འདེགས་སུ་གཏོང་བའི་སློབ་གསོ་ཞིག་ལ་ཟེར”③ཞེས་གསུངས་ཤིང་། མཚན་ཉིད་དེའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ནི་དམིགས་བསལ་སློབ་གསོ་མྱོང་མཁན་གྱི་སློབ་མའི་བག་ལ་ཞ་བའི་ནུས་པ་ཚད་གང་ཡོད་ཀྱིས་སྔོག་འདོན་བྱེད་ཅེས་པ་དེ་ཡིན་ཞིང་། དེས་དམིགས་བསལ་སློབ་གསོའི་ཁ་ཕྱོགས་ཡུལ་གྱི་སློབ་མའི་ལུས་སེམས་ཁྱད་ཆོས་ཀྱི་དམིགས་བསལ་རང་བཞིན་ཆེས་ཆེར་མངོན་ཐུབ་པ་དང་། དམིགས་བསལ་སློབ་གསོའི་དམིགས་ཡུལ་དང་འོས་འགན་གྱི་ཁྱད་ཆོས་ཀྱང་འབུར་དུ་ཐོན་ཡོད་དོ། །

གོང་གསལ་མཚན་ཉིད་གཉིས་པོའི་ནང་དོན་ལ་གཞིགས་ན། འདི་གཉིས་པོའི་ཞིབ་ཕྲའི་གསུང་སྟངས་མི་འདྲ་བ་མ་ཟད་གསུང་ཕྱོགས་ཀྱང་མི་འདྲ་མོད། ཡིན་ནའང་དམིགས་བསལ་སློབ་གསོའི་ཁ་ཕྱོགས་དང་དམིགས་ཡུལ། འོས་འགན། ཐབས་ཤེས་བཅས་ཀྱི་ཐད་ལ་ཕྱོགས་གཉིས་ཀའི་དགོངས་ཚུལ་མཚུངས་པ་མ་ཟད། སློབ་གསོའི་ཁ་ཕྱོགས་ནི“དམིགས་བསལ་གྱི་བྱིས་པ”འམ“དམིགས་བསལ་དགོས་མཁོ་ཅན་གྱི་བྱིས་པ”ཡིན་པའི་ལྟ་བ་གཅིག་མཚུངས་སུ་འདོད་དོ། །

ང་ཚོས་ཤེས་གསལ་ལྟར། དེང་སྐབས་དམིགས་བསལ་སློབ་གསོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་འོག་ཏུ། གོང་གསལ་མཚན་ཉིད་དེ་དག་གིས་ཁྱོན་ཡོངས་ནས་དམིགས་བསལ་སློབ་གསོའི་ངོ་བོ་དང་ཁྱད་ཆོས་ལ་ཕྱོགས་སྡོམ་བྱེད་མི་ཐུབ་པ་དང་། ལྷག་པར་དུ་ཡོངས་ཚུད་སློབ་གསོའི་བསམ་བློའི④ཤུགས་རྐྱེན་དང་། སློབ་མའི་སྣ་མང་ཕུན་ཚོགས་ཅན་གྱི་དམིགས་བསལ་དགོས་མཁོར་བརྩི་བཀུར་དང་། སྲུང་སྐྱོབ་བྱེད་པའི་དགོངས་ཚུལ་ཁྱབ་གདལ་དུ་སོང་བར་བརྟེན་ནས་དམིགས་བསལ་སློབ་གསོའི་ཁ་ཕྱོགས་ལ་ཡང་འགྱུར་བ་ཆེན་པོ་བྱུང་ཡོད། དེས་ན་སློབ་གསོའི་ཁ་ཕྱོགས་ཀྱི་དམིགས་བསལ་རང་བཞིན་ལས་དམིགས་བསལ་སློབ་གསོའི་མཚན་ཉིད་ཅིག་གཏན་ལ་དབབ་མི་རུང་ལ། དམིགས་བསལ་སློབ་གསོ་དང་སློབ་གསོ་སྤྱིའི་དབར་གྱི་འགལ་འབྲེལ་ལ་ཡང་ཆོད་སྡོམ་གནད་ལ་འཁེལ་བ་ཞིག་འཇོག་ཐབས་བྲལ་ལོ། །

ཡིན་ནའང་གོང་གསལ་མཚན་ཉིད་དེ་དག་དང་།དམིགས་བསལ་སློབ་གསོ་ཞེས་པའི་དམིགས་བསལ་རང་བཞིན་ལ་གཞིགས་ཏེ་སྤྱི་ལྡོག་གི་མཚན་ཉིད་འདི་འདྲ་ཞིག་འཇོག་ཏུ་རུང་སྟེ།“དམིགས་བསལ་སློབ་གསོ་ཞེས་པ་ནི་སློབ་མ་སྒེར་གྱི་ཁྱད་པར་གྱི་མངོན་གསལ་རང་བཞིན་ལ་གཞིགས་ཏེ་རང་ནུས་ཡོད་རྒུས་དེའི་དམིགས་བསལ་གྱི་སློབ་གསོའི་དགོས་མཁོ་སྐོང་ཐུབ་པ་བྱས་ནས། དེའི་ལུས་སེམས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་གང་མང་ཡོང་བའི་སློབ་གསོ་ལ་ཟེར”⑤ཞེས་གསུངས་པའང་དོན་ལ་མི་གནས་པ་གང་ཡང་མེད་དོ། །

གཉིས་པ། བོད་ལྗོངས་དམིགས་བསལ་སློབ་གསོའི་གཞི་རྩའི་གནས་ཚུལ།

དེ་ཡང་རྒྱལ་ཁབ་སློབ་གསོ་པུའུ་ཡི《སྤྱི་ལོ2016ལོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས་ཚགས་པར》དང《སྤྱི་ལོ2016ལོའི་བོད་རང་སྐྱོང་ལྗོངས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྤྱི་བསྒྲགས་ཚགས་པར》དུ་བཀོད་པར་གཞིགས་ན། སྤྱི་ལོ2016ལོར་བོད་རང་སྐྱོང་ལྗོངས་དམིགས་བསལ་སློབ་གསོའི་སློབ་བསྡུའི་མི་གྲངས་མི119ཡིན་པ་དང་། སློབ་མ་ཁྱོན་ཡོངས་ཀྱི་མི་གྲངས་མི792ཡིན་ཞིང་། དེ་དག་གི་ཁྲོད་ནས་སློབ་ཆུང་སློབ་མས་བརྒྱ་ཆའི་མང་པོ་ཟིན་པ་དང་། སློབ་འབྲིང་དང་།

ལས་རིགས་འབྲིང་རིམ་སློབ་མའི་གྲངས་དེ་ཙམ་ཟིན་མེད། གང་ལྟར་ལོ་རིམ་མཐོ་རུ་སོང་བ་དང་སློབ་མའི་གྲངས་འབོར་ཉུང་བ་དེས། བོད་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་བཙུགས་པའི་དུས་ཚོད་ཧ་ཅང་འཕྱི་བ་མཚོན་ནོ། །

མིག་སྔར་རང་ལྗོངས་ཁུལ་དུ་དམིགས་བསལ་སློབ་གསོའི་སློབ་གྲྭ་ལྔ་ལས་མེད་ཅིང་། དེ་དག་གིས་གངས་ཅན་ལྗོངས་འདིའི་འོན་ལྐུགས་ཀྱི་སློབ་མ་མི་ཉུང་བ་ཞིག་ར་ལུག་གི་རྨིག་རྗེས་འདེད་མཁན་ཞིག་ནས་ཤེས་ཡོན་ཅན་དུ་འགྱུར་ཐུབ་པ་བྱུང་ཡོད། ཡིན་ནའང་བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་རི་ལུང་ཁུག་གསུམ་དུ་ཡང་འབྲོག་པ་མི་ཉུང་བ་འཚོ་སྡོད་བྱེད་བཞིན་ཡོད་པས། དབང་བོ་སྐྱོན་ཅན་མི་ཉུང་བ་ཞིག་ད་དུང་ཡང་ར་ལུག་གི་རྨིག་རྗེས་འདེད་བཞིན་ཡོད་པ་ནི་ཐེ་ཚོམ་ཅི། དེར་བརྟེན་མཁྱེན་ལྡན་དབུ་ཁྲིད་རྣམ་པའི་ཐུགས་རྗེའི་རྒྱབ་སྐྱོར་ལས། ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་འདི་ཉིད་མ་སློབ་ལྟ་བུ་བྱེད་པ་དང་། གཞིས་རྩེ་དང་ལྷོ་ཁ། ནག་ཆུ། ཆབ་མདོ་བཅས་སུ་དམིགས་བསལ་སློབ་གྲྭ་རེ་གསར་དུ་བཙུགས་ཟིན་པ། ཉིང་ཁྲི་ལ་སློབ་གྲྭ་གསར་དུ་འཛུགས་རྒྱུའི་སྟ་གོན་བྱེད་པ་ནི། དབང་སྐྱོན་བྱིས་པ་རྣམས་ལ་ཤེས་རིག་སྦྱོང་བའི་བསྐལ་པ་བཟང་པོ་ཞིག་འཐོབ་རྒྱུའི་ཆེད་དུ་རེད་དོ། །

བོད་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་ལྔ་པོ་གསར་འཛུགས་གནང་ཚུལ་དང་དེ་དག་གི་ད་ལྟའི་གནས་བབས་གསལ་བའི་རེའུ་མིག⑥

གསུམ་པ། བོད་ལྗོངས་དམིགས་བསལ་སློབ་གསོའི་ད་ལྟའི་གནས་བབས་ལ་དབྱེ་ཞིབ་བྱེད་པ།

དེ་ཡང་བོད་ལྗོངས་སུ་གོང་གསལ་དམིགས་བསལ་སློབ་གསོའི་སློབ་གྲྭ་འདི་ལྟ་བུ་གསར་འཛུགས་གནང་བ་ནི། གོང་རིམ་གྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། རྒྱ་ཆེའི་དགེ་བའི་བཤེས་གཉེན་རྣམ་པའི་སྐུ་ལས་དང་ཡང་དེ་བས་ཁ་འབྲལ་ཐབས་མེད། འོ་ན་གོང་གསལ་སློབ་གྲྭ་དེ་དག་གི་ད་ལྟའི་གནས་བབས་ལ་སྤྱི་ཡོངས་ནས་དབྱེ་ཞིབ་ཅིག་བྱས་ཚེ་ཇི་ལྟར་ཡིན་ནམ་ཞེ་ན།

གཅིག བོད་ལྗོངས་དམིགས་བསལ་སློབ་གསོ་སྤྱི་ཡོངས་ཀྱི་དཔྱད་གཏམ།

བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་ཞིག་ཡིན་ལ། མི་འབོར་གྱི76.92﹪ཙམ་ས་བབ་མཐོ་བའི་ཞིང་གྲོང་དུ་འཚོ་གནས་བྱེད་བཞིན་ཡོད་པ་དང་། མི་མང་ཆེ་བ་ཁ་འཐོར་དུ་གནས་ཡོད་པ་དེས་དམིགས་བསལ་སློབ་གསོ་ཙམ་མ་ཟད། སློབ་གསོའི་སྤྱིའི་གཉེར་ཕྱོགས་ལ་དཀའ་ངལ་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་དོ། །

སྤྱི་ལོ2016ལོར་བསྡོམས་རྩིས་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་སྤྱིའི་མི་འབོར་གྲངས་ནི་ཁྲི313ཙམ་ཡོད་པ་དང་། དམིགས་བསལ་སློབ་གྲྭ་ལྔ་པོ་ཡི་སློབ་མའི་མི་གྲངས་ཁྱོན་བསྡོམས792ཡོད་པ་དེས། རང་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་ཤུགས་ཆེན་བྱུང་བ་མཚོན་ལ། དེ་ལས་རང་ལྗོངས་སྲིད་གཞུང་གིས་དམིགས་བསལ་སློབ་གསོར་བཅངས་པའི་དོ་ཁུར་དང་རྒྱབ་སྐྱོར་གནང་བ་ཡང་མཚོན་ནོ། །

དེ་ཡང་ཡིན་ཏེ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྱི་ལོ2011ལོར་སྤེལ་བའི《བོད་རང་སྐྱོང་ལྗོངས་ལོ“ལྔ་ཚན་བཅུ་གཉིས”ཀྱི་དབང་སྐྱོན་མི་སྣའི་བྱ་གཞག་འཕེལ་རྒྱས་ཀྱི་མདོ་དོན》ཞེས་པ་ལས་གསལ་པར་མཐོང་ཐུབ་སྟེ། དེ་ལས་གསུངས་དོན། ༡.《དབང་སྐྱོན་མི་སྣའི་སློབ་གསོའི་ཁྲིམས་སྲོལ》ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ཏེ། དབང་སྐྱོན་བྱིས་པའི་འོས་འགན་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། དབང་སྐྱོན་མི་སྣའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུའོ། །
༢.དབང་སྐྱོན་བྱིས་པའི་སློབ་ཞུགས་དམིགས་ཚད་དེ་འོས་འགན་སློབ་གསོའི་ཞིབ་བཤེར་རྩིས་ལེན་གྱི་དཔྱད་དཔོག་མ་ལག་ཁོངས་སུ་གཏོགས་ཐུབ་པ་བྱ་རྒྱུ་དང་།དབང་སྐྱོན་བྱིས་པ་དག་འོས་འགན་སློབ་གསོ་དང་མཐོ་འབྲིང་སློབ་གསོར་ཞུགས་རྒྱུའི་ལས་ཀར་དོ་སྣང་དང་ཐུགས་ཁུར་བྱ་རྒྱུའོ། ། ༣.དབང་སྐྱོན་རིགས་གསུམ་པོའི་སློབ་མ་རྣམས་སློབ་སྔོན་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་འབྲིང་སློབ་གསོ། དེ་བཞིན་མཐོ་རིམ་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་ཐོབ་པར་བྱས་ཏེ། དབང་སྐྱོན་བྱིས་པའི་སློབ་གསོའི་རོགས་སྐྱོར་ལས་དོན་ཁྱབ་གདལ་ཡོང་བ་བྱ་རྒྱུའོ། ། ༤.དམིགས་བསལ་སློབ་གསོའི་སློབ་གྲྭའི་འཛུགས་སྐྲུན་གྱི་འཆར་གཞི་བཟོ་བ་དང་། དཀྱུས་མའི་སློབ་གྲྭ་ཆུང་འབྲིང་གི་ནང་དུ་སྐབས་བསྟུན་སློབ་ཞུགས་ཁྱབ་སྤེལ་གཏོང་གང་ཐུབ་བྱེད་པ། དམིགས་བསལ་སློབ་གསོའི་འགྲོ་གྲོན་ཤུགས་ཆེར་གཏོང་བ། སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་གསར་འཛུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སློབ་གཉེར་གྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་དང་། དམིགས་བསལ་སློབ་གསོའི་དགེ་རྒན་གྱི་ཟབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དགེ་རྒན་གྱི་སློབ་ཁྲིད་ནུས་རྩལ་གོང་མཐོར་གཏོང་རྒྱུའོ། །

༥.དབང་སྐྱོན་མི་སྣའི་དམིགས་བསལ་སློབ་གསོའི་ལས་རིགས་ལག་རྩལ་གྱི་ཆེད་སྤྱོད་མ་དངུལ་བཟོས་ཏེ། འགྲོ་གྲོན་ལ་ཁས་ལེན་ཐུབ་པ་བྱ་རྒྱུ་དང་། རིགས་གསུམ་གྱི་དབང་སྐྱོན་བྱིས་པ་ཐམས་ཅད་སློབ་སྔོན་སློབ་གསོ་དང་།འོས་འགན་སློབ་གསོ། མཐོ་འབྲིང་སློབ་གསོ་བཅས་ཐོབ་པའི་ཁས་ལེན་བྱ་རྒྱུའོ། ། ༦.དབང་སྐྱོན་མི་སྣའི་མཐོ་རིམ་སློབ་གསོ་འཕེལ་རྒྱས་སུ་བཏང་སྟེ། མཐོ་རིམ་སློབ་གྲྭ་ཁག་གི་ནང་དུ་དམིགས་བསལ་སློབ་གསོའི་འབྲེལ་ཡོད་ཆེད་ལས་གསར་འཛུགས་དང་། དགེ་འོས་སློབ་གླིང་ཁག་ནང་དུ་དམིགས་བསལ་སློབ་གསོའི་དགེ་རྒན་གསོ་སྐྱོང་དང་ཟབ་སྦྱོང་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའོ། །

༧.རྒྱལ་ཁབ་སློབ་བསྡུའི་ཚད་གཞི་དང་མཐུན་པའི་དབང་སྐྱོན་རྒྱུགས་ཞུགས་སློབ་མ་རྣམས་ཆེས་མཐོའི་འབྲིང་རིམ་ཡན་གྱི་སློབ་གསོ་ཐོབ་པའི་འགན་ལེན་བྱ་རྒྱུའོ། ། ༨.སྤྱི་ཚོགས་ཀྱི་ནུས་ཤུགས་ལ་བརྟེན་ནས་ཁྲིམས་བཞིན་དམིགས་བསལ་སློབ་གསོའི་སྒྲིག་གཞི་གཉེར་མཁན་དག་ལ་སྐུལ་མ་དང་རྒྱབ་སྐྱོར་བྱ་རྒྱུའོ། ། ༩.ནུས་ཤུགས་གང་ཡོད་ཀྱིས་དབང་སྐྱོན་མི་སྣའི་ལས་རིགས་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུའོ། ། ༡༠.བོད་སྐད་ཡིག་གི་ལོང་ཡིག་དང་ལག་བརྡའི་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུ་མ་ཟད། དབང་སྐྱོན་མི་སྣའི་སློབ་གསོའི་སྒྲིག་གཞི་གསར་འཛུགས་ཀྱི་རེ་བ་བཏོན་ཏེ། དབང་སྐྱོན་བྱིས་པའི་འོས་འགན་སློབ་གསོ་ཁྱབ་གདལ་ཡོང་བ་བྱ་རྒྱུའོ། ། ཞེས་གསུངས་པ་ལས། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རང་ལྗོངས་ཀྱི་དམིགས་བསལ་སློབ་གསོར་གཞན་ལས་ལྷག་པའི་དོ་ཁུར་གནང་བ་མཚོན་ལ། དབང་སྐྱོན་བྱིས་པའི་སྐབས་བསྟུན་སློབ་ཞུགས་ཁྱབ་སྤེལ་གནང་བ་དང་། དབང་སྐྱོན་མི་སྣའི་དམིགས་བསལ་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོ། མཐོ་རིམ་སློབ་གསོ་སོགས་ལ་འཕེལ་རྒྱས་བཏང་ཡོད་པས། སྤྱི་ལོ2016ལོར་རང་ལྗོངས་ཀྱི་དབང་སྐྱོན་བྱིས་པ་སློབ་ཞུགས་ཀྱི་མི་གྲངས800ཙམ་ལ་སླེབས་ཡོད་པ་དང་། འབྲིང་རིམ་དང་མཐོ་རིམ་སློབ་ཞུགས་སློབ་མ200ཙམ་ཟིན་ཡོད་པ་ལས། བོད་ལྗོངས་ཀྱི་དམིགས་བསལ་སློབ་གསོ་ནི་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་མངོན་ནོ། །

གཉིས། སློབ་ཁྲིད་ཆེད་ལས་དགེ་རྒན་གྱི་བསྡུར་ཚད་དེ་རྒྱལ་ཡོངས་དམིགས་བསལ་སློབ་གསོའི་སློབ་གྲྭ་གཞན་ལས་མཐོ་བ་ཡོད།

དེ་ཡང་རང་ཉིད་ཀྱིས་ས་ཡུལ་དངོས་ཀྱི་བརྟག་དཔྱད་བྱས་པའི་ཕྱོགས་བསྡོམས་གཞིར་བཟུང་ན། སྤྱི་ལོ2016ལོར་རང་ལྗོངས་སུ་དམིགས་བསལ་སློབ་གསོའི་སློབ་གྲྭར་ཁྱོན་བསྡོམས་པས་དགེ་རྒན་ལས་བཟོའི་གྲངས230ཙམ་ཡོད་པ་ལས། སློབ་ཁྲིད་ཆེད་ལས་དགེ་རྒན་གྲངས200ཙམ་ཡོད་པ་དེས་དགེ་བཟོ་ཁྱོན་ཡོངས་ཀྱི86.95﹪ཟིན་གྱི་ཡོད་ཅིང་། དེ་ནི་རྒྱལ་ཡོངས་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་ཁྲིད་དགེ་རྒན་གྱིས་ཟིན་པ83.96﹪ལས་མཐོ། བཟོ་པ་དང་རྒྱབ་ཕྱོགས་མི་སྣ། སྲིད་འཛིན་མི་སྣའི་བསྡུར་ཚད་ཀྱང་རྒྱལ་ཡོངས་དམིགས་བསལ་སློབ་གསོའི་སློབ་གྲྭ་ལས་ཀྱང་མཐོ།ཡིན་ནའང་སློབ་ཁྲིད་རོགས་སྐྱོར་མི་སྣའི་བསྡུར་ཚད་དེ་རྒྱལ་ཡོངས་ལས་དམའ་བའོ། །དམིགས་བསལ་སློབ་གསོའི་སློབ་ཁྲིད་ཆེད་ལས་དགེ་རྒན་གྱི་གྲངས་འབོར་དེ་རང་ལྗོངས་ཀྱི་དཀྱུས་མའི་སློབ་ཆུང་དང་བསྡུར་ན་ཉུང་ཡང་། ལས་རིགས་གཞན་པའི་དགེ་བཟོའི་གྲངས་ཀྱི་བསྡུར་ཚད་དེ་དཀྱུས་མའི་སློབ་ཆུང་ལས་མཐོ། དེ་ལས་དམིགས་བསལ་སློབ་གྲྭ་དང་དཀྱུས་མའི་སློབ་གྲྭའི་ལས་ཀའི་ངོ་བོ་ལ་མི་མཐུན་པའི་ཕྱོགས་མང་དུ་ཡོད་པ་མངོན་ནོ། །སྤྱི་ལོ2016ལོར་རང་ལྗོངས་དམིགས་བསལ་སློབ་གྲྭའི་ནང་དུ་ཚབ་ཁྲིད་དགེ་རྒན་གཅིག་ཀྱང་མེད་པར། ད་དུང་རྒྱལ་ཡོངས་དམིགས་བསལ་སློབ་གསོའི་སློབ་ཁྲིད་དགེ་རྒན་ལས་མང་བ་ཡོད་པ་དེས། ལང་ཚོ་དར་ལ་བབས་པའི་རང་ལྗོངས་དམིགས་བསལ་སློབ་གསོས་སློབ་ཁྲིད་དགེ་རྒན་ལ་ཐུགས་ཁུར་དང་། དགེ་རྒན་ནི་སློབ་གསོ་འཕེལ་རྒྱས་ཀྱི་རྩ་བ་ཡིན་པ་ཡང་མཚོན་ནོ། །

གསུམ། དགེ་རྒན་གྱི་སློབ་གནས་དང་ལས་ཐོབ་བསྡུར་ཚད་དེ་དཀྱུས་མའི་སློབ་ཆུང་ལས་མཐོ །

སྤྱི་ལོ2016ལོར་བོད་ལྗོངས་དམིགས་བསལ་སློབ་གྲྭའི་སློབ་ཁྲིད་དགེ་རྒན་ཁྲོད། ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་གནས་ཀྱི་དགེ་རྒན་གྱི་བསྡུར་ཚད་རྒྱལ་ཡོངས་དང་ཕལ་ཆེར་མཚུངས་ནའང་། རང་ལྗོངས་ཀྱི་དཀྱུས་མའི་སློབ་ཆུང་དང་བསྡུར་ན་མཐོ་སྟེ། སློབ་ཁྲིད་དགེ་རྒན200ཡི་ནང་ནས་ཞིབ་འཇུག་སློབ་མའི་སློབ་གནས་དགེ་རྒན་གྱིས1.47﹪ཟིན་ཡོད་པ་དེ་ནི་དཀྱུས་མའི་སློབ་ཆུང་ནང་ཞིབ་འཇུག་སློབ་མའི་སློབ་གནས་ཀྱི་དགེ་རྒན་གྱིས་ཟིན་པ0.09﹪ལས་ལྡབ་མང་པོས་མཐོ། དངོས་གཞིའི་སློབ་གནས་དགེ་རྒན་གྱིས52.94﹪ཟིན་གྱི་ཡོད་པ་དེ་ནི་དཀྱུས་མའི་སློབ་ཆུང་ནང་དངོས་གཞིའི་སློབ་གནས་ཀྱི་དགེ་རྒན་གྱིས་ཟིན་པ28.1﹪ལས་མཐོ།དམིགས་བསལ་སློབ་གྲྭའི་མཐོ་རིམ་ལས་ཐོབ་ཀྱི་དགེ་རྒན་གྱི་བསྡུར་ཚད་དེ་དཀྱུས་མའི་སློབ་ཆུང་ལས་མཐོ་སྟེ། སློབ་ཁྲིད་དགེ་རྒན200ཡི་ནང་ནས་མཐོ་རིམ་ལས་ཐོབ་དགེ་རྒན་གྱིས2.21﹪ཟིན་གྱི་ཡོད་པ་དེ་ནི་དཀྱུས་མའི་སློབ་ཆུང་ནང་མཐོ་རིམ་ལས་ཐོབ་དགེ་རྒན་གྱིས་ཟིན་པ1.73﹪ལས་མཐོ་བ་དང་། འབྲིང་རིམ་ལས་ཐོབ་དགེ་རྒན་གྱིས44.12﹪ཟིན་གྱི་ཡོད་པ་དེ་ནི་དཀྱུས་མའི་སློབ་ཆུང་ནང་འབྲིང་རིམ་ལས་ཐོབ་དགེ་རྒན་གྱིས་ཟིན་པ32.19﹪ལས་མཐོ། ཡིན་ནའང་རྒྱལ་ནང་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་བསྡུར་ན2.05﹪ཡིས་དམའ་བའོ། །

བཞི། དམིགས་བསལ་སློབ་གསོའི་སློབ་གྲྭའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད།

སྤྱི་ལོ2016ལོར་བོད་ལྗོངས་དམིགས་བསལ་སློབ་གསོའི་སློབ་གྲྭའི་རྒྱ་ཁྱོན་ཆ་སྙོམས་སློབ་མ་རེར་སྨི་གྲུ་བཞི་མ69.15དབང་བ་དེ་ནི། རྒྱལ་ནང་དམིགས་བསལ་སློབ་གསོའི་སློབ་གྲྭ་གཞན་གྱི་རྒྱ་ཁྱོན་ཆ་སྙོམས་སློབ་མ་རེ་ལ་སྨི་གྲུ་བཞི་མ10.45དབང་བ་དེ་དང་བསྡུར་ན་ལྡབ་མང་པོས་མཐོ་བ་དང་། དགེ་རྒན་གྱི་གཞུང་ལས་ཁང་དང་། ཉལ་ཁང་སོགས་ཀྱི་མི་རེའི་ཆ་སྙོམས་ཐོབ་ཚད་ཀྱང་རྒྱལ་ཡོངས་དམིགས་བསལ་སློབ་གྲྭ་དང་རང་ལྗོངས་དཀྱུས་མའི་སློབ་ཆུང་ལས་མཐོ།ཆེད་སྤྱོད་སློབ་ཁང་གི་རྒྱ་ཁྱོན་ལ་གཞིགས་ན། སློབ་མ་རེར་དབང་བའི་སློབ་ཁང་གི་རྒྱ་ཁྱོན་ཆ་སྙོམས་སྨི་གྲུ་བཞི་མ22.37ཡིན་པ་དེ་རྒྱལ་ནང་གི་སློབ་མ་རེར་དབང་བའི་སློབ་ཁང་གི་རྒྱ་ཁྱོན་ཆ་སྙོམས་སྨི་གྲུ་བཞི་མ9.19ལས་ཆེ་བ་དང་། རང་ལྗོངས་དཀྱུས་མའི་སློབ་ཆུང་གི་སློབ་མ་རེར་དབང་བའི་སློབ་ཁང་གི་རྒྱ་ཁྱོན་ཆ་སྙོམས་སྨི་གྲུ་བཞི་མ3.16ལས་ལྡབ་མང་པོས་ཆེ་བའོ། ། དེ་ལྟ་བུའི་སློབ་ཁང་གི་རྒྱ་ཁྱོན་ནི་སློབ་མའི་ལུས་སེམས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་ལ། གཞན་ཡང་ད་སྐབས་ཀྱི་བོད་ལྗོངས་དམིགས་བསལ་སློབ་གསོའི་སློབ་གྲྭ་ལྔ་པོའི་སློབ་བསྡུའི་འཆར་གཞི་ལེགས་གྲུབ་མ་ཐུབ་པ་དང་ཡང་འབྲེལ་བ་ཡོད་ངེས་སོ། །

དེ་ལྟར་དམིགས་བསལ་སློབ་གྲྭའི་སློབ་ཁང་གི་རྒྱ་ཁྱོན་དང་། སྔོ་ལྗང་ཁུལ་གྱི་རྒྱ་ཁྱོན། ལུས་རྩལ་ཐང་གི་རྒྱ་ཁྱོན་སོགས་སློབ་མ་རེར་དབང་བ་ནི་རྒྱལ་ནང་གི་དམིགས་བསལ་སློབ་གྲྭ་གཞན་དང་། དེ་བཞིན་རང་ལྗོངས་ཀྱི་དཀྱུས་མའི་སློབ་ཆུང་དང་བསྡུར་ན་ལྡབ་མང་པོས་ཆེ་ནའང་།དཔེ་མཛོད་ཁང་གི་རྒྱ་ཁྱོན་སློབ་མ་རེར་དབང་ཚད་དེ་གཞན་དང་བསྡུར་ན་ཆུང་བ་ནི་དོན་དངོས་ཡིན་ནོ། །ལྔ། གངས་ལྗོངས་ས་མཐོར་དབང་སྐྱོན་བྱིས་པར་སློབ་གསོ་ཁྱིམ་དུ་བསྐྱོད་པའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།བོད་ཁུལ་དུ་དབང་སྐྱོན་བྱིས་པར་སློབ་གསོ་ཁྱིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བཞིན་ཡོད། དེ་ནི་ཚབས་ཆེ་བའི་དབང་པོ་སྐྱོན་ཅན་དང་། དམིགས་བསལ་སློབ་གྲྭར་སློབ་ཞུགས་མ་ཐུབ་པའི་དབང་སྐྱོན་བྱིས་པ་རྣམས་ལ་དམིགས་ནས་སྤེལ་བ་ཡིན་ཞིང་། དེར་ཐུན་མོང་མ་ཡིན་པའི་དོན་སྙིང་ལྡན་པ་སྨོས་མ་དགོས། བོད་ཁུལ་གྱི་སློབ་གསོ་ཁྱིམ་དུ་བསྐྱོད་པའི་བྱེད་སྒོའི་ཇུས་གཞིའི་ནང་དོན་ལ་གཞིགས་ན། དེ་ནི་དབང་སྐྱོན་སློབ་བུ་ཁོ་ནར་དྲོད་སྐྱིད་དང་སློབ་གསོ་ཕུལ་བ་ཙམ་མ་ཡིན་པར་ད་དུང་སྐྱེས་བུ་གཞན་ཡང་ཡོད་དེ། དཔེར་ན། ལྷོ་ཁ་ས་ཁུལ་གྱི《ཚབས་ཆེ་བའི་དབང་སྐྱོན་བྱིས་པར“སློབ་གསོ་ཁྱིམ་དུ་བསྐྱོད”ཅེས་པའི་བྱེད་སྒོའི་ལག་བསྟར་ཇུས་གཞི》ལས་མངོན་པར་གཞིགས་ན། དེའི་ཁ་ཕྱོགས་ནི་གསུམ་ཙམ་ཡོད་དེ། གཅིག་ནི་ཚབས་ཆེ་བའི་དབང་སྐྱོན་བྱིས་པ་དང་། གཉིས་ནི་ཚབས་ཆེ་བའི་དབང་སྐྱོན་བྱིས་པའི་ལྟ་སྐྱོང་མི་སྣ་དང་དེའི་ཁྱིམ་མི་ཡོད་ཚད། གསུམ་ནི་གྲོང་ཚོ་རིམ་པའི་ལས་བྱེད་ལ་དྲོད་སྐྱིད་དང་བརྩེ་བ་ཕུལ་ཏེ། ཁོང་ཚོའི་རོགས་སྐྱོར་ལ་བརྟེན་ནས་སློབ་གསོ་གཏོང་དགོས་ངེས་ཀྱི་སློབ་མ་དང་། དེའི་ཁྱིམ་མི་རྣམས་ལ་དུས་ཡུན་རིང་པོའི་རོགས་སྐྱོར་དང་ཐུགས་ཁུར་ཐོབ་པ་བྱེད་ཅེས་པ་ལས། བྱེད་སྒོ་དེའི་ཁ་ཕྱོགས་ནི་ཚབས་ཆེ་བའི་དབང་སྐྱོན་བྱིས་པ་ཁོ་ན་མ་ཡིན་པ་མངོན་ནོ། །

བཞི་པ། མ་འོངས་པའི་བོད་ལྗོངས་དམིགས་བསལ་སློབ་གསོའི་འཕེལ་རྒྱས་ཀྱི་གནད་དོན་དང་དེའི་ཐག་གཅོད་བྱ་ཐབས།

བོད་ལྗོངས་ཀྱི་དམིགས་བསལ་སློབ་གསོར་སྔ་ན་མེད་པའི་འཕེལ་རྒྱས་བྱུང་ཡོད་མོད། ཡིན་ནའང་ད་དུང་བློ་ཡིད་ཚིམས་ནས་མི་སྡོད་པར་མུ་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་པའི་ཐད་ལ་བསམ་ཚུལ་རེ་ཟུང་ཞུ་བར་འདོད་དེ།

གཅིག དམིགས་བསལ་སློབ་གསོའི་ཁྱབ་ཁོངས་དེ་བས་རྒྱ་ཆེར་གཏོང་དགོས།

ས་བབ་མཐོ་ཞིང་། གྲང་ངར་ཆེ་ལ། ཆ་རྐྱེན་ཞན་པའི་འཛམ་གླིང་གི་ཡང་རྩེར་དེ་ལྟ་བུའི་དམིགས་བསལ་སློབ་གསོ་ཞིག་གཉེར་ཐུབ་པ་ནི་དངོས་གནས་བླ་ན་མེད་པའི་མཛད་པ་ཞིག་ཡིན། ཡིན་ནའང་སྤྱི་ལོ2016ལོའི་བར་བོད་ཁུལ་ཁྱོན་ཡོངས་ལ་དམིགས་བསལ་སློབ་གསོའི་དྲོད་སྐྱིད་ཁྱབ་ཐུབ་མེད་ཅིང་། ཐ་ན་ས་ཁུལ་འགའ་ཞིག་ལ་དམིགས་བསལ་སློབ་གསོའི་སློབ་གྲྭ་ཡང་མེད་དེ། དཔེར་ན། ཉིང་ཁྲི་གྲོང་ཁྱེར་དང་མངའ་རིས་ས་ཁུལ་ལྟ་བུའོ། །དེས་ན་དབང་སྐྱོན་བྱིས་པ་འགའ་ཞིག་ལ་དམིགས་བསལ་སློབ་གསོ་མྱོང་བའི་གོ་སྐབས་ཐོབ་མེད་པས། བོད་ལྗོངས་དམིགས་བསལ་སློབ་གསོའི་འཕེལ་རྒྱས་ཀྱི་གནད་དོན་ཆེ་ཤོས་ནི། ཇི་ལྟར་བྱས་ཏེ་དབང་སྐྱོན་བྱིས་པ་ཡོད་ཚད་འོས་འགན་སློབ་གསོ་ཐོབ་པར་བྱ་རྒྱུ་དེའོ། །

གཉིས། ཁ་འཐོར་དུ་གནས་པའི་དབང་སྐྱོན་སློབ་མ་རྣམས་ལ་ཇི་ལྟར་བྱས་ཏེ་སློབ་གསོ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱེད་དགོས།

བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་མི་ཚོགས་ཉུང་བ་དང་།མི་རྣམས་ཁ་འཐོར་དུ་གནས་པ་ཞིག་ཡིན། དེ་ལྟ་བུའི་གནད་དོན་འོག་ཇི་ལྟར་བྱས་ཏེ་ཁ་འཐོར་བའི་འབྲོག་སྡེ་དག་གི་དབང་སྐྱོན་བྱིས་པར་སློབ་གསོ་གཏོང་བའི་ཐབས་ལམ་དང་། ཐབས་ཤེས་ལ་གྲོས་བསྡུར་བྱ་རྒྱུ་ནི་ཁ་ཡོད་ལག་ཡོད་ཀྱི་གནད་དོན་ཞིག་ཡིན། དམིགས་བསལ་སློབ་གསོའི་སློབ་གྲྭ་གསར་འཛུགས་བྱ་རྒྱུ་དང་། སློབ་གསོ་ཁྱིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་རྒྱུ་ནི་ཐབས་ཤེས་བཟང་ཤོས་ཤིག་ཡིན་མོད། ཡིན་ནའང་ཡངས་ཤིང་རྒྱ་ཆེ་ལ་འགྲོ་ལམ་སྟབས་མི་བདེ་བའི་འབྲོག་ཁུལ་དུ་ཇི་ལྟར་བྱ་ཞེ་ན། དེ་ནི་དཀྱུས་མའི་སློབ་ཆུང་ལ་འོས་འགན་ཡོད་དེ། ཐབས་ཤེས་གང་ཡོད་ཀྱིས་དབང་སྐྱོན་བྱིས་པ་རྣམས་རུབ་རུབ་བཟོས་ནས། སྐབས་བསྟུན་སློབ་ཞུགས་ཀྱི་མི་ཤུགས་དང་དངོས་ཤུགས་མཁོ་འདོན་བྱ་རྒྱུ་དེ་དགོས་གལ་ཤིན་ཏུ་ཆེ་བར་མཐོང་ངོ་། །

གསུམ། སློབ་གཉེར་གྱི་ཆ་རྐྱེན་འགའ་ཞིག་གོང་མཐོར་གཏོང་དགོས།

བོད་ཁུལ་གྱི་དམིགས་བསལ་སློབ་གསོ་ལྔ་པོར་གཞིགས་ན། སློབ་གྲྭའི་རྒྱ་ཁྱོན་དང་། སློབ་ཁང་གི་རྒྱ་ཁྱོན། དགེ་རྒན་གྱི་ཆ་རྐྱེན་སོགས་རྒྱལ་ཡོངས་ཀྱི་སྔོན་ཐོན་དུ་སླེབས་ཡོད། ཡིན་ནའང་དཔེ་མཛོད་ཁང་གི་ཆ་རྐྱེན་དང་། གྲངས་རིག་སློབ་ཁྲིད་ཀྱི་ཐོན་ཁུངས་སོགས་ལ་ཤུགས་སྣོན་ཐུབ་ན། གཞི་ནས་དབང་སྐྱོན་བྱིས་པར་དེ་ལས་ལྷག་པའི་སློབ་གསོ་འཐོབ་ངེས་སོ། །

བཞི། སློབ་གསོ་ཁྱིམ་དུ་བསྐྱོད་པའི་བྱེད་སྒོའི་ཐབས་ལམ་གསར་པ་འཚོལ་དགོས།

གངས་ལྗོངས་ས་མཐོར་སློབ་གསོ་ཁྱིམ་དུ་བསྐྱོད་པའི་བྱེད་སྒོ་འདི་འདྲ་བ་ཞིག་སྤེལ་ཐུབ་པ་ནི། དངོས་ནས་ཧ་ལས་དགོས་པའི་མཛད་བཟང་ཞིག་རེད། ཡིན་ནའང་ཇི་ལྟར་བྱས་ཏེ་སློབ་གསོ་ཁྱིམ་དུ་བསྐྱོད་པའི་བྱེད་སྒོའི་འབྲས་བུ་མཐོར་འདེགས་དང་། འགྲོ་སོང་ལ་གྲོན་ཆུང་ཐུབ་པ་ཞིག་ཡོང་བ་བྱ་རྒྱུ་ནི། སློབ་གསོ་སྲིད་འཛིན་གྱི་ལས་ཁུངས་དང་། དབང་སྐྱོན་མཉམ་འབྲེལ་ཚོགས་པ། རིག་གཞུང་སྡེ་ཁག་བཅས་ནས་མཉམ་དུ་གྲོས་བསྡུར་བྱ་གཞི་ཞིག་ཡིན་ལ། དེའི་ཐབས་ལམ་གསར་པ་འཚོལ་རྒྱུ་ནི་འདོར་མི་རུང་བའི་ལས་འགན་ཞིག་ཏུ་ཁུམས་སོ། །

མདོར་ན། བོད་ལྗོངས་དམིགས་བསལ་སློབ་གསོའི་འཕེལ་རྒྱས་ཀྱི་ལམ་བུར་ཕྱི་མིག་ལྟ་སྐབས་དེ་ནི་དངོས་གནས་ཧ་ལས་དགོས་པའི་འགྲུབ་འབྲས་ཐོབ་པའི་ལམ་བུ་ཞིག་ཡིན་ལ། མ་འོངས་འཕེལ་རྒྱས་ཀྱི་ལམ་བུ་ནི་དེ་བས་འོད་སྟོང་ལྡན་པ་ཞིག་ཡིན་ངེས་སོ། །


དཔྱད་གཞིའི་ཡིག་ཆ།

[1] བོད་ལྗོངས་འོན་པའི་འཐུས་ཚོགས། རྒྱུན་སྤྱོད་བོད་ཀྱི་ལག་བརྡའི་ཚིག་མཛོད། [G] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ།

[2] ཝུའུ་ལིས་ཧྥིང་། ལག་བརྡའི་མདོ་དོན་དང་ལོ་ཙཱའི་ལག་ལེན། [G](རྒྱ་ཡིག)ཐན་ཅིན་སློབ་གསོའི་དཔེ་སྐྲུན་ཁང་། 2008ལོ།

[3] ཀྲའོ་ཞའོ་ཁྲེ། བོད་ཀྱི་ལག་བརྡའི་ཐོག་མའི་དབྱེ་ཞིབ། [J] བོད་ལྗོངས་ཞིབ་འཇུག 2014(4)

[4]代红 西藏特殊教育的现状及发展对策研究 [J] 民族教育研究 2007(3)

[5]彭霞光 中国特殊教育发展现状研究 [J] 中国特殊教育 2013(11)

[6]刘全礼 王慧 中国特殊教育中的四大问题 [J] 中国特殊教育2006(5)

[7]盛永进 特殊教育学基础 [M] 教育科学出版社 2011年

[8]朴永馨 特殊教育辞典[Z] 华夏出版社 1996年

[9]朴永馨 特殊教育辞典[Z] 华夏出版社 1996年

(དཔྱད་རྩོམ་འདི་ནི་བོད་རང་སྐྱོང་ལྗོངས་སློབ་གསོ་ཚན་རིག་གི“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞིའི་སྤྱི་ལོ་༢༠༡༦ལོའི་ཞིབ་འཇུག་རྣམ་གྲངས《བོད་ལྗོངས་དམིགས་བསལ་སློབ་གསོའི་བོད་སྐད་ཡིག་སློབ་ཁྲིད་ཐབས་ཤེས་སྐོར་གྱི་དཔྱད་ཞིབ》ཅེས་པའི་བར་སྐབས་དཔྱད་འབྲས་ཡིན། རྣམ་གྲངས་ཆོག་མཆན་གྱི་ཨང་གྲངས་ནི། XZJKY51611ཡིན།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1