དབྱིན་སྐད་ཀྱི་མིང་བོད་སྐད་དུ་སྒྲ་སོར་འཇོག་བྱེད་ཐབས་སླར་ཡང་བགྲོ་བ།

སྒྲོལ་དཀར་ཆོས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-24


[གནད་བཏུས] དཔྱད་རྩོམ་འདིར་བྲག་གདོང་བཀྲས་གླིང་དབང་རྡོར་གྱིས་བོད་སྐད་དུ་བསྒྱུར་པའི《ཧམ་ལེཀྲི》ཞེས་པའི་ནང་དུ་འབྱུང་བའི་དབྱིན་སྐད་ཀྱི་མི་མིང་དང་ས་མིང་ཟུར་དུ་བཏོན་ཞིང་། འབྲེལ་ཡོད་ཞིབ་འཇུག་གི་འབྲས་བུ་དང་། དབྱིན་བོད་སྐད་རིགས་གཉིས་ཀྱི་སྒྲ་གནས་བྱེད་རྩོལ་གྱི་ཁྱད་ཆོས་ལ་སོགས་གཞིར་བཟུང་ནས། དབྱིན་སྐད་ཀྱི་མིང་བོད་སྐད་དུ་སྒྲ་སོར་འཇོག་བྱེད་ཐབས་སྐོར་ལ་སླར་ཡང་གྲོས་འདེབས་ཞུས་ཡོད།

[གནད་ཚིག] དབྱིན་སྐད། མིང་། བོད་སྐད། སྒྲ་སོར་འཇོག

《ཧམ་ལེཀྲི》ནི་སྤྱི་ལོ2002ལ་བྲག་གདོང་བཀྲས་གླིང་དབང་རྡོར་གྱིས་དབྱིན་སྐད་ནས་བོད་སྐད་དུ་བསྒྱུར་པའི་ཟློས་གར་འཁྲབ་གཞུང་ཞིག་རེད། དེའི་ནང་དུ་མི་མིང་དང་ས་མིང་སོགས་མི་ཉུང་བ་ཞིག་བྱུང་ཡོད། དེ་དག་ལོ་ཙཱ་ལེགས་པར་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ་བའི་གནས་ཤིག་ཏུ་འཁུམས་ཤིང་། ཁོང་གིས《ཧམ་ལེཀྲི》བསྒྱུར་བ་དང་ཆབས་ཅིག་ཏུ། དབྱིན་སྐད་ཀྱི་མི་མིང་དང་ས་མིང་སོགས་བོད་སྐད་དུ་ཇི་ལྟར་སྒྱུར་ཚུལ་ཐད་ལ། རང་ཉིད་ཀྱི་ཐབས་ལམ་མམ་གཞུང་ལུགས་ཤིག་བཏོད་ཡོད། དེ་ནི་ཕལ་ཆེར་ད་ཡོད་ཀྱི་སྒྱུར་ཐབས་ནང་ནས་ཐོག་མ་དེ་ཡིན་པ་འདྲ། གང་ལྟར། ཁོང་གིས་བསྒྱུར་པའི《ཧམ་ལེཀྲི》དེང་སྐབས་ཀྱི་མཐོ་རིམ་སློབ་འབྲིང་གི་ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི①ཡི་ནང་དུ་བདམས་བཀོད་བྱས་ཡོད། བསླབ་གཞིའི་ནང་སྤྱིར་ནང་དོན་ལ་འགྱུར་བ་མེད་མོད། འོན་ཀྱང་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གིས་འཁྲབ་གཞུང་ནང་ཐོན་པའི་མི་མིང་དང་ས་མིང་དག་ལ་བཟོ་བཅོས་ཤུགས་ཆེན་བྱས་འདུག གཞན་དབྱིན་སྐད་ཀྱི་མིང་བོད་སྐད་དུ་སྒྱུར་ཚུལ་སྐོར་ལ། སྤྱི་ལོ2016པར་སྒར་བ་ཚེ་རིང་བཀྲ་ཤིས་ཀྱིས《དབྱིན་ཡིག་གི་མིང་སྒྲ་སྒྱུར་བྱེད་ཐབས་ཐོག་མར་བགྲོ་བ》ཞེས་པའི་དཔྱད་རྩོམ་ཞིག་སྤེལ་བ་དང་། ཁོང་གིས་ཀྱང་སྔགས་ཡིག་ལས་སྒྲ་སྒྱུར་བྱེད་ཐབས་ཀྱི་རིག་པ་བླངས་ནས། གཟུགས་དང་སྒྲ། སྦྱོར་བ་གསུམ་ལ་གཞིགས་པའི་དབྱིན་སྐད་ཀྱི་མིང་གི་སྒྲ་སོར་འཇོག་བྱེད་ཐབས་ཤིག་བཏོན་ཡོད། གཤམ་དུ་གོང་གི་འབྲེལ་ཡོད་རྒྱུ་ཆ་གསུམ་པོ་དེ་དག་གཙོ་བོར་བཟུང་ནས། 《ཧམ་ལེཀྲི》ཡི་ནང་དུ་ཐོན་པའི་དབྱིན་སྐད་ཀྱི་མིང་དག་བོད་སྐད་དུ་སྒྲ་སོར་འཇོག་ཇི་ལྟར་བྱེད་ཐབས་སྐོར་ལ་ཡང་བསྐྱར་དཔྱད་པར་བྱའོ། །

དང་པོ། དབྱངས་ཀྱི་སྒྱུར་ཚུལ།

སྤྱིར་མི་མིང་དང་ས་མིང་སོགས་ཀྱི་ལོ་ཙཱ་བྱེད་པར་སྒྲ་ལ་གཞིགས་ཏེ་སྒྱུར་བ་སྟེ་སྒྲ་སྒྱུར་གྱི་ཐབས་ལམ་དེ་དང་པོར་འཇོག་གི་ཡོད། དབང་རྡོར་གྱིས་དབྱིན་སྐད་ཀྱི་མིང་བོད་སྐད་དུ་སྒྱུར་བ་ལ་གཟུགས་སྒྱུར་གྱི་ཐབས་ལམ་བེད་སྤྱད་ཡོད་དེ། ཁོང་གིས“མི་མིང་དང་ས་མིང་སྒྱུར་ཡིག་ནང་གཅིག་གྱུར་ཡོང་ཆེད། འདི་ནང་སྒྲ་སྒྱུར་མ་བྱས་པར་ཡིག་སྒྱུར་བྱས་ཡོད”②ཅེས་གསུངས་ཡོད། དེ་ཡང་དེའི་ནང་གི“ཡིག་སྒྱུར”ཞེས་པ་ནི་ཡི་གེ་ཕན་ཚུན་སྒྱུར་བ་སྟེ། སྐབས་འདིར་གཟུགས་སྒྱུར་ལ་གོ་དགོས། གཤམ་དུ་ཞིབ་ཕྲར་དབྱེ་ཞིབ་བྱས་ན། དང་ཐོག་དབྱངས་ཀྱི་སྒྱུར་ཚུལ་ལ། དབང་རྡོར་གྱིས“དབྱིན་ཡིག་གི་དབྱངས་ཡིགA,E,I,O,Uལྔ་པོར་བོད་ཡིག་ཏུ་ཨ(སྲོག་ཞུགས)། ཨེ། ཨི། ཨོ། ཨུ། ལ་སྦྱར་ཡོད”③ཅེས་གསུངས་པ་དང་། སྒྱུར་ཚུལ་དེ་ནི་ཚེ་རིང་བཀྲ་ཤིས་ཀྱི་སྒྱུར་ཐབས་དང་ཡང་ཡོངས་སུ་གཅིག་མཐུན་བྱུང་ཡོད། དཔེར་ན།“Hamlet”ཞེས་པ“ཧམ་ལེཀྲི”རུ་སྒྱུར་བ་སྟེ། དེའི་ནང་གི་དབྱངས“e”དེ་བོད་ཡིག་ཏུ“ཨེ”རུ་བསྒྱུར་ཡོད། དེ་བཞིན“Polonius”ཞེས་པ“པོ་ལོ་ནིའུསི”རུ་བསྒྱུར་བ་སྟེ། དེའི་ནང་གི་དབྱངས“o”དེ“ཨོ”རུ་སྒྱུར་བ་དང“i”དེ“ཨི”རུ་བསྒྱུར་ཡོད།དེ་མིན་དབྱིན་སྐད་ནང་དབྱངས་ཉིས་བརྩེགས་ཅན(Vowel Digraphs)མི་ཉུང་བ་ཞིག་ཡོད། དམིགས་བསལ་དབྱངས་དེ་དག་གི་སྒྱུར་ཚུལ་ཐད་ལའང་དབང་རྡོར་ལ་རང་ཉིད་ཀྱི་ཐབས་ལམ་ཡོད་དེ། ཁོང་གིས“au”“ui”“io”“ou”སོགས་རིམ་བཞིན“ཨའུ”“ཨུའི”“ཨིའོ”“ཨོའུ”ལྟར་བསྒྱུར་ཡོད། དཔེར་ན། དབང་རྡོར་གྱིས“Horatio”ཞེས་པ“ཧོ་ར་ཀྲིའོ”རུ་བསྒྱུར་ཡོད། འོན་ཀྱང་བསླབ་གཞིའི་ནང་དུ“ཧོ་ར་ཐོ”ཞེས“t”དེ“ཐ”དང་།དབྱངས་ཉིས་བརྩེགས“io”དེ“ཨོ”གཅིག་པུས་མཚོན་པར་བྱས་ཡོད། བསླབ་གཞི་ལྟར་བསྒྱུར་ཚེ་དབྱངས“i”ཡི་སྒྲ་དེ་བརླག་པར་འགྱུར། འདིར་དབང་རྡོར་གྱི་སྒྱུར་ཚུལ་དབྱངས“io”དེ“ཨིའོ”རུ་སྒྱུར་བ་ནི་ཤིན་ཏུ་ལེགས་པར་མཐོང་སྟེ། དེ་ལྟར་བསྒྱུར་ཚེ་དབྱིན་ཡིག་གི་དབྱངས“i”དང“o”གཉིས་ཀའི་སྒྲ་ཆད་ལུས་མེད་པར་བོད་སྐད་དུ་ཇི་མ་ཇི་བཞིན་ཐོན་ཐུབ། དེས་ན“Horatio”ཞེས་པ“ཧོ་ར་ཋིའོ”རུ་བསྒྱུར་ཆོག་པར་སྙམ། དེ་ལས་དབྱིན་ཡིག་གི་གསལ་བྱེད“t”དེ“ཋ”རུ་སྒྱུར་ཚུལ་གཤམ་དུ་རྗེས་འཇུག་གི་སྒྱུར་ཚུལ་འཆད་སྐབས་ཞིབ་ཏུ་གླེང་བར་བྱ།

གཉིས་པ། གསལ་བྱེད་ཀྱི་སྒྱུར་ཚུལ།

གསལ་བྱེད་ཀྱི་སྒྱུར་ཚུལ་ལ་དབང་རྡོར་གྱིས“མིང་གཞི་རྣམས་ལ་མགོ་ཅན་ནམ་སྔོན་འཇུག་སོགས་མི་དགོས་པར་གསལ་བྱེད་རྐྱང་པ་ཁོ་ན་སྤྱད་ཡོད”④ཅེས་པ་ལྟར། ཁོང་གིས་དབྱིན་ཡིག་གི་གསལ་བྱེད་རེ་རེ་ལ་བོད་ཡིག་ཏུ་དེ་དང་མཐུན་པའི་གསལ་བྱེད་རེ་གཏན་འཁེལ་གྱིས་སྦྱར་ཡོད། འདིར་དཔེ་མཚོན་གྱིས་གསལ་བྱེད་འགའི་སྒྱུར་ཚུལ་ལ་དབྱེ་ཞིབ་བྱས་ན། དཔེར་ན།“Polonius”ནང་གི“P”དེ་ཁོང་གིས“པ”སྟེ“པོ་ལོ་ནིའུསི”རུ་བསྒྱུར་ཡོད། “P”ཡི་སྒྱུར་ཚུལ་གཞན་ལ་བསླབ་གཞི་ཡི་ནང་དུ“ཕ”རུ་སྒྱུར་བ་སྟེ“ཕོ་ལོ་ནུ་སེ”རུ་བྲིས་ཡོད། དབྱིན་སྐད་དུ“P”ནི་སྒྲ་མེད་ཀྱི་ཡི་གེ་ཡིན་པ་དང་། བོད་སྐད་ལ་ཆ་བཞག་ན།“པ”“ཕ”གཉིས་ཀྱང་སྒྲ་མེད་ཀྱི་ཡི་གེ་ཡིན་པས། དེ་གཉིས་ཀར་བསྒྱུར་ཆོག་མོད། འོན་ཀྱང་དབྱིན་སྐད་སྦྱོར་ཀློག་གི་ཚེ་ན།“P”ནི“ཕ”དང་སྒྲ་མཚུངས་པས། འདིར“ཕ”རུ་བསྒྱུར་ན་ལེགས་པར་སྙམ་ལ། ཚེ་རིང་བཀྲ་ཤིས་ཀྱི་དཔྱད་རྩོམ་དུའང“ཕ”རུ་བསྒྱུར་ཡོད། དེའི་ནང་གི་དབྱངས་ཉིས་བརྩེགས་ཅན“iu”དེ་གོང་དུ་བརྗོད་ཟིན་པའི་དབང་རྡོར་གྱི་སྒྱུར་ཐབས་ལྟར“ཨིའུ”རུ་བསྒྱུར་ནས“Polonius”ཞེས་པ“ཕོ་ལོ་ནིའུསི”རུ་བསྒྱུར་ཆོག་པར་སྙམ།ཡང་དཔེར་ན།“d”ཡི་སྒྱུར་ཚུལ་ལ། དབང་རྡོར་གྱིས“Denmark”ཞེས་པ“གྲེན་མག”ཏུ་སྒྱུར་བ་སྟེ“གྲ”རུ་བསྒྱུར་ཡོད་པ་དང་། བསླབ་གཞིའི་ནང་དུ“ཏེན་མག”ཞེས“ཏ”དང་། ཚེ་རིང་བཀྲ་ཤིས་ཀྱིས“ཌེན་མར་ཀྀ”ཞེས“ཌ”རུ་བསྒྱུར་ཡོད། གཞན་ཡང“ཊ”“དྷ”“རྡ”⑤སོགས་ལ་བསྒྱུར་པའང་ཡོད། གལ་ཏེ་དབང་རྡོར་གྱི་ལུགས་ལྟར“གྲ”རུ་བསྒྱུར་ན་ག་ལ་ར་བཏགས་ཞུགས་པས། གོང་དུ་བཤད་པའི་ཁོང་རང་ཉིད་ཀྱི་འགྱུར་གྱི་རྩ་དོན་མིང་གཞི་རྣམས་ལ་མགོ་ཅན་ནམ་སྔོན་འཇུག་སོགས་མི་དགོས་པར་གསལ་བྱེད་རྐྱང་པ་ཁོ་ན་སྤྱད་ཡོད་ཅེས་པ་དེ་དང་འགལ་འདུག དབྱིན་ཡིག་གི་གསལ་བྱེད“d”ནི་སྒྲ་ལྡན་གྱི་ཡི་གེ་ཡིན་པས། བོད་ཡིག་ཏུའང་ཆ་མཐུན་པར་སྒྲ་ལྡན་དུ་བསྒྱུར་ན་ལེགས། འདིར“གྲ”དང“ཏ”“ཊ”གསུམ་ནི་སྒྲ་མེད་ཡིན། དེ་ནས་སྤྱིར་དབྱིན་སྐད་དུ“d”ཡི་སྒྲ་ནི“ཌ”“དྷ”“རྡ”གསུམ་ལས“ཌ”དང་ཐག་ཉེ་བས། འདིར“ཌ”རུ་བསྒྱུར་ན་ལེགས་པར་སྙམ་སྟེ།“Denmark”ཞེས་པ“ཌེན་མག”ཏུ་བསྒྱུར་ཆོགཡང་དཔེར་ན། དབང་རྡོར་གྱིས“Gertrude”ཞེས་པ“ཇེར་ཀྲུརུ་གྲེ”རུ་སྒྱུར་བ་སྟེ། “g”དེ“ཇ”རུ་བསྒྱུར་ཡོད་པ་དང་། བསླབ་གཞིའི་ནང་དུ“ལྗེ་ཋུ་ཏེ”སྟེ“ལྗ”རུ་བསྒྱུར་ཡོད། གཞན་ཚེ་རིང་བཀྲ་ཤིས་ཀྱིས“རྗ”རུ་བསྒྱུར་ཡོད། དབྱིན་སྐད་དུ“g”ཡི་སྒྲ་ནི“ལྗ”འམ“རྗ”ཡི་སྒྲ་དང་མཚུངས་པ་ཡིན། དེ་བས་བོད་ཡིག་ཏུ་མི་མིང་འབྲི་སྐབས་སྤྱིར་ར་མགོ་ཅན་གྱི་རྗ་དེ་བེད་སྤྱོད་ཀྱི་ཡོད་དེ། དཔེར་ན། མི་མིང“རྡོ་རྗེ”དང“རྗེ་བཙུན”ཞེས་པ་ལྟ་བུ་ཡིན། དེས་ན་འདིར“g”དེ་བོད་ཀྱི་མི་མིང་འབྲི་སྲོལ་དང་མཐུན་པར“རྗ”རུ་བསྒྱུར་ན་ལེགས་པར་སྙམ། གཞན་དབྱིན་སྐད་དུ“tr”ཡི་སྒྲ་ནི“ཋ”དང་མཐུན་པས“ཋ”རུ་བསྒྱུར་ཆོག་པར་སྙམ་པ་དང་།“d”དེ“ཌ”རུ་བསྒྱུར་ཆོག་པས།“Gertrude”ཞེས་པ“རྗེར་ཋུ་ཌེ”ཞེས་པར་བསྒྱུར་ན་ལེགས་སྙམ།

གསུམ་པ། རྗེས་འཇུག་གི་སྒྱུར་ཚུལ།
རྗེས་འཇུག་གི་སྒྱུར་ཚུལ་ཐད་ལའང་དབང་རྡོར་ལ་རང་ཉིད་ཀྱི་ཐབས་ལམ་ཡོད་དེ། དཔེར་ན།ཁོང་གིས“Hamlet”ཞེས་པ“ཧམ་ལེཀྲི”ཞེས“t”དེ“ཀྲ”རུ་བསྒྱུར་ཡོད། འདིར་དམིགས་བསལ་ཞིག་ལ། ཁོང་གིས“ལེ”དང“ཀྲི”དབར་གྱི་ཚེག་སྤངས་ཏེ་ཐད་ཀར་སྒྲ་ཚིགས་སྔོན་མར་སྦྱར་ཡོད། དེའི་སྒྱུར་ཚུལ་གཞན་ལ་བསླབ་གཞིའི་ནང་དུ“ཧམ་ལེ་ཐེ”ཞེས“ཐེ”དང་། ཤ་འབྲུག་འཚོའི་དཔྱད་རྩོམ་དུ“ཧ་མོ་ལེ་ཐུ”⑥སོགས་སུ་བསྒྱུར་ཡོད། དེ་ཡང“ཧ་མོ་ལེ་ཐུ”ཞེས་པ་ནི་རྒྱ་འགྱུར“哈姆莱特”འམ“哈姆雷特”ཞེས་པའི་ཤན་ཞུགས་པ་མངོན་གསལ་ཡིན། དེ་ཡང་དང་ཐོག“t”ཡི་སྒྱུར་ཚུལ་ལ། དབྱིན་ཡིག་ཏུ“t”ཡི་ཀློག་ཚུལ་ནི“Tནི་གསལ་བྱེད་སྐབས‘ཐ’ལྟར་ན་ཡང་། སྔོན་རྗེས་ཞུགས་པའི་དངོས་གཞིའི་སྐབས་སུ‘ཋ’དང་ཆ་མཐུན་པར་ཀློག་པས‘ཋ’ཞེས་བྲིས་ན་ལེགས”⑦ཞེས་པ་ལྟར།“ཋ”འམ“ཁྲ”ཡི་སྒྲ་ལྟར་བསྒྱུར་ན་ལེགས། དེ་ནས་གཟུགས་ཀྱི་ཐད་ནས“d”དེ“ཌ”རུ་སྒྱུར་བ་དང་ཆ་མཐུན་པར་གཅིག་གྱུར་གྱིས་འདིར“t”དེ“ཋ”རུ་བསྒྱུར་ན་ལེགས་པར་མཐོང་།དེ་ནས་ཚེག་ཐུང⑧སྤྱད་དང་མི་སྤྱད་ཀྱི་ཐད་ལ། དབང་རྡོར་གྱི་འགྱུར་ཡིག་གི་ཐུན་མིན་ཁྱད་ཆོས་གཙོ་བོ་ནི།“དབྱིན་ཡིག་ཏུ‘S, T, D’ལྟ་བུས་རྗེས་འཇུག་གི་ནུས་པ་འདོན་སྐབས་དེ་རྣམས་ལ་བོད་ཡིག་ཏུ་མཚུངས་པའི་རྗེས་འཇུག་མེད་སྟབས། སི། ཀྲི། གྲི། སོགས་ཚབ་ཏུ་སྤྱད་ནས་དེ་དག་རྗེས་འཇུག་གི་མཚན་ཉིད་ལས་མི་འགལ་བའི་ཆེད་བར་དུ་ཚིག་ཐུང་མི་དགོས་པར་ཚིག་སྔོན་མར་སྦྱར་ནས་བྲིས་ཡོད།”⑨ཅེས་པ་དེ་ཡིན། གལ་ཏེ་དབང་རྡོར་གྱི་ལུགས་ལྟར་ཚེག་ཐུང་སྤངས་ཚེ། གཅིག་ནས་དབྱིན་ཡིག་གང་དེ་སྐབས་འདིར་རྗེས་འཇུག་གི་ནུས་པ་འདོན་པའི་ཡི་གེ་ཡིན་པ་མཚོན་ཐུབ་པས། དབྱིན་ཡིག་གི་རྗེས་འཇུག་གི་མཚན་ཉིད་དང་མི་འགལ་བ། གཉིས་ནས་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་སྒྲ་ཚིགས་གཅིག་མཚུངས་སུ་འགྲོ་བ། གསུམ་ནས་དེ་ནི་གཟུགས་སྒྱུར་གྱི་ཐབས་ལམ་ཡིན་པས་སྒྲ་སྒྱུར་ལས་ཐོན་པའི་འགྱུར་འདྲ་མིན་གྱི་རྙོག་དྲ་དེ་ཞི་ཐུབ་པ་སོགས་ཀྱི་དགེ་མཚན་ལྡན། གལ་ཏེ་ཀུན་གྱིས་དེ་གཅིག་གྱུར་གྱི་ལོ་ཙཱའི་ཐབས་ལམ་ཞིག་ཏུ་བཟུང་ནས་ལག་བསྟར་བརྩི་སྲུང་བྱས་ཚེ། དེའང་གསར་གཏོད་རང་བཞིན་ལྡན་པའི་ཡིག་སྒྱུར་གཅིག་གྱུར་ཡོང་ཐབས་ཀྱི་ཐབས་ཤེས་བཟང་པོ་ཞིག་ཅི་ལ་མིན། འོན་ཀྱང་བར་གྱི་ཚེག་ཐུང་སྤངས་ཚེ་བོད་ཡིག་དེ་ཡ་མ་གཟུགས་སུ་འགྱུར་བ་དང་།
ཀློག་པ་པོས་དང་ལེན་བྱེད་དཀའ་བ། ལ་ལས་དེ་ཡིག་ནོར་ཞིག་ལ་ངོས་འཛིན་པ་སོགས་ཀྱི་སྣང་ཚུལ་མཆིས་པས། ལྗོངས་ཞིང་ལྔའི་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གིས་གཙོས་པའི་རྒྱ་ཆེའི་ལོ་ཙཱ་བ་དང་། ཞིབ་འཇུག་པ་ཚོས་སྤྱིར་བོད་ཡིག་གི་སྦྱོར་བ་དང་མཐུན་པར་སྒྱུར་བ་དེ་གཅིག་མཐུན་ཡིན་པས། འདིར་ཡང་རྒྱ་ཆེའི་ཀློག་པ་པོའི་དང་ལེན་བྱེད་ཚད་དང་ཐམས་ཅད་གོམས་པའི་ལམ་དུ་འགྲོ་བའི་ཆོས་ཉིད་གཙིགས་སུ་བཟུང་ནས་བསྒྱུར་ན་ལེགས་པར་སྙམ་སྟེ། “Hamlet”ཞེས་པ“ཧམ་ལེ་ཋ”རུ་བསྒྱུར་ན་ལེགས་པར་སྙམ།གཞན་དཔེར་ན། དབང་རྡོར་གྱིས“Osrick”ཞེས་པ“ཨོ་སི་རིག”ཏུ་བསྒྱུར་ཡོད་པ་དང་། བསླབ་གཞིའི་ནང་དུ“ཨོ་སེ་རིག”ཏུ་བསྒྱུར་ཡོད། དེའི་ནང་ལས“s”ཡིས་རྗེས་འཇུག་གི་ནུས་པ་འདོན་པའི་སྐབས་སུ་སྤྱིར“སི”རུ་བསྒྱུར།“ck”ནི“ག”ཡི་སྒྲ་དང་མཚུངས་པར་ཐེ་ཚོམ་མེད་པས། འདིར“Osrick”ཞེས་པ“ཨོ་སི་རིག”ཏུ་བསྒྱུར་ཆོག་པར་སྙམ།

མཇུག་སྡོམ།
  སྤྱིར་དབྱིན་སྐད་ཀྱི་མི་མིང་དང་ས་མིང་སོགས་བོད་སྐད་དུ་སྒྱུར་བ་ལ་དོན་སྒྱུར་བ་དང་། ཀློག་སྟངས་སྒྱུར་བ། གཟུགས་སྒྱུར་བ་བཅས་རིགས་གསུམ་ཙམ་བྱུང་ཡོད་པར་མངོན། སྐབས་སུ་བབ་པའི་གླེང་བྱ་དབྱིན་སྐད་ཀྱི་མིང་བོད་སྐད་དུ་སྒྱུར་བ་ལ། གོང་གསལ་སྒྱུར་ཚུལ་ལྟར་གཟུགས་དང་། སྒྲ། སྦྱོར་བ་བཅས་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ་སྟེ། དབྱིན་སྐད་ཀྱི་དབྱངས་དང་གསལ་བྱེད་སོ་སོར་སྐབས་བསྟུན་གྱིས་བོད་སྐད་ཀྱི་དབྱངས་གསལ་རེ་ཐོད་གཏུགས་གཏན་འབེབས་བྱས་རྗེས། མཐར་མ་ལག་དེ་གཏན་འཇགས་སུ་བྱས་ཏེ་དེ་ལ་གཞིགས་ནས་གཟུགས་སྒྱུར་བྱ་བ་ནི། དབྱིན་སྐད་ཀྱི་མིང་བོད་སྐད་དུ་སྒྲ་སོར་འཇོག་བྱེད་ཐབས་ལེགས་པོ་ཞིག་ཏུ་མཐོང་སྟེ། དེ་ལྟར་བསྒྱུར་ཚེ་དབྱིན་སྐད་ཀློག་སྟངས་ལ་ས་ཁུལ་དང་མི་རིགས་ཀྱི་ཁྱད་པར་དང་། ཡང་སྒོས་བོད་སྐད་ལ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་གྱིས་གཙོས་པའི་ཡུལ་སྐད་ཀྱི་ཧེ་བག་ཆེ་བ་གཉིས་ལས་བྱུང་བའི་དབྱིན་སྐད་ཀྱི་མིང་བོད་སྐད་དུ་བསྒྱུར་སྐབས། སྒྱུར་ཚུལ་འདྲ་མིན་སྣ་ཚོགས་ཐོན་པའི་རྙོག་དྲ་དེ་དེ་མ་ཉིད་དུ་ཞི་སྟེ་ཡིག་སྒྱུར་གཅིག་མཐུན་ཡོང་ཐུབ་པ་དང་། ཕྱི་རབས་ཀྱི་དབྱིན་བོད་ལོ་ཙཱ་བ་རྣམས་ལའང་སྟབས་བདེ་ཆེན་པོ་བསྐྲུན་ནུས་པར་སྙམ་མོ། །

① ལྗོངས་ཞིང་ལྔའི་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས། ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི། མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ། [M] སྐད་ཡིག༤ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011:60
② ③ ④ བྲག་གདོང་བཀྲས་གླིང་དབང་རྡོར་གྱིས་བསྒྱུར། ཧམ་ལེཀྲི [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2002:2


⑤ བྱམས་ཕྲུག་གིས་གཙོ་སྒྲིག་བྱས། འཁྲབ་ཁྲིད་པ་དྲུག་ཅུ། [M] མི་རིགས་དཔེ་སྐྲུན་ཁང་། 2018: 75


⑥ ཤ་འབྲུག་འཚོ། ཤེག་སི་པེ་ཡར་གྱི་འཁྲབ་གཞུང། བོད་འགྱུར་ཞིབ་འཇུག [D] ཤེས་རམས་པའི་བསླབ་གནས་དཔྱད་རྩོམ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། 2012:21

⑦ སྒར་བ་ཚེ་རིང་བཀྲ་ཤིས། དབྱིན་ཡིག་མིང་གི་སྒྲ་སྒྱུར་བྱེད་ཐབས་ཐོག་མར་བགྲོ་བ། [J] བོད་ལྗོངས་ཞིབ་འཇུག 2016(3)

⑧ ཚེག་ཐུང་ནི་ཡིག་འབྲུ་ཕན་ཚུན་མི་འཁྲུགས་པའི་ཆེད་དུ་འབྲི་བའི་རྟགས(་)ལ་གོ་བ་ཡིན།

⑨ བྲག་གདོང་བཀྲས་གླིང་དབང་རྡོར་གྱིས་བསྒྱུར། ཧམ་ལེཀྲི [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2002:2


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1