རིམས་འགོག་འཐབ་ས་དང་པོའི་སྨན་པ་ཚེ་རིང་པད་སྒྲོན།

རྩོམ་སྒྲིག་པ།ཡོང་ཁུངས།མངའ་རིས་ཚགས་པར། སྤེལ་དུས། 03-25



          རིམས་ནད་ལ་སྙིང་རྗེ་མེད་རུང་མི་སེམས་ལ་བརྩེ་བ་ལྡན། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་ནད་ཡམས་ཁྲོད་ཏང་ཡོན་མི་རེ་ངོ་རེས་རིམས་ནད་ལས་རྣམ་པར་རྒྱལ་བའི་ཞུམ་མེད་ཀྱི་སྙིང་སྟོབས་ལས་ཁོང་ཚོས་ཁ་ཞེ་གཉིས་མེད་ཀྱིས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལྷག་བསམ་གསལ་པོར་མངོན་པ་བྱས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཛ་དྲག་གི་དུས་སྐབས་སུ་གོས་དཀར་ལྷ་རྗེ་ཚོས་བདེ་འཇགས་དང་བདེ་ཐང་གི་འགོག་སྲུང་འཛིང་རགས་ཤིག་བསྐྲུན་ཡོད།
 
          དེ་རིང་ངོ་སྤྲོད་ཞུ་རྒྱུའི་སྨན་པ་ཁོང་གི་མིང་ལ་ཚེ་རིང་པད་སྒྲོན་ཟེར་ཞིང་གུང་ཁྲན་ཏང་ཡོན་ཞིག་ཡིན། ད་ལྟ་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མི་དམངས་སྨན་ཁང་གི་སྨན་ཞབས་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས་བཞིན་ཡོད། གཞི་རིམ་དུ་མི་ལོ་བཅུ་དྲུག་སྨན་དོན་ལས་ཀ་བྱེད་རིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། རང་འཁྲིའི་ལས་ཀ་ཧུར་ཐག་སྒྲུབ་ཏེ་གང་ས་ཅི་ཐད་ནས་གུང་ཁྲན་ཏང་ཡོན་གྱི་མིག་དཔེ་བཟང་པོ་བཏོན་ཡོད། ད་ལམ་གློ་བུར་དུ་བྱུང་བའི་རིམས་ནད་དེར་རྩྭ་མདའ་རྫོང་མི་དམངས་སྨན་ཁང་གི་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་བྱས་ནས་འཁོར་བཞག་གི་དུས་ཚོད་བློས་བཏང་སྟེ། རིམས་ནད་བཀའ་རྒྱར་བརྩིས་ཤིང་ནད་ཁང་དམག་སར་བྱས་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་གི་ལས་དོན་ཁག་ཡག་པོ་སྒྲུབ་ཡོད། སྨན་དོན་མི་སྣ་མི་རེ་ངོ་རེས་རང་འགུལ་ངང་རིམས་ནད་ཀྱི་འཐབ་ས་དང་པོར་འགྲོ་རྒྱུའི་རེ་ཞུ་བྱས་པ་དང་། ཚེ་རིང་པད་སྒྲོན་ནི་དེའི་ཁྲོད་ཀྱི་ཚབ་མཚོན་པ་ཞིག་རེད། ཁོང་མོས་རང་ཉིད་ཀྱི་ལག་ལེན་ལ་བརྟེན་ནས་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་དོན་འཁྱོལ་བྱས་ཡོད་ལ་རང་ཉིད་ཀྱི་ཞུམ་མེད་སྙིང་སྟོབས་ལ་བརྟེན་ནས་མི་དམངས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱས་ཡོད།

          རིམས་ནད་ལ་འགོག་རྒོལ་བྱེད་རྒྱུ་ནི་དམངས་ཡོངས་ཀྱི་དམག་འཐབ་ཅིག་ཡིན། མ་གཞི་གཞི་རིམ་གྱི་སྨན་པ་ཞིག་ཡིན་རུང་ཁོང་མོ་ནི་ཕ་མ་གཉིས་པོའི་གཅེས་ནོར་དང་བུ་ཕྲུག་གི་བརྩེ་བའི་ཨ་མ་ཞིག་ཀྱང་ཡིན། ཁོང་མོས་སྨན་དོན་མི་སྣ་ཞིག་གི་ངོས་ནས་བརྗོད་ན་རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཞིག་ཡིན་པས་གང་དུ་དགོས་མཁོ་ཡོད་ཀྱང་ངས་དེར་འགྲོ་རྒྱུ་ཡིན་ཞེས་བཤད།
          སྤྱི་ཟླ་1ཚེས་24ཉིན་ནས་བཟུང་ཁོང་མོས་སྨན་ཁང་གི་སྨན་ཞབས་པ་ཡོངས་ཀྱི་སྣེ་འཁྲིད་དེ་བརྟག་དཔྱད་ཁང་དང་། ཚ་རྒྱས་སྒོ་བསྟེན་ཁང་། དུག་སེལ་ཚོགས་ཆུང་བཅས་བཙུགས་ཤིང་། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་རྩྭ་མདར་ལོག་མཁན་གྱི་མི་སྣར་རིམས་ནད་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། སྐབས་འགར་འཁོར་རིགས་དང་མི་སྣ་མང་དྲགས་པས་ལྟོ་ཆས་སྟབས་བདེ་ཡང་དུས་ཐོག་ཏུ་ཟ་རྒྱུ་མེད་མོད། འོན་ཀྱང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཆེད་དུ་ཁོང་མོས་བློ་ཐག་ཆོད་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་བཞིན་ཡོད། ཚེ་རིང་པད་སྒྲོན་གྱི་བྱ་སྤྱོད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་སྐུལ་ལྕག་ཆེན་པོ་ཐེབས་ཤིང་། ཚང་མས་ངེས་པར་དུ་འགོག་སྲུང་ནན་པོ་བྱས་ནས་རིམས་ནད་ཀྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
          རིམས་ནད་ལྟ་ཞིབ་ཚད་ལེན་བྱེད་པར་མི་གཅིག་ཀྱང་མ་ལུས་པ་དང་ཚན་རིག་དང་མཐུན་ཞིང་གཟབ་ནན་བྱེད་དགོས་པ་ལས་ཁྲལ་སེལ་སླ་བཅོས་ཀྱི་རྣམ་འགྱུར་གཏན་ནས་འཛིན་མི་རུང་། རིམས་ནད་ཐོན་པ་ནས་བཟུང་ཁོང་མོས་སྨན་ཞབས་པའི་སྣེ་འཁྲིད་དེ་ཐོག་མཐའ་བར་གསུམ་དུ་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟན་སྲུང་བྱས་ཤིང་། རྒྱུན་དུ་ཁོང་མོས་གཙོ་བོ་མི་སྣ་ཐོ་འགོད་དང་། ཚ་བ་ལྟ་བ། རླངས་འཁོར་ལ་དུག་སེལ་བྱེད་པ་བཅས་ཀྱི་འགན་འཁུར་གྱི་ཡོད་སྟབས་རིམས་ནད་འགོས་ཉེན་དེ་བས་ཆེ། ཉིན་གཅིག་གི་ལས་ཀ་ཚར་རྗེས་འགོག་སྲུང་ཁ་རས་བཤུ་སྐབས་ངོ་གདོང་ལས་རྗེས་ཤུལ་ཟབ་མོ་ཞིག་མངོན་པ་མ་ཟད་འགོག་སྲུང་གྱོན་ཆས་ཀྱི་གཟུགས་པོ་ཚང་མ་རློན་པ་ཆགས་ཡོད་པ་རེད། ཡིན་ཡང་སྨན་དོན་མི་སྣ་ཞིག་དང་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་ཀྱི་འཐབ་ས་དང་པོར་བསྐྱོད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དུ་རང་ཉིད་ཀྱི་འཆི་གསོན་དང་བདེ་སྡུག་བློས་གཏོང་བྱེད་བཞིན་ཡོད།
          ཁོང་མོས་རང་དཔེ་གཞན་སྟོན་གྱིས་རང་ཉིད་ཀྱི་ཁྱིམ་ཚང་དང་ཉེ་འགྲམ་གྱི་ལས་རོགས་ནས་འགོ་བཙུགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་གཏོང་བའི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། རྫོང་དྲིལ་བསྒྲགས་ཚན་པ་དང་མཉམ་འབྲེལ་ཐོག་དྲིལ་བསྒྲགས་བརྙན་ལམ་དང་སྦྱར་ཡིག་བཟོ་བ། སྤྱི་ཕན་བརྙན་ལམ་པར་ལེན་སོགས་ལ་བརྟེན་ནས་ལག་པ་བཀྲུ་སྟངས་དང་ཁ་རས་རྒྱག་སྟངས། མང་ཚོགས་ཀྱི་ཁང་པའི་ནང་གི་དུག་སེལ་བྱ་ཐབས་བཅས་ཀྱི་འགོག་སྲུང་གི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་འཐབ་ས་དང་པོའི་སྨན་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་རང་ཉིད་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་གལ་ཆེན་པོར་གྱུར་ཡོད་པས། ཁོང་མོས་རྟག་ཏུ་ལས་བྲེལ་ཇི་ལྟར་ཆེ་ཡང་དུས་ཚོད་ཁོམ་པ་བྱུང་མ་ཐག་ལས་རོགས་ཚོར་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཚད་ལྡན་དུ་གཏོང་བའི་འབྲེལ་ཡོད་སློབ་ཚན་སློབ་ཁྲིད་བྱེད་ཀྱི་ཡོད།
          ཚེ་རིང་པད་སྒྲོན་གྱིས་མཆི་མས་ཁེངས་པའི་མིག་མཐར་ཕུར་མཉེད་བྱེད་བཞིན་ལས་ཀའི་དམིཊ་བསལ་རང་བཞིན་གྱི་རྐྱེན་པས་རྟག་ཏུ་ནང་མིའི་འཁྲིས་སུ་སྡོད་ཐབས་མི་འདུག ངས་བྱེད་ཐུབ་པ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀ་ཡག་པོ་སྒྲུབ་རྒྱུ་དེ་རེད། དེ་ནི་ངས་ད་ལྟ་བྱེད་དགོས་ངེས་ཀྱི་ལས་ཀ་ཞིག་ཡིན་ལ་ནང་མིར་དྲིན་ལན་འཇལ་ཐབས་ཡག་ཤོས་ཞིག་ཀྱང་རེད་ཅེས་ཤོད་ཀྱི་ཡོད།  སྤྱི་སྒེར་གཉིས་ཀྱི་བདམ་གར་ཐུག་དུས་ཁོང་མོས་བློ་ཐག་ཆོད་པོས་ཁྱིམ་ཚང་བློས་བཏང་ནས་རིམས་ནད་དང་འཐབ་འཛིང་མཐར་ཕྱིན་པ་བྱེད་བཞིན་ཡོད།
          རིམས་ནད་ནི་བཀའ་རྒྱ་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན། ཚེ་རིང་པད་སྒྲོན་གྱིས་དེང་རབས་ཀྱི་སྨན་པ་གཞོན་ནུ་ཚོས་ལྷག་བསམ་ཟོལ་མེད་ངང་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་གང་ལེགས་མངོན་གྱི་ཡོད། ཁོང་མོས་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣ་གཞན་དང་འདྲ་བར་ལོ་གསར་རིང་ནང་མི་དང་མཉམ་འཛོམས་ཀྱི་དུས་ཚོད་བློས་བཏང་སྟེ། འགོས་ནད་ཕོག་པའི་ཉེན་ཁར་མི་འཛེམས་པར་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར་བསྐྱོད་དེ་ལས་རོགས་ཚོ་དང་མཉམ་དུ་ཀུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ཆོད་སེམས་མཚོན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་གོས་དཀར་ལྷ་རྗེའི་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་པ་བྱས་ཡོད།   

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1