གཙོ་ངོས།>> གླིང་གེ་སར།>>ཞིབ་འཇུག

པདྨ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༦ཉིན།

༄༅།།གླིང་གེ་སར་རྒྱལ་པོའི་སྒྲུང་གི་ལྷ་ཀླུ་གཉན་གསུམ་གྱི་སྡེ་ཚན་ལས་འཕྲོས་ཏེ་རིག་གནས་མཚོན་དོན་ལ་དཔྱད་པ།


པདྨ་རྒྱལ།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་སྤྱིར་གླིང་སྒྲུང་དུ་བོད་ཀྱི་ཡ་ཐོག་སྲིད་པའི་ལྷ་འདྲེའི་སྡེ་ཚོགས་ནས་གཡུང་དྲུང་བོན་གྱི་ལྷ་ཚོགས་དང་བོད་བརྒྱུད་ནང་བསྟན་གྱི་སངས་རྒྱས་བྱང་སེམས་ནས་དམ་ཅན་བསྟན་སྲུང་རྒྱ་མཚོའི་ལྷ་ཚོགས་སོགས་ཀྱི་བར་ཕལ་ཆེར་མ་འདུས་པ་ཞིག་མེད་ཅེས་བརྗོད་ཆོག་ཚུལ་དང་། གླིང་སྒྲུང་གི་ལྷ་ཚོགས་ལ་རྩ་བའི་ལྷ་བདུད་ཀྱི་དབྱེ་སྒོ་ལས་གཞན་ད་དུང་དབྱེ་བསྡུའི་རྣམ་པ་ཤིན་ཏུ་གལ་ཆེན་ཞིག་ཡོད་པ་ནི་ལྷ་ཀླུ་གཉན་ཞེས་སྡེ་ཚན་གསུམ་གྱི་དབྱེ་ཚུལ་ཡོད་པ་དེ་ནི་གླིང་སྒྲུང་གི་ལྷ་ཚོགས་མ་ལག་ཁྲོད་ཀྱི་ཡོངས་ཁྱབ་དབྱེ་བསྡུ་ཞིག་དང་གླིང་གེ་སར་རྒྱལ་པོའི་སྐྱེ་རྒྱུད་དང་འབྲེལ་བའི་ལྷ་ཚོགས་ཀྱི་སྡེ་ཚན་མ་ལག་ཅིག་ཏུ་གྱུར་ཡོད་ཚུལ། ཁྱད་པར་གླིང་སྒྲུང་གི་ལྷ་ཀླུ་གཉན་གསུམ་གྱི་སྡེ་ཚན་དང་དེའི་རིག་གནས་ཀྱི་མཚོན་དོན་ཇི་ལྟར་ཡིན་སྐོར་སོགས་ལ་དཔྱད་པ་རགས་ཙམ་བྱས་ཡོད།
[གནད་ཚིག] གླིང་སྒྲུང་། ལྷ་ཚོགས་སྡེ་ཚན། ལྷ་ཀླུ་གཉན་གསུམ། རིག་གནས་ཀྱི་མཚོན་དོན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I29.7[ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།]1002-946X (2019)04-104-12   
        དང་པོ། གླིང་སྒྲུང་གི་ལྷ་ཀླུ་གཉན་གསུམ་གྱི་སྡེ་ཚན་སྤྱིར་བསྟན་པ།
        ལྷ་ཚོགས་ཀྱི་མ་ལག་བང་རིམ་གསུམ་དུ་དབྱེ་བ་ནི་བོད་ཀྱི་གདོད་མའི་ལྷ་ཚོགས་ཀྱི་དབྱེ་སྲོལ་གཙོ་བོ་ཞིག་ཡིན་ཞིང་། གླིང་སྒྲུང་གི་ལྷ་ཚོགས་སྡེ་ཚན་མ་ལག་གི་རྩ་བའི་དབྱེ་ཚུལ་ཡང་སྤྱིར་ན་དེ་ལས་མ་འདས་ཏེ།  གླིང་སྒྲུང་ཡོངས་གྲགས་སུ་ལྷ་ཀླུ་གཉན་གསུམ་ཞེས་བྱུང་བ་ལྟ་བུ་ཡིན། བྱེ་བྲག་ལ་དྭགས་ཀྱི་《གཤམ་ཡུལ་ནས་འཆད་པའི་ཀེ་སར་སྒྲུངས་》ཞེས་པར་ལྷ་ཀླུ་བཙན་གསུམ་ཞེས་དང་། དེ་བཞིན་གླིང་སྒྲུང་གི་སྒྲུང་ཁག་མང་པོའི་ཁྲོད་དུའང་རྟག་པར་བཙན་གྱི་སྐོར་བྱུང་མོད། དེའི་ལྷ་ཚོགས་མ་ལག་གི་དབྱེ་བསྡུ་གཙོ་བོ་ནི་ལྷ་ཀླུ་གཉན་གསུམ་ཞེས་སྲིད་པ་གསུམ་གྱི་ལྷ་ཚོགས་རྣམས་སྟེང་འོག་བར་གསུམ་གྱི་བང་རིམ་དུ་བྱས་ནས་དབྱེ་ཡོད་བས། དེ་ནི་གླིང་སྒྲུང་གི་ལྷ་ཚོགས་ཀྱི་སྡེ་ཚན་གྲུབ་ཚུལ་དང་དབྱེ་སྒོ་གཙོ་བོ་ཞིག་ཏུ་གྱུར་ཡོད། དཔེར་ན། 《གངས་རི་ཤེལ་རྫོང་》ལས། “སྟེང་ནས་ལྷ་དམག་རུ་དར་ཕྱོར། ། བར་ནས་གཉན་དམག་དར་མདུང་ཐོགས། ། འོག་ནས་ཀླུ་དམག་ཐོག་སེར་སྦྲན། །”ཞེས་དང་།《སྟེ་གླིང་གཡུལ་འགྱེད་》ལས།  “དཀར་པོ་ལྷ་ཡིས་རྫུ་འཕྲུལ་སྟོན། ། བར་མ་གཉན་གྱིས་འཁྲུག་པ་འཛིན། ། འོག་མ་ཀླུ་ཡིས་གནོད་འཚེ་གཏོང་། ། དེ་གསུམ་འཛོམས་ན་དཀའ་ཚེགས་མེད། །”①ཅེས་དང་། 《ཙ་རི་སྨན་རྫོང་》ལས། “བསྭོ་ནམ་མཁའི་ཁམས་ནས་ལྷ་དམག་བྱོན། ། ཉི་ཟླ་སྤྲིན་ནག་ཡོལ་བས་སྒྲིབས། ། གནམ་ལྕགས་ཐོག་གིས་རི་བྲག་སྙིལ། ། སེར་བས་མི་རྟ་ཐམས་ཅད་ཆོམས། ། འབྲུག་སྒྲ་གློག་དམར་སྒྲ་ཡིས་ཁོངས། ། བར་སྣང་ཁམས་ནས་གཉན་དམག་བྱོན། ། བསྐལ་བའི་རླུང་ཆེན་བདུན་འགྱུར་གྱི། ། དྲག་པོའི་རླུང་ནག་འཚུབ་མ་གཡུགས། ། གནམ་ལྕགས་ཐོག་དང་ལག་པ་སྦྲེལ། ། མི་ལ་གནོད་པའི་ལམ་འཕྲང་འདིའི། ། ས་རྡོ་རི་བྲག་ཐམས་ཅད་ཆོམས། ། ས་གཞིའི་ཁམས་ནས་ཀླུ་དམག་བྱོན། ། བསྐལ་བ་འཇིག་པའི་ཆུ་ཆེན་བཞིན། ། མཚོ་འཕྱུར་ཆུ་ལོག་རླབས་ཀྱིས་ཁེངས། ། ཐོག་རླུང་གཉིས་དང་དཔུང་བ་གཤིབས། ། ལམ་འགག་འདི་ཡི་ས་རྡོ་དང་། ། འགག་སྒོ་ཐམས་ཅད་ཆུ་ཡིས་ཤིགས། །”②ཞེས་པ་སོགས་ལྟར། གླིང་སྒྲུང་གི་སྒྲུང་ཁག་ཕལ་མོ་ཆེས་གླིང་ཕྱོགས་ཀྱི་ལྷ་ཚོགས་སྡེ་ཚན་ནི་བང་རིམ་གསུམ་གྱི་བདག་ཉིད་དུ་གྲུབ་ཚུལ་བསྟན་ཡོད་པ་མ་ཟད། ད་དུང་གླིང་གི་དགྲ་ཟླའི་སྟོབས་ཤུགས་ཁག་གི་མཆོད་ཡུལ་ཡང་དེ་ལྟར་བང་རིམ་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་པར་བསྟན་ཡོད་པ་དཔེར་ན། 《གངས་རི་ཤེལ་རྫོང་》ཁྲོད་ཀྱི་ལ་དྭགས་གངས་རི་རྒྱལ་པོའི་གསོལ་མཆོད་ཀྱི་ཚིག་ལས། “དགུང་སྔོན་ཡངས་པའི་གཞལ་ཡས་ནས། ། ར་ཧུ་གཟའ་བདུད་རྒྱལ་པོ་མཆོད། ། རྒྱལ་སྲིད་རི་བས་བརྟན་པར་ཤོག ། མ་ཕམ་མཚོ་ཡི་གཏིང་རིམ་ནས། ། ཀླུ་བདུད་གདོལ་བ་ནག་པོ་མཆོད། ། བློ་གྲོས་མཚོ་ལས་ཟབ་པར་ཤོག ། ཏི་སེ་གངས་ཀྱི་གཞལ་ཡས་ནས། ། གཉན་ཆེན་མ་ཧཱ་དེ་ཝ་མཆོད། །”③ཅེས་དང་། 《ཧོར་གླིང་གཡུལ་འགྱེད་》ལས། “ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། ། ལྷ་བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། ། ལྷ་མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །”④ཞེས་དང་། ཡང་《མོན་གླིང་གཡུལ་འགྱེད་》ལས། “ཡར་མཁྱིན་གནམ་གྱི་དབང་ཕྱུག་མཁྱེན། ། བར་མཁྱེན་དགའ་རབ་དབང་ཕྱུག་མཁྱེན། ། མར་མཁྱེན་ཡར་ལྷ་དྲག་བཙན་མཁྱེན། །”⑤ཞེས་པ་སོགས་རྟག་ཏུ་བང་རིམ་གསུམ་ལྡན་གྱི་ཚུལ་དུ་བྱུང་བ་ལྟ་བུ་ཡིན། དེ་དག་ལས་གནམ་ས་བར་སྣང་དུ་གནས་པའི་ཐེའུ་རང་དཀར་ནག་ཁྲ་གསུམ་ནི་གླིང་གི་དགྲ་ཟླའི་ཕྱོགས་ཀྱི་མཆོད་ཡུལ་གཙོ་བོ་ཡིན་ཞིང་། དེ་དག་ཀྱང་སྟེང་འོག་བར་བཅས་བང་རིམ་གསུམ་གྱི་ཚུལ་དུ་གྲུབ་ཡོད་པ་རེད།
        གླིང་སྒྲུང་གི་ལྷ་ཀླུ་གཉན་གསུམ་དུ་གཙོ་བོ་ལྷ་ཚོགས་གང་དག་འདུ་ཚུལ་ནི་གཤམ་གྱི་སྒྲུང་ཁག་གཉིས་ལས་བྱུང་བའི་གེ་སར་གྱི་ལྷ་ཚོགས་སྤྱན་འདྲེན་གྱི་གླུ་ཚིག་ལས་ཅུང་གསལ་པོར་ངེས་ཐུབ་པ་ཡིན་ཏེ། 《ཧོར་གླིང་གཡུལ་འགྱེད་》ལས། “ལྷ་ཀི་ཀི་ཀི་ལ་བསྭོོ་བསྭཽ་བསྭཽ། ། ཀི་ཀི་ལྷ་ཡི་འབོད་པ་ཡིན། ། བསྭཽ་བསྭཽ་ཝེར་མའི་སྣ་འདྲེན་ཡིན། ། སྤྱི་བོ་བདེ་ཆེན་འཁོར་ལོ་ནས། ། ཆོས་སྐུ་ཀུན་ཏུ་བཟང་པོ་མཁྱེན། ། མགྲིན་པ་ལོངས་སྤྱོད་འཁོར་ལོ་ནས། ། ལོངས་སྐུ་ཐུགས་རྗེ་ཆེན་པོ་མཁྱེན། ། ཐུགས་ཀ་བདེ་ཆེན་འཁོར་ལོ་ནས། ། སྤྲུལ་སྐུ་པདྨ་འབྱུང་གནས་མཁྱེན། ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། ། ཡབ་མི་འགྱུར་རྡོ་རྗེ་འཆང་ཆེན་མཁྱེན། ། ཡུམ་མི་འགྱུར་ཆོས་ཀྱི་རྒྱལ་མོ་མཁྱེན། ། སྲས་མི་འགྱུར་རྒྱལ་བ་རྒྱ་མཚོ་མཁྱེན། ། འཁོར་མི་འགྱུར་དཔའ་བོ་མཁའ་འགྲོ་བཅས། ། བན་སངས་རྒྱས་ཆོས་ཀྱི་སྲུང་མ་དང་། ། བོན་གཡུང་དྲུང་བསྟེན་པའི་དགྲ་ལྷ་སོགས། ། ང་སྐྱེས་བུའི་ལུས་ལ་འཁྲི་བའི་མགོན། ། དེ་ཐམས་ཅད་སྐྱེས་བུའི་གྲོགས་ལ་བྱོན། ། ཧོར་གུར་དཀར་གཉའ་སྒ་སྟོད་རོགས་མཛོད། ། འོད་གསལ་དུང་གི་གཞལ་ཡས་ནས། ། ལྷ་ཆེན་ཚངས་པ་དཀར་པོ་བྱོན། ། གནམ་ལྕགས་ཐོག་གི་འགྲིམ་ལམ་ནས། ། གཉན་ཆེན་སྐུ་ལྷ་གེར་འཚོ་བྱོན། ། མ་དྲོས་ཀླུ་ཡི་ཕོ་བྲང་ནས། ། ཀླུ་རྒྱལ་གཙུག་ན་རིན་ཆེན་བྱོན། ། གངས་དཀར་ཏི་སེའི་སྐུ་མཁར་ནས། ། ཨ་ནེ་གུང་སྨན་རྒྱལ་མོ་བྱོན། ། དགྲ་ལྷའི་ཁྲ་ཚང་གོང་མ་ནས། ། ཕུ་བོ་དུང་སྐྱོང་དཀར་པོ་བྱོན། ། གེར་འཚོ་སྤེན་ལུང་ཕྱུག་མོ་ནས། ། ནུ་བོ་ཀླུ་སྦྲུལ་འོད་ལྡན་བྱོན། ། སྤྲུལ་བའི་ཨ་ལོང་གོང་གསེང་ནས། ། དགྲ་ལྷ་གཉན་སྟག་དམར་པོ་བྱོན། ། མི་བསྐྱོད་བྲག་ར་སྒོམ་ཁང་ནས། ། སྲིང་མོ་རྒོད་ལྕམ་དམར་མོ་བྱོན། །”⑥ཞེས་པ་དང་། 《ཙ་རི་སྨན་རྫོང་》དུ་གེ་སར་གྱིས་ཨ་མྱེས་རྨ་ཆེན་གྱི་ལ་བཙས་བསྟོད་ནས་བསང་མཆོད་ཀྱི་ཆོ་ག་རྒྱ་ཆེན་པོ་ཞིག་སྤེལ་བའི་སྐབས་ཀྱི་ལྷ་འབོད་གླུ་ཚིག་ལས།  “ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདིས། ། སྐྱབས་གནས་དཀོན་མཆོག་གསུམ་པོ་བསང་། ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ། བླ་མ་པདྨ་འབྱུང་གནས་བསང་། ། བྱིན་རླབས་ཐུགས་རྗེའི་མཐུ་དཔུང་སྐྱེད། ། ཡི་དམ་ཞི་ཁྲོ་རབས་འབྱམས་མཁྱེན། ། རྐྱེན་ངན་བར་ཆད་མཐའ་དག་སོལ། ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བསང་། ། གང་འདོད་འཕྲིན་ལས་ཁ་ལོ་སྒྱུར། ། ལྷ་ཆེན་ཚངས་པ་དཀར་པོ་དང་། ། གཉན་ཆེན་སྐུ་ལྷ་གེར་མཛོ་དང་། ། ཀླུ་རྒྱལ་གཙུག་ན་རིན་ཆེན་སོགས། ། ལྷ་ཀླུ་གཉན་གསུམ་ཐམས་ཅད་བསང་། ། ཕུ་བོ་དུང་སྐྱོང་དཀར་པོ་དང་། ། ནུ་བོ་ཀླུ་སྦྲུལ་འོད་ལྡན་དང་། ། དགྲ་ལྷའི་གཉན་སྟག་དམར་པོ་དང་། ། སྲིང་མོ་རྒོད་ལྕམ་དཀར་མོ་སོགས། ། ལྷན་སྐྱེས་སྤྲུལ་བའི་ལྷ་འཁོར་བསང་། ། གངས་དཀར་ཤེལ་གྱི་ཕོ་བྲང་ནས། ། དགེ་བསྙེན་རྨ་རྒྱལ་སྤོམ་ར་ལ། ། ཕ་ཡབ་སེ་རི་ངང་ཡག་དང་། ། མ་ཡུམ་རྡོ་རྗེ་དྲག་རྒྱལ་མ། ། གསང་ཡུམ་གོ་མིན་ལྷ་རི་བཅས། ། རྨ་སྟོད་རྩེ་ལྷ་བཅུ་གསུམ་དང་། ། རྨ་སྨད་མཐོན་པོ་དགུ་སྒྲིག་དང་། ། རྨ་ཉིན་ལུང་ཆེན་བཅོ་བརྒྱད་དང་། ། རྨ་སྲིབ་བྲག་ར་དགུ་སྐོར་སོགས། ། རྨ་ཡུལ་དག་པའི་སྡེ་ཚོགས་བསང་། ། རྫ་ཆེན་སེང་གེ་གནམ་མཆོང་ནས། ། གཉན་ཆེན་སེ་བོ་དགུ་སྒྲིག་ལ། ། ཕ་ཡབ་གངས་དཀར་ཏི་སེ་དང་། ། མ་ཡུམ་མ་ཕམ་གཡུ་ཡི་མཚོ། ། བཙུན་མོ་ལྷ་གཡང་སྒྲོལ་མ་དང་། ། ནུ་བོ་བཙན་པོ་གཡུ་རྒན་དང་། ། ཚ་བོ་གཉན་ཆེན་ཐང་ལྷ་དང་། ། གསེར་སྟོད་བྲག་ལྷ་མགོན་པོ་དང་། ། མཐོན་པོ་གཡུ་བུན་ཕྱུག་མོ་སོགས། ། ཡར་འཁོར་སུམ་བརྒྱ་དྲུག་ཅུ་བཅས། ། རྨ་སྨད་ཡུལ་གྱི་སྲུང་མ་བསང་། ། སྲིད་པའི་དགྲ་ལྷ་མཆེད་དགུ་སོགས། ། དགྲ་ལྷའི་དམག་ཚོགས་ཐམས་ཅད་བསང་། ། ལྷ་མགོན་དྲང་མཁན་བཅུ་གསུམ་སོགས། ། ཐུགས་ཀར་ཅོང་སེ་སུམ་བརྒྱ་བསང་། ། སྲིད་པ་ཆགས་པའི་ལྷ་དགུ་དང་། ། རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། ། མ་ཡུམ་བསྟན་མ་བཅུ་གཉིས་སོགས། ། སྣང་སྲིད་དྲེག་པའི་སྡེ་ཚོགས་བསང་། །......སྲིད་པའི་རླུང་རྟ་སྡེ་བཞི། ། རླུང་རྟའི་ལོ་ལྷ་བཅུ་གཉིས་དང་། ། འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ། ། དཔའ་བར་བྱེད་པའི་མགོན་བྱེད་ལྔ། ། ཡུལ་ལྷ་ཟོ་དོར་གཉན་པོའི་དཔུང་། ། རང་ཕྱོགས་བུ་རྟའི་ཁ་འཛིན་དང་། ། དགྲ་བོའི་དཔའ་སྙིང་ཞུམ་པ་དང་། ། བསྟན་དགྲ་ལོག་པའི་སྙིང་ཁྲག་རོལ། །”⑦ཞེས་པ་སོགས་གེ་སར་གྱི་ལྷ་འབོད་རིང་མོའི་ནང་དུ་སྒྲུང་ཁག་ཕལ་མོ་ཆེ་ལས་རྒྱུན་དུ་འབྱུང་བའི་གླིང་ཕྱོགས་ཀྱིས་མཆོད་པའི་ལྷ་ཚོགས་ཕལ་ཆེར་འདུས་ཡོད་པ་ལས་ཤེས་ཐུབ། དེ་ལྟར་བོད་ཡུལ་གྱི་ལྷ་ཚོགས་མང་པོ་ཞིག་དང་སྒོས་སུ་གླིང་གི་མཆོད་ཡུལ་དུ་གྱུར་བའི་ལྷ་ཚོགས་ཀྱི་རྣམ་གྲངས་མང་པོ་ཞིག་ཕྲེང་བ་བསྟར་རྒྱུས་ཀྱི་ཚུལ་དུ་ཡོད་པ་འདིས་གླིང་སྒྲུང་ཁྲོད་ཀྱི་མཆོད་བསྟོད་ཀྱི་གཏན་འཇགས་སྒྲིག་རིམ་ཞིག་གྲུབ་ཡོད། དེས་ན་གཏན་འཇགས་སྒྲིག་རིམ་ཞེས་པ་ནི་ངག་ཐོག་གཏན་འཇགས་སྒྲིག་རིམ་གཞུང་ལུགས་སམ་ཕཱ་ལི་-ལོ་ཏིའི་གཞུང་ལུགས་(帕里一洛德理论)ལས་བྱུང་བའི་སྒྲུང་རབས་དང་བཅས་པའི་ངག་ཐོག་རྩོམ་རིག་གསར་རྩོམ་གྱི་ཐབས་ལམ་གཙོ་བོ་ཞིག་དང་ཚིག་སྦྱོར་སྤེལ་སྟངས་ཀྱི་རྩ་བའི་ཆོས་ཉིད་ཅིག་ཡིན། དེ་ནི་ངག་ཐོག་རྩོམ་རིག་གི་ཁྲོད་ཡང་ནས་བསྐྱར་དུ་འབྱུང་བའི་མིང་ངམ་ཚིག་གམ་ཚིག་གི་ཚོགས་པ་ཞིག་ཡིན་ཞིང་། དེའི་ནང་དོན་ནི་ངག་ཐོག་སྙན་ཚིག་གི་སྲོལ་རྒྱུན་བརྗོད་གཞི་ལས་གྲུབ་པ་ཞིག་ཡིན། མཐར་གཏུགས་ན་མི་རིགས་ཐུན་མོང་ལ་མེས་རབས་ནས་བག་ཆགས་ཀྱི་ཚུལ་གྱིས་བརྒྱུད་པའི་གནའ་བོའི་ཤེས་རིག་གི་ས་བོན་ཞིག་ཡིན་པ་དང་། དེ་ནི་མི་རིགས་གང་དེའི་རྩོམ་རིག་བརྩམས་ཆོས་སོགས་ལས་མངོན་གྱི་ཡོད། དཔེར་ན། 《མངའ་རིས་གསེར་རྫོང་》ལས།  “སྟེང་མི་མངོན་ནམ་མཁའི་དབྱིངས་རུམ་ནས། ། ལྷ་ཆེན་ཚངས་པ་དཀར་པོ་མཆོད། ། བར་མི་འགྱུར་སྤྲིན་དཀར་ཕོ་བྲང་ནས། ། གཉན་ཆེན་ཨ་བོ་གེར་འཛོ་མཆོད། ། འོག་མ་དྲོས་ཀླུ་ཡི་ཕོ་བྲང་ནས། ། ཀླུ་དུང་སྐྱོང་མི་མགོན་དཀར་པོ་མཆོད། །”⑧ཅེས་པ་དང་། 《གླིང་དཔའ་རྟུལ་བརྒྱད་ཅུའི་རྣམ་ཐར་》ལས། “དགུང་སྔོན་ལྷ་ཡི་གཞལ་ཡས་ནས། ། ཚངས་པ་དཀར་པོའི་སྡེ་ཚོགས་མཆོད། ། བར་སྣང་གཉན་གྱི་ར་བ་ནས། ། གེར་མཛོད་གཉན་པོའི་ལྷ་ཚོགས་མཆོད། ། འོག་ཕྱོགས་ཀླུ་ཡི་ཡུལ་ཁམས་ནས། ། གཙུག་ན་རིན་ཆེན་སྡེ་ཚོགས་མཆོད། །”⑨ཅེས་པ་ལྟ་བུ་ནི་སྒྲུང་ཁག་ཐ་དད་པ་གཉིས་ལས་བྱུང་བའི་ལྷ་ཚོགས་མཆོད་བསྟོད་ཀྱི་ཚིག་ཡིན་ནའང་། ནང་དོན་དང་ཚིག་གི་སྡེབ་སྦྱོར་གང་གི་ཐད་ནས་ཀྱང་ཤིན་ཏུ་འདྲ་བ་རེད། དེ་ལས་ཆིག་སྦྱོར་དེ་འདྲ་བ་ནི་གླིང་སྒྲུང་གི་ཆེས་རྨང་གཞིར་གྱུར་བའི་ལྷ་ཚོགས་སྐོར་གྱི་གཏན་འཇགས་སྒྲིག་རིམ་ཞིག་ཡིན་པ་རྟོགས་ཐུབ། དེ་བས་གོང་ཞུས་《ཧོར་གླིང་གཡུལ་འགྱེད་》དང་《ཙ་རི་སྨན་རྫོང་》གཉིས་ལས་བྱུང་བའི་གེ་སར་གྱི་ལྷ་འབོད་སྐོར་གྱི་གཏན་འཇགས་སྒྲིག་རིམ་ལས་སྒྲུང་ཁག་དེ་གཉིས་ལ་ཐུན་མོང་དུ་ཡོད་པའི་ལྷ་ནི། སློབ་དཔོན་པདྨ་འབྱུང་གནས་དང་། སྟོད་ལྷ་ཆེན་ཚངས་པ་དཀར་པོ། གཉན་ཆེན་སྐུ་ལྷ་གེར་འཛོ། ཀླུ་རྒྱལ་གཙུག་ན་རིན་ཆེན། དགྲ་ལྷ་གཉན་སྟག་དམར་པོ། ཕུ་བོ་དུང་སྐྱོང་དཀར་པོ། ནུ་བོ་ཀླུ་སྦྲུལ་འོད་ཆུང་། སྲིང་མོ་རྒོད་ལྕམ་དཀར་མོ་བཅས་ཡིན་པར་མཐོང་ལ། ང་ཚོས་སྒྲུང་ཁག་མང་པོ་ཞིག་གོ་བསྡུར་ཏེ་བལྟས་ན་གླིང་སྒྲུང་གི་སྲོལ་རྒྱུན་བརྗོད་གཞིར་གྱུར་བའི་ལྷ་ཚོགས་གཙོ་བོ་དག་ནི་ལྷ་ཀླུ་གཉན་གསུམ་ཡིན་པ་ཤིན་ཏུ་གསལ། དེ་ཡང་སྟེང་འོག་བར་གསུམ་གྱི་བང་རིམ་གྱི་སྒོ་ནས་གཏན་འཇགས་ཀྱི་རྣམ་པར་གྲུབ་ཡོད། དེས་ན་འཇར་མན་པ་ཧྥུ་རན་ཁོ་ཡིས་དུས་རབས་སྔོན་མའི་དུས་འགོ་ཙམ་ལ་ལ་དྭགས་ནས་བསྡུ་སྒྲིག་བྱས་པའི་《གཤམ་ཡུལ་ནས་འཆད་པའི་ཀེ་སར་སྒྲུངས་》ལས། “རུ་ཅོ་གཡས་པ་ལ་ལྟུམ་པ་བཅོ་བརྒྱད་རིག་འཕུད་ཡིན་ནོ། ། ལྟུམ་པ་གཅིག་ནིལྷའི་དབང་པོ་བརྒྱ་བྱིན་ལ་འཕུལ་ཡིན་ནོ། ། ལྟུམ་པ་གཅིག་ནི་བར་བཙན་གྱི་ཨ་མ་སྐྱབས་བདུན་ལ་འཕུལ་ཡིན་ནོ། ། ལྟུམ་པ་གཅིག་ནི་འོག་ཀླུའི་ཀླུ་རྒྱལ་ལྗོགས་པོ་ལ་འཕུལ་ཡིན། ། ལྟུམ་པ་གཅིག་ནི་ཕ་ལྷ་སྐྱེར་རྫོང་སྙན་པོ་ལ་འཕུལ་ཡིན། ། ལྟུམ་པ་གཅིག་ནི་མ་ལྷ་བཀུར་དམན་རྒྱལ་མོ་ལ་འཕུལ་ཡིན། ། ལྟུམ་པ་གཅིག་ནི་གླིང་གི་དཔའ་བོ་བཅོ་བརྒྱད་ལ་འཕུལ་ཡིན། །”⑩ཞེས་ནང་དོན་གྱི་ཆ་ནས་བར་གཉན་གྱི་ཚབ་ལ་བཙན་བགྲངས་ཡོད་པ་དང་། གླིང་སྒྲུང་གི་དཔར་གཞི་འགའ་རེ་ལས་ཀྱང་འདི་ལྟ་བུའི་སྣང་ཚུལ་རེ་གཉིས་ཙམ་མཐོང་རྒྱུ་ཡོད་མོད། ལྷ་ཚོགས་སྤྱིའི་སྒྲིག་རིམ་དང་རྣམ་པ་ནི་གླིང་སྒྲུང་སྤྱིའི་ལྷ་ཚོགས་ཀྱི་གཏན་འཇགས་སྒྲིག་རིམ་དང་རྣམ་པ་སོགས་དང་འདྲ་བར་བྱུང།
        གཞན་ཡང་《མངའ་རིས་གསེར་རྫོང་》ལས། “ཤར་ཕྱོགས་ལྷ་དམག་དཀར་པོ་གདའ། ། ལྷ་དམག་སེང་ཕྲུག་རྩེ་རྩེ་རེད། ། ལྷོ་ཕྱོགས་གཉན་དམག་སེར་པོ་གདའ། ། གཉན་དམག་གཟིག་ཕྲུག་རྩེ་རྩེ་རེད། ། ནུབ་ཕྱོགས་བཙན་དམག་དམར་པོ་གདའ། ། བཙན་དམག་སྟག་ཕྲུག་རྩེ་རྩེ་རེད། ། བྱང་ཕྱོགས་ཀླུ་དམག་སྔོན་པོ་གདའ། ། ཀླུ་དམག་གཡུ་འབྲུག་རྩེ་རྩེ་རེད། །”⑾ཅེས་པ་ལྟར། གླིང་སྒྲུང་དུ་ད་དུང་ལྷ་ཀླུ་གཉན་བཙན་ཕྱོགས་བཞིར་བཀོད་ནས་འདྲེན་ཚུལ་ཞིག་ཀྱང་ཡོད་མོད། དེ་ཡང་ཡོངས་ཁྱབ་རང་བཞིན་ཅན་གྱི་སྒྲིག་རིམ་ཞིག་མིན་པས། ཆེད་དུ་གླེང་བར་མི་བྱ་ལ། གཉན་དང་བཙན་གཉིས་མཉམ་དུ་བགྲང་བའམ་ཕན་ཚུན་བརྗེ་བ་ནི་དམངས་ཁྲོད་ཀྱི་གསོལ་མཆོད་ཁག་ལས་རྟག་ཏུ་མཐོང་བའི་སྣང་ཚུལ་ཞིག་ཀྱང་རེད།
        ལྷ་ཀླུ་གཉན་གསུམ་བང་རིམ་དུ་བྱས་པའི་ལྷ་ཚོགས་ཀྱི་སྡེ་ཚན་སྒྲིག་རིམ་འདི་ནི་གླིང་སྒྲུང་ཁོ་ནའི་སྣང་ཚུལ་ཞིག་མ་ཡིན་པར། གནའ་བོའི་བན་བོན་ཐུན་མོང་གི་ལྷ་ཚོགས་དབྱེ་བསྡུའི་རྣམ་པ་ཞིག་ཀྱང་ཡིན་ཏེ། དཔེར་ན། 《སྲིད་པ་སྤྱི་སྐོང་གི་མདོས་》ལས། “ཚན་ཁྲུས་ཕུལ་བ་ནི། ཡཾ་རཾ་མཾ་ལཾ་ཨཾ་སང་ངོ་། ཚང་མ་ཚན་ཆབ་ཀྱི་སྟེང་ན་ལྷ་ཙང་ངོ་། བར་ན་གཉན་ཙང་ངོ་། འོག་ན་ཀླུ་ཙང་ངོ་། ཡར་ལ་གཞི་ཙང་ངོ་། བཤམས་པའི་རྫས་ཙང་ངོ་། རྟེན་སའི་མཁར་ཙང་ངོ་”⑿ཞེས་དང་། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལག “བརྫུན་དུ་མ་སྨྲ་ཞིག བརྫུན་དུ་སྨྲས་ན། ལྷ་ཀླུ་གཉན་དགུ་ལ་ཡང་བཅོལ་ནས་བྲོ་འདོར་དུ་འཇུག་གོ་བྱ་བ་ལ་སོགས་པའི་དགེ་བ་བཅུའི་ཁྲིམས་བཅས་ཏེ་”⒀ཞེས་དང་། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ལས། “བོན་གྱི་དཔེ་རྙིང་རྣམས་ལས་སྲིད་པའི་གྲོལ་ཕུག་ཏུ་གནམ་གྱི་ལྷ་དང་ས་འོག་གི་ཀླུ་དང་། བར་སྣང་གི་གཉན་ཞེས་སྐྱེ་འགྲོའི་གཙོ་བོ་གསུམ་དུ་བཞག་ཡོད་པ་དེ་དག་ལས། གནམ་གྱི་ལྷ་ཞེས་པ་ནི་གནམ་རིམ་པ་བཅུ་གསུམ་གྱི་ཡང་ཐོག་ཏུ་གནས་པའི་ཁྱད་པར་ཅན་གྱི་སྐྱེ་འགྲོ་ཞིག་ཡིན་པ་དང་། ཀླུ་ཞེས་པ་ནི་ས་འོག་གམ་རྒྱ་མཚོ་ལ་དབང་བྱེད་པའི་སྐྱེ་འགྲོ་ལྷ་ལས་དམན་པ་ཞིག་ཡིན་པ་དང་། གཉན་ཞེས་པ་ནི་ས་གཞིའམ་བར་སྣང་གི་ཁམས་ལ་དབང་བྱེད་པའི་སྐྱེ་འགྲོ་དེའང་ལྷ་ལས་དམན་པ་ཞིག་ཡིན་པར་ངོས་འཛིན་སྲོལ་བྱུང་འདུག་”⒁ཅེས་ལྷ་ཀླུ་གཉན་གསུམ་བང་རིམ་དུ་དབྱེ་བ་ནི་བོད་ཀྱི་ལྷ་སྒྲུང་གི་ལྷ་ཚོགས་དབྱེ་བསྡུའི་སྣང་ཚུལ་གལ་ཆེན་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ།
        གཉིས་པ། གླིང་སྒྲུང་གི་ལྷ་ཀླུ་གཉན་གསུམ་གྱི་ལྷ་ཚོགས་སྡེ་ཚན་ལས་འཕྲོས་པའི་རིག་གནས་མཚོན་དོན། 
        གཅིག ལྷ་ཀླུ་གཉན་གསུམ་གྱི་སྡེ་ཚན་དང་བོད་ཀྱི་རང་བྱུང་སྣོད་བཅུད་ཀྱི་བང་རིམ་གྲུབ་ཚུལ།
        སྤྱིར་ལྷ་སྒྲུང་ནི་གདོད་མའི་ཤེས་རིག་གི་སྣང་ཚུལ་གལ་ཆེན་ཞིག་ཡིན་པ་མ་ཟད། མིའི་ཤེས་རྟོགས་འཕེལ་རིམ་གྱི་ལོ་རྒྱུས་ཀྱི་དཔང་རྟགས་གཙོ་བོ་ཞིག་ཀྱང་ཡིན། དེས་མིའི་རིགས་ཀྱི་སྤྱི་ཚོགས་དེ་གདོད་མའི་རུས་རྒྱུད་ནས་ཚོ་ཁག་དང་། རིམ་བཞིན་ཚོ་ཁག་མནའ་འབྲེལ་དུ་འཕེལ་འགྱུར་བྱུང་ཚུལ་དང་། མཐར་མི་རིགས་དང་རྒྱལ་ཁབ་བྱུང་ཚུལ་གྱི་ལོ་རྒྱུས་སྤྱིའི་རྣམ་པ་ཡང་དངོས་བརྒྱུད་གང་རུང་ནས་མཚོན་གྱི་ཡོད། དེང་རབས་མིའི་རིག་པའི་ལུགས་སུ་ལྷ་སྒྲུང་བྱུང་འཕེལ་སྐོར་ལ་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད་ཅིང་། དེ་དག་ལས་གྲགས་ཆེ་བ་ནི་“བླ་ཀུན་ཁྱབ་ཀྱི་འདུ་ཤེས་”(万物有灵论)སམ་གནའ་རབས་ཀྱི་སྣང་སྲིད་ལྷའི་རྣམ་རོལ་དུ་མཐོང་བའི་འདུ་ཤེས་ཞེས་པ་སོགས་ཡིན།   
        དེ་ཡང་གདོད་མའི་མིའི་རིགས་ཀྱིས་ཐོག་མར་ཕྱི་སྣོད་ཀྱི་ཁམས་ཐམས་ཅད་ལ་ཡང་ནང་གི་འགྲོ་བ་སེམས་ཅན་ལྟར་བླ་སྲོག་ལྡན་པ་ཁོ་ནར་འདོད་པ་མ་ཟད། རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་པ་དང་དེ་དག་གི་འཕོ་འགྱུར་སྣ་ཚོགས་པའི་ཤུགས་ན་འཇིག་རྟེན་ལས་འདས་པའི་མི་མངོན་པའི་སྟོབས་ཤུགས་དུ་མ་ཞིག་གནས་ཤིང་། སྟོབས་ཤུགས་དེ་དག་གིས་འཇིག་རྟེན་ཁམས་ཀྱི་བྱ་དངོས་ཡོད་ཚད་ལ་ཚོད་འཛིན་དབང་བསྒྱུར་བྱེད་པར་འདོད་པས། དེ་རྗེས་རིམ་བཞིན་རང་བྱུང་དངོས་ཆས་ལྷར་འཛིན་གྱི་འདུ་ཤེས་བྱུང་བ་དང་། དེའི་ཉེར་ལེན་གྱིས་འཇིག་རྟེན་ཁམས་སུ་སྣང་སྲིད་ཀྱི་ལྷ་འདྲའི་རྣམ་གྲངས་མཐའ་ཡས་པ་ཞིག་ཡོངས་སུ་དར་བ་ཡིན། དེའི་སྐབས་ཀྱི་ལྷ་ཚོགས་ཀྱི་སྣང་བརྙན་ཡང་མངོན་གསལ་མེད་པར་དངོས་ཆས་རང་མཚན་པ་དང་སྲོག་ཆགས་སོགས་ཀྱི་གཟུགས་བརྙན་ཡིན་པར་བརྗོད། སྐབས་དེའི་“སྤྱི་ཚོགས་ཀྱི་སྒྲིག་གཞིའི་ཐད་ན་ད་དུང་གླེང་དགོས་པ་འགའ་རེ་ཡོད་པ་ནི། རུས་རྒྱུད་རེ་ལ་ཁྱད་པར་གྱི་རུས་བླ་ཁྱུ་ཚན་རེ་ཡོད་ཅིང་། ཁོ་ཚོའི་ས་ཁོངས་ནང་དུ་བླ་ན་མེད་པའི་རུས་བླའི་ལྟེ་གནས་ཤིག་ཡོད་ངེས་ཡིན། གཞན་ཡང་ཁོ་ཚོའི་གནས་ཡུལ་ཁུལ་དང་བླ་མེད་ཀྱི་གནས་དེ་དག་གི་ས་དབྱིབས་རྣམ་པའི་ཁྱད་ཆོས་བྱུང་རབས་སྐོར་གྱི་ལྷ་སྒྲུང་དང་། རང་བྱུང་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་རང་བཞིན་སྲུང་འཛིན་གྱི་ཆེད་དུ་དམིགས་ནས་སྒྲུབ་པའི་ཆོ་ག་ཡང་ཡོད། རུས་རྒྱུད་སོ་སོར་རང་ཉིད་ཀྱི་རུས་བླ་ཡོད་པས་རང་ཤོག་དང་གཞན་ཕྱོགས་ཀྱི་ཁྱད་པར་འབྱེད་པ་རེད་”⒂ཅེས་གདོད་མའི་སྤྱི་ཚོགས་སུ་ལྷ་མང་སྣང་ཚུལ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རུས་རྒྱུད་དང་ཚོ་ཤོག་གི་རུས་བླའི་དད་མོས་དང་ཡབ་མེས་ཀྱི་ལྷའི་མཆོད་བཀུར་ལས་བྱུང་བར་བརྗོད།
        ལྷ་ཀླུ་གཉན་གསུམ་གྱི་རིགས་དབྱེ་ནི་བོད་ཀྱི་གདོད་མའི་ལྷ་ཚོགས་ཀྱི་རྩ་བའི་དབྱེ་ཚུལ་ཞིག་དང་བོད་ཀྱི་རང་བྱུང་ལྷ་སྒྲུང་གྲུབ་ཚུལ་གྱི་མ་ལག་ཅིག་ཀྱང་ཡིན། དེ་ནི་བོད་ཡུལ་གྱི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཀྱི་རྟེན་ཅིང་འབྲེལ་བའི་གྲུབ་སྟངས་སྐོར་གྱི་གདོད་མའི་འདུ་ཤེས་སྣང་ཚུལ་ཞིག་དང་། བོད་ཡུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་སྒྲིག་གཞིའི་མ་ལག་གི་ཤུགས་བསྟན་མཚོན་དོན་ལས་འཕྲོས་པའི་ཤེས་རྟོགས་ཀྱི་བརྡ་རྟགས་མ་ལག་ཅིག་ཡིན། སྤྱིར་རང་རེའི་སྔོན་གྱི་ལོ་རྒྱུས་རྣམས་སུ་འཇིག་རྟེན་ནི་ཟླུམ་པོའི་ཏོག་གི་ཚུལ་དུ་གྲུབ་པ་ལ། གངས་ཅན་བོད་ཡུལ་འདིའི་ཕྱི་སྣོད་ཀྱི་བཀོད་པའི་གྲུབ་ཚུལ་ནི།“སྟོད་མངའ་རིས་སྐོར་གསུམ་རྫིང་གི་ཚུལ། ། བར་དབུས་གཙང་རུ་བཞི་ཡུར་བ་འདྲ། ། སྨད་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ། །”⒃ཞེས་དང་། ནང་བཅུད་ཀྱི་སེམས་ཅན་གྱི་གྲུབ་ཚུལ་ནི། “མངའ་རིས་སྐོར་གསུམ་ཤྭ་རྐྱང་རི་དྭགས་གླིང་། ། བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་། ། སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་། །”⒄ཞེས་གདོད་མའི་རང་བྱུང་ཁམས་ཀྱི་སྣོད་བཅུད་ཀྱི་བཀོད་པའི་རྣམ་པ་སྤྱི་ལྡོག་ནས་མྱོང་གྲུབ་བཞིན་དུ་བསྟན་ཡོད། དེའི་ཚུལ་བྱེ་བྲག་ཏུ་བརྗོད་ན། བོད་ཡུལ་འདི་ནི་གངས་རིའི་ར་བས་བསྐོར་བའི་བསིལ་ལྡན་གྱི་ཞིང་ཁམས་དང་། ཨེ་ཤ་ཡ་ཤར་ལྷོའི་གཙང་ཆེན་ཕལ་ཆེར་གྱི་འབྱུང་ཁུངས་སུ་གྱུར་ཅིང་། སྲིད་ན་མཐོ་ཞིང་བརྗིད་པའི་རི་རྒྱུད་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། གཡུ་ཡི་མེ་ལོང་ཕྱིས་འདྲའི་མཚེའུ་བགྲངས་ལས་འདས་པ་རྣམས་ནི་ཡུལ་འདིའི་སྣོད་བཅུད་ཀྱི་བཀོད་པའི་ཁྱད་ཆོས་གཙོ་བོ་དག་ཡིན་ཞིང་། དེ་དག་གིས་རང་རེའི་བོད་ཀྱི་ཡུལ་གྲུ་འདི་འཛམ་གླིང་གི་ཡུལ་ཁམས་གཞན་གང་དང་ཡང་ཤིན་ཏུ་མི་འདྲ་བའི་རང་བྱུང་ཁམས་ཤིག་ཏུ་གྲུབ་ཡོད་པ་རེད། ཡུལ་འདི་ན་ནམ་མཁའི་མཐོངས་སུ་བསྙེགས་པའི་སྲིད་པའི་གངས་རི་མཐོན་པོ་རྩེ་མོ་སྤྲིན་དཀར་དང་ན་བུན་གྱི་སྟོད་གཡོགས་ཀྱིས་རྟག་ཏུ་བཀླུབས་ནས་གསང་བའི་རྫུ་བག་ལ་བརྟེན་པ་དང་། སྐེད་པ་གཡའ་རི་དང་ནགས་རི། བྲག་རི། སྤང་རི་སོགས་གཟུགས་དང་རྣམ་པ་མ་ངེས་པ་སྣ་ཚོགས་སུ་མཐོང་བ། ལ་ལ་བརྗིད་ཉམས་ཀྱིས་མངོན་པར་ཕྱུག་ཅིང་། ལ་ལ་ངམ་གྲོག་གཡང་གཟར་འཇིགས་རུང་གི་རྣམ་པར་གྲུབ་ལ། འགའ་རེ་ནི་ཉམས་དགའི་དབེན་གནས་དང་མཛེས་སྡུག་གི་ཞིང་བཀོད་དུ་སྣང་བ་སོགས། མདོར་ན་མཚར་སྣང་དང་སྒྱུ་འཕྲུལ་གྱིས་ཕྱུག་པའི་ཡུལ་ཁམས་ཤིག་ཏུ་གྲུབ་ཡོད་པ་རེད། དེ་ལྟ་བུའི་རང་བྱུང་སྣོད་ཀྱི་ཞིང་ཁམས་འདི་བདག་གིར་བཟུང་བའི་ནང་སེམས་ཅན་གྱི་ཁམས་ནི་མཁའ་དབྱིངས་ན་འཕུར་རྩལ་དང་སྐྱེན་འགྱུར་གྱིས་ལྡིང་བའི་ཁྲ་གླག་རྒོད་གསུམ་སོགས་འདབ་ཆགས་ཀྱི་རིགས་མང་པོ་དང་། བར་གྱི་ནགས་རི་དང་སྤང་ལྗོངས་སུ་སྟག་སྤྱང་དོམ་དྲེད་སོགས་རྔམ་པའི་གཅན་གཟན་སྣ་ཚོགས་དང་མཆོང་རྒྱུགས་ཀྱི་མྱུར་རྩལ་ཡོངས་སུ་རྫོགས་པའི་ཤྭ་རྐྱང་སོགས་རི་དྭགས་ཀྱི་ཚོགས་རྣམས་བག་ཡངས་སུ་རྩེན་པ། ཆུ་མཚོ་དང་ས་འོག་ཀུན་ན་ཉ་སྦལ་སྦྲུལ་ལ་སོགས་སྲོག་ཆགས་ཀྱི་རིགས་མང་དུ་གནས་པ། དེ་དག་རྣམས་ཀྱང་ལྗོངས་འདིའི་སྣོད་བཅུད་ཀྱི་བཀོད་པའི་བང་རིམ་དང་བསྟུན་ནས་གདོད་མ་ནས་ཆགས་ཡོད། དེ་ཡང་ས་གཞིའི་སྟེང་དུ་འཚོ་ཞིང་གནས་པའི་འགྲོ་བ་མིའི་མཐོང་སྣང་དང་བསྟུན་ཏེ། མིའི་འགྲོ་བ་དང་ཉེ་ཞིང་འབྲེལ་བ་དམ་པའི་རི་སྐྱེས་སྲོག་ཆགས་དང་གཅན་གཟན་དག་ལས་གཞན་མཁའ་དབྱིངས་སུ་གཤོག་རྩལ་གྱིས་བསྐྱོད་པའི་འདབ་ཆགས་ཀྱི་ཚོགས་དང་། མཚོ་ཆུ་དང་ས་འོག་ཏུ་གནས་པའི་སྲོག་ཆགས་ཀྱི་ཚོགས་བཅས་སྟེང་འོག་བར་གསུམ་དུ་དབྱེ་ཡོད་པས། ཕྱིའི་སྣོད་ཀྱི་བང་རིམ་གྲུབ་ཚུལ་དང་མཐུན་པར་ནང་བཅུད་ཀྱི་སེམས་ཅན་ལ་ཡང་གྲུབ་ཚུལ་གྱི་བང་རིམ་གསུམ་དུ་ངེས་པ་རེད།  དཔེར་ན།《གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་》ལས། “དེ་ཡང་ཁྱད་པར་འཛམ་གླིང་དབུས ༔ རིའོ་(བོ་)གངས་ཅན་ཏི་ཙ་ནི ༔ གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ ༔ ཆུ་ཞེང་དཔག   ཚད་ལྔེ་བརྒྱའོ ༔ རི་ནི་སྤོས་རི་ངད་ལྡན་དང ༔ བར་ན་མཚོ་ནི་མ་ཏྲོས་པ ༔ ”⒅ཞེས་དང་། 《གནས་ཆེན་གངས་རི་མཚོ་གསུམ་ཆུ་བོ་བཞི་དང་བཅས་པ་གཏན་ལ་དབབ་པ་ལུང་དོན་སྣང་བར་བྱེད་པའི་མེ་ལོང་》ལས་གངས་རི་ཏི་སེའི་སྐོར་བཤད་པའི་སྐབས་སུ “མཛོད་ཀྱི་ལེའུ་གསུམ་པ་འཇིག་རྟེན་བསྟན་པར། འདི་ནས་བྱང་དུ་རི་ནག་པོ། ། དགུ་འདས་གངས་རི་དེ་ནས་ནི། ། སྤོས་ངད་ལྡན་པའི་ཚུ་རོལ་ན། ། ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། ། ཞེས་པའི་རང་འགྲེལ་ལས། ཛ་མྦུའི་གླིང་འདིའི་བྱང་ཕྱོགས་ཛམྦུའི་གླིང་འདི་ཉིད་ན་རི་ནག་པོ་གསུམ་ཡོད་དོ། དེ་དག་འདས་ནས་ཡང་གསུམ་ཡོད་དོ། དེ་འདས་ནས་ཡང་གསུམ་ཡོད་དོ། རི་ནག་པོ་དགུ་པོ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ། གངས་རིའི་ཕ་རོལ་སྤོས་ངད་ལྡན་པའི་ཚུ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ། གང་ལས་ཆུ་བོ་ཆེན་པོ་བཞི་པོ་གངྒ་དང་། སིན་དྷུ་དང་། སི་ཏ་དང་། པཀྵུ་རྣམས་འབབ་པ་ཡོད་དོ་”⒆ཞེས་དང་། 《བྲག་དཀར་པོའི་གནས་ཡིག་བཀོད་པ་རྒྱ་མཚོའི་སྤྲིན་ཕུང་》ལས། “དེ་ལྟར་རྒྱ་གར་རྒྱ་ནག་ཁམས་འཇང་དང་། ། ལི་ཡུལ་ཁ་ཆེ་མངའ་རིས་བལ་པོ་དང་། ། དབུས་གཙང་རུ་བཞི་ལ་དྭགས་སྨྱལ་ལྷོ་མོན། ། རྐོང་ཡུལ་ལ་སོགས་པད་འབྱུང་གདུལ་བྱའི་ཞིང་། ། གནས་ཆེན་ཁྲི་དང་གནས་ཕྲན་སྟོང་ལ་སོགས། ། ངོ་མཚར་བསམ་ཡས་རྒྱལ་བས་གསུངས་ལགས་ཀྱང་། ། བྱིན་རླབས་ཆེ་ཆུང་རང་གི་སེམས་ལ་ལུས། ། རང་སྣང་མ་དག་དད་མོས་མེད་གྱུར་ན། ། ཀུན་ནས་ཀུན་ཀྱང་ས་རྡོའི་རང་བཞིན་མཐོང་། ། ཙ་རི་ཞེས་ཀྱང་ཤིང་རོང་ལུང་སྟོང་མཐོང་། ། ཏི་སེར་གསུངས་ཀྱང་ཁ་བ་ཕུང་ཞིག་མཐོང་། ། ལ་ཕྱི་ཟེར་ཡང་ཆུ་ཡི་རང་བཞིན་འདྲ། ། མཚོ་ཆེན་བཞི་ཡང་མཇལ་ཚེ་དེ་རང་ཙམ། ། བྲག་ཕུག་ཆེན་པོ་བརྒྱད་ཅེས་རྒྱང་གྲགས་ཆེ། ། རི་བོ་རྩེ་ལྔ་གླང་ཆེན་ལ་སོགས་པ། ། དངོས་སུ་མཇལ་ཚེ་དེ་ལྟར་སྣང་རེ་ཙམ། ། འོན་ཀྱང་རང་སྣང་མ་དག་མཐོལ་ལོ་བཤགས། །”⒇ཞེས་དང་། 《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས།  “དེ་ལ་འཛམ་བུ་གླིང་འདིར། ངོ་མཚར་བསྒྲགས་སུ་རུང་བ་ནི། འཛམ་བུ་གླིང་གི་དབུས་དཀྱིལ། ཐད་ཀྱི་ནམ་མཁའ་ལ་གངས་ཏི་སེ་ཡོད། དེའི་ཤར་ན་མཚོ་མ་ཕམ་ཡོད།  དེ་གཉིས་ནམ་མཁའ་ལ་ཡོད། དེ་ཡང་གངས་ཏི་སེའི་རྩ་བ། ཨར་མོ་ལི་ཀའི་རྡོ་དང་མཉམ། རྩེ་མོ་བསམ་གཏན་བཞི་པའི་ཐད་ན་འདུག དེ་ལྟར་གྱི་གངས་ཏི་སེ་དང་མཚོ་དེ། བསྐལ་པ་འཇིག་དུས་ཀྱང་། ཟོ་བ་གཡང་ལ་བཏགས་པ་ལྟར་གནས་ཏེ། མེ་ཆུ་རླུང་གསུམ་གྱིས་མི་བཤིག་བརྟན་པའི་གཡུང་དྲུང་ངོ་”﹙21﹚ཞེས་སོགས་གངས་དཀར་ཏི་སེ་ལྟ་བུ་ནི་ཤིན་ཏུ་སྔ་བའི་དུས་ནས་བོད་ཙམ་མ་ཡིན་པར་འཛམ་གླིང་གི་ཡུལ་གྲུ་མང་པོར་གྲགས་པ་ཁྱབ་ཡོད་ལ། བན་བོན་མུ་སྟེགས་དང་བཅས་པའི་ཆོས་ལུགས་ཁག་གིས་གནས་མཆོག་གལ་ཆེན་ཞིག་ཏུ་བརྩི་ཞིང་། དེའི་ཉེ་འགྲམ་གྱི་ངོ་མཚར་དང་མཛེས་སྡུག་འབར་བའི་མ་ཕམ་གཡུ་མཚོ་ནི་ཡུལ་གྲུ་དེའི་རྒྱན་དུ་གྱུར་ཡོད་པ་མ་ཟད། ད་དུང་གནས་དེ་ནས་ཕྱོགས་བཞིར་རྒྱུགས་པའི་གཙང་ཆེན་ཁ་འབབ་བཞི་ཡང་གངས་དཀར་ཏི་སེ་དང་ཕྱིའི་རྒྱ་མཚོ་ཆེན་མོའི་འབྲེལ་ཐག་ཏུ་ལྷུན་གྱིས་གྲུབ་ཡོད་པར་བསྟན་པ་ལས་ངེས་ཐུབ། དེ་ལྟར་གངས་དཀར་ཏི་སེ་དང་ཕམ་གཡུ་མཚོ། གཙང་ཆེན་ཁ་འབབ་བཞི་དང་བཅས་པ་ལས་གྲུབ་པའི་ངོ་མཚར་རི་ཆུའི་བཀོད་པ་དེ་ནི་མཚོ་ངོས་ནས་མཁའ་དབྱིངས་སུ་བསྙེགས་པའི་ལྐོག་གྱུར་ལྷ་སྒྲུང་གི་ཞིང་ཁམས་ཤིག་ཏུ་གྲུབ་ཡོད་པའང་མཐོང་ཐུབ། དེར་བརྟེན། ལྷ་ཀླུ་གཉན་གསུམ་གྱི་བང་རིམ་མ་ལག་དེ་ནི་བོད་ཀྱི་རི་ཆུའི་རང་བྱུང་སྣོད་ཀྱི་མ་ལག་དང་འབྲེལ་བ་དམ་པོ་ཡོད་པར་འདོད་ཅིང་། རི་ཆུའི་མ་ལག་ཀྱང་བོད་ཀྱི་རང་བྱུང་སྣོད་ཀྱི་གྲུབ་ཚུལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་ནི། གཉན་ཆེན་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་ལས་གྲུབ་པའི་རི་ཆུའི་མ་ལག་དང་། ཨ་མྱེས་རྨ་ཆེན་དང་མཚོ་སྐྱ་རིང་སྔོ་རིང་རྨ་འབྲི་རྫ་གསུམ་དང་བཅས་པ་ལས་གྲུབ་པའི་རི་ཆུའི་མ་ལག་སོགས་ཡོད་པའི་ཕྱིར། ལྷ་ཚོགས་བང་རིམ་སུམ་ལྡན་དུ་གྲུབ་པའི་རྣམ་གཞག་ནི་བོད་ཡུལ་ཁོ་ནར་ཡོད་པའི་ཁྱད་ཆོས་ཤིག་མ་ཡིན་ཏེ། གཤམ་གྱི་རེའུ་མིག་ལ་གཟིགས་དང་རྟོགས་ཐུབ་པ་ཡིན།
 
        གོང་གི་རེའུ་མིག་ལས། ལྷ་ཚོགས་བང་རིམ་སུམ་བརྩེགས་ཀྱི་གྲུབ་ཚུལ་ནི་འཛམ་གླིང་རང་བཞིན་གྱི་ལྷ་སྒྲུང་སྣང་ཚུལ་ཞིག་ཡིན་པ་ཤེས་ཐུབ། དེས་ན་བོད་ཀྱི་བང་རིམ་གསུམ་ལྡན་གྱི་ལྷ་ཚོགས་མ་ལག་དང་ནང་བསྟན་མཛོད་ལུགས་ཀྱི་རིའི་རྒྱལ་པོ་རི་རབ་ཀྱི་ཆགས་ཚུལ་དང་དེ་ལ་བརྟེན་པའི་ལྷ་ཀླུ་ལྷ་མིན་གྱི་མ་ལག་དབར་འབྲེལ་བ་ཡོད་མེད་ཐད་ད་དུང་སྒྲུབ་བྱེད་ཁུངས་ལྡན་ཞིག་མ་རྙེད་པའི་སྔོན་དུ་ཁ་ཚོན་བཅད་དེ་སྡོམ་ཚིག་ཅིག་འགོད་དཀའ་ནའང་། ལྷ་སྒྲུང་མ་གཟུགས་(神话原型)ཀྱི་གཞུང་ལུགས་དང་གོང་དུ་བསྟན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རི་ཆུའི་མ་ལག་གི་ཁྱད་ཆོས། 《མངོན་པ་མཛོད་》ཀྱི་བསྟན་འབྱུང་ལོ་རྒྱུས་དང་གནའ་བོའི་རྒྱ་གར་ཨརྱན་མི་རིགས་དང་བོད་ཀྱི་རིག་གནས་འབྲེལ་བའི་ལོ་རྒྱུས་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བསྡུར་བགྱིས་ན། རི་རབ་ཀྱི་ལྷ་སྒྲུང་གི་གདོད་མའི་མ་གཟུགས་དེ་གང་ཡིན་པའི་ཐད་ངེས་ཤེས་ཅུང་ཟད་རྙེད་ཐུབ་པར་འདོད་དོ།
        གཉིས། ལྷ་ཀླུ་གཉན་གསུམ་དང་མཐུ་སྟོབས་འབྱོར་གསུམ།
        ཆོས་ལུགས་དད་མོས་ཀྱི་འདུ་ཤེས་ཁྲོད་དུ་ལྷ་ནི་ཀུན་ཤེས་དང་ཀུན་ནུས། ཀུན་སྙོམས་ཀྱི་བདག་ཉིད་དུ་གྱུར་བའི་མཐོ་རིས་ཀྱི་འགྲོ་བའི་རིགས་ཤིག་ཡིན་པས། དེ་ནི་འཇིག་རྟེན་གྱི་བྱེད་པོ་དང་འདྲེ་བདུད་ཀྱི་ཁ་གནོན་ཡིན་པའི་ཆ་ནས་མིའི་རིགས་ཀྱི་མ་འདྲིས་པའི་མཛའ་བཤེས་སུ་ཡང་ངང་གིས་གྱུར་བ་རེད། གཉན་ནི་བོད་ཀྱི་དགྲ་ལྷ་ཝེར་མ་དང་ཡུལ་ལྷ་གཞི་བདག་སོགས་གཙོ་བོར་གྱུར་བའི་སྣང་སྲིད་ཀྱི་ལྷ་ཚོགས་སམ་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ཡིན་ལ། དེ་ནི་བོད་ཀྱི་གནའ་བོའི་རུས་རྒྱུད་ཀྱི་མེས་པོ་བློ་གྲོས་དང་སྙིང་སྟོབས་ཅན་དག་ལ་མཆོད་བཀུར་བྱེད་པ་དང་། གདོད་མའི་བླ་གནས་དང་རང་བྱུང་དད་མོས་ཀྱི་སྣང་ཚུལ་སོགས་དང་འབྲེལ་ནས་འཕེལ་ཞིང་བྱུང་བ་ཞིག་ཡིན་པས། གཉན་གྱི་ལྷ་ཚོགས་ཁྲོད་དུ་ཡུལ་གྱི་རྗེ་བོ་དང་དམག་དཔོན་གྱི་ཆ་ལུགས་ཅན་ཡོད་ལ། གཅན་གཟན་གཏུམ་པོ་དང་སྲོག་ཆགས་རྒོད་པོའི་རིགས་ཀྱང་ཤིན་ཏུ་མང་བ་རེད། དེ་བས་ཆོས་ལུགས་དད་མོས་ཀྱི་འདུ་ཤེས་ཁྲོད་དུ་གཉན་གྱི་ལྷ་ཚོགས་ནི་རྟག་པར་དཔའ་རྩལ་དང་ནུས་མཐུ། སྐྱེན་མྱུར་སོགས་དཔའ་མཛངས་ནུས་གསུམ་གྱི་བདག་ཉིད་ཅན་ཞིག་ཏུ་མངོན་གྱི་ཡོད། ཀླུ་ནི་འཕེལ་སྟོབས་དང་རྒྱུ་འབྱོར་ལོངས་སྤྱོད་ཀྱི་བདག་པོ་ཞིག་ཏུ་ངོས་འཛིན་པས། འབྱོར་ཕྱུག་གི་བདག་ཉིད་ཅན་ཞིག་ཏུ་གྱུར་ཡོད། གླིང་སྒྲུང་དུ་ལྷ་ཀླུ་གཉན་གསུམ་ནི་གླིང་གི་མཆོད་ཡུལ་ཁོ་ན་ཙམ་མ་ཡིན་པར་གེ་སར་གྱི་སྐྱེ་རྒྱུད་དང་འབྲེལ་བ་ཡོད་པའི་ལྷ་ཚོགས་ཤིག་ཏུ་ངོས་འཛིན་པས། དེ་ནི་ཕ་རྒྱུད་གོང་མ་ལྷ་ནས་ཆད་པས་ལྷའི་རྫུ་འཕྲུལ་དང་ནུས་མཐུ། དྲང་བདེན་དང་བྱམས་བརྩེ།  དབང་སྡུད་སོགས་འཇིག་རྟེན་གྱི་བདེན་དགེ་མཛེས་གསུམ་གྱི་བསྡུས་གཟུགས་ཤིག་དང་ནག་ཕྱོགས་བདུད་རིགས་ཀྱི་ཁ་གནོན་དུ་གྱུར་བའི་བསྡུས་གཟུགས་ཤིག་ཏུ་རང་བཞིན་གྱིས་གྲུབ་ཅིང་། ཡང་བར་མ་གཉན་གྱི་ཚ་བོའམ་རྫུས་བུར་ངོས་འཛིན་པས།  དཔའ་མཛངས་ནུས་གསུམ་གྱི་བདག་ཉིད་ཅན་ཞིག་དང་ཕ་རོལ་དགྲ་དཔུང་འདུལ་བའི་དཔའ་རྩལ་དང་ནུས་མཐུ།  སྤྱད་གྲུང་སོགས་ཕོ་རྩལ་གྱི་ཡན་ལག་ཐམས་ཅད་ཡོངས་སུ་འཛོམས་པར་གྲུབ་པ། མ་རྒྱུད་འོག་མ་ཀླུ་ནས་མཆེད་པར་ངོས་འཛིན་བྱས། སྲིད་པའི་ཁམས་ཀྱི་རྒྱུ་འབྱོར་ལོངས་སྤྱོད་ཀྱི་གཡང་གཏེར་འབྱེད་པ་དང་རྒྱུ་འབྱོར་མངའ་ཐང་ཕྱོགས་མཐར་རྒྱས་པའི་རྟེན་འབྲེལ་དུ་གྲུབ་པ་རེད། དེར་བརྟེན། གླིང་སྒྲུང་ལས་རྟག་པར་གེ་སར་གྱི་སྐྱེ་རྒྱུད་ལྷ་ཀླུ་གཉན་གསུམ་དང་འབྲེལ་ནས་གླེང་བ་དང་། ཁོང་གི་འཕྲིན་ལས་རྣམ་བཞི་ལ་ལྷ་ཀླུ་གཉན་གསུམ་གྱིས་སྡོང་གྲོགས་དང་དཔུང་གཉེན་གཡེལ་མེད་བྱེད་པའི་ཚུལ་མང་དུ་མཐོང་རྒྱུ་ཡོད། དཔེར་ན། 《རྒྱ་གླིང་》ལས། “ཀླུ་ལུས་སུམ་ཅུ་སོ་གཉིས་བླངས། ། གཉན་ལུས་བཞི་བཅུ་ཞེ་གཉིས་བླངས། ། ལྷ་ལུས་ཉི་ཤུ་རྩ་གཅིག་བླངས། ། རྫུ་འཕྲུལ་གོང་མ་ལྷ་ནས་ཆད། ། དཔའ་རྩལ་བར་མ་གཉན་ནས་ཆད། ། ལོངས་སྤྱོད་འོག་མ་ཀླུ་ནས་ཆད། ། སྟོབས་ཤུགས་མཐུ་རྩལ་དགྲ་ལྷའི་སྲས། །” ﹙22﹚ཞེས་དང་། 《ཐོག་གླིང་གཡུལ་འགྱེད་》ལས།“ལྷ་ཆེན་ཚངས་པ་དཀར་པོ་མཁྱེན། ། གཉན་ཆེན་སྐུ་ལྷ་གེར་འཚོ་མཁྱེན། ། ཀླུ་ཆེན་གཙུག་ན་རིན་ཆེན་མཁྱེན། ། ཡུལ་ལྷ་རྨ་ཆེན་སྤོམ་ར་མཁྱེན། །” ﹙23﹚ཞེས་དང་། 《བྷེ་གླིང་གཡུལ་འགྱེད་》ལས། “གླུ་མཆོད་ཅིག་བསྟོད་ཅིག་གོང་མ་ལྷ། ། དགུང་ལྷ་དམག་དཀར་པོར་མ་མཆོད་ན། ། རྨོག་དར་འཕྲུའི་རྩེ་འཛིན་སུ་ཡིས་བྱེད། ། གླུ་མཆོད་ཅིག་བསྟོད་ཅིག་བར་མ་གཉན། ། བར་གཉན་པོའི་དམག་ལ་མ་མཆོད་ན། ། དམག་བུ་རྟའི་ཁ་འཛིན་སུ་ཡིས་བྱེད། ། གླུ་མཆོད་ཅིག་བསྟོད་ཅིག་འོག་མ་ཀླུ། ། ས་གཞིའི་ཀླུ་ལ་མ་མཆོད་ན། ། ནོར་ལོངས་སྤྱོད་རེ་ས་སུ་ལ་བྱེད། །” ﹙24﹚ཅེས་དང་། 《ཨ་གྲགས་གཟི་རྫོང་》ལས། “གནམ་ལྷ་ཚངས་པ་དཀར་པོ་མཁྱེན། ། མུ་པའི་སྐུ་བྱུས་དགུང་ལ་བསྟོད། ། གཉན་ལྷ་ཟུར་ཕུད་ལྔ་བ་མཁྱེན། ། དཔའ་བོས་དགྲ་བཞི་ཐུལ་བར་ཤོག ། ཀླུ་རྒྱལ་གཙུག་ན་རིན་ཆེན་མཁྱེན། ། རྨ་གཡང་གཏེར་གྱི་དངོས་གྲུབ་ཞུ། །” ﹙25﹚ཞེས་སོགས་ལྷ་ཀླུ་གཉན་གསུམ་མཆོད་པའི་དགོས་པ་བསྟན་པ་ལས་རྟོགས་ཐུབ་པ་ཡིན། དེས་ན་ལྷ་ཀླུ་གཉན་གསུམ་སོ་སོ་ནི་མིའི་སྤྱི་ཚོགས་ཀྱི་ཕྱོགས་མི་འདྲ་བའི་ཁེ་ཕན་ལ་དབང་བྱེད་པའམ་དེའི་མཚོན་བྱེད་ཀྱི་སྟོབས་ཤུགས་སུ་གྱུར་ཡོད་པ་སྟེ། མིའི་དད་མོས་ཀྱི་འདུ་ཤེས་དང་ལྷ་སྒྲུང་ཡོངས་གྲགས་སུ་ལྷ་ནི་གནས་ཡུལ་གྱི་ཆ་ནས་སུམ་ཅུ་རྩ་གསུམ་དང་གནམ་རིམ་པ་བཅུ་གསུམ་ཞེས་འཇིག་རྟེན་གྱི་ཆེས་མཐོ་སར་གནས་ཤིང་། གཉན་དང་ཀླུ་ལ་བལྟོས་ནས་དེ་ནི་ཀུན་ནུས་ཀུན་ཤེས་ཅན་ཁྱད་དུ་འཕགས་པའི་འགྲོ་བའི་རིགས་ཤིག་ཡིན་པ་མ་ཟད། ཆེས་མཐོ་བའི་དབང་ཤུགས་དང་ནུས་མཐུ་ལྡན་པའི་མི་མ་ཡིན་ཞིག་ཡིན་ལ། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ལྷའི་དབང་བཀོད་ཀྱི་འོག་ཏུ་གནས་པ་དང་། ཐ་ན་གོང་མ་ལྷ་ནི་འཇིག་རྟེན་སྣོད་བཅུད་ཐམས་ཅད་ཀྱི་བྱེད་པོའམ་བདག་པོ་ཡིན་པར་ཡང་འདོད་པ་རེད། གཉན་ནི་གནས་ཡུལ་གྱི་ཆ་ནས་ཕལ་ཆེར་ས་སྟེང་ནས་རི་རྩེའི་མཁའ་དབྱིངས་ཀྱི་བར་དུ་གནས་ཤིང་། གཙོ་བོ་བོད་ཀྱི་ཡ་ཐོག་སྲིད་པའི་ལྷ་འདྲེའི་རིགས་དང་དེ་དག་འཕེལ་འགྱུར་བྱུང་བའི་ཡུལ་ལྷ་གཞི་བདག་དང་དགྲ་ལྷ་ཝེར་མ་སོགས་ཡིན་པས། དེ་དག་ནི་འཇིག་རྟེན་མཆོད་བསྟོད་ཀྱི་ལྷའམ་འཕྲིན་ལས་ཀྱི་ལྷར་གཏོགས་ཤིང་། མཆོད་ན་མགོན་ཞིང་བརྔན་ན་ལས་ལ་མྱུར་ཞིང་མཐུ་སྟོབས་དང་ནུས་ཤུགས་ཀྱི་བདག་ཉིད་ཅན་ཞིག་ཏུ་ངོས་འཛིན་པ་རེད། ཀླུ་ནི་གནས་ཡུལ་གྱི་ཆ་ནས་མཚོ་ཆུ་དང་ས་འོག་ཏུ་གནས་ཤིང་། མི་མ་ཡིན་གྱི་རིགས་ཤིག་ཡིན་པ་དང་། དེའི་གནས་ཡུལ་རྒྱ་མཚོ་ལྟ་བུ་ནི་རིན་ཆེན་གྱི་འབྱུང་གནས་སུ་འབོད་པ་དང་ཀླུ་ནི་སྟོབས་འབྱོར་མངའ་ཐང་གི་བདག་ཉིད་དུ་ངོས་འཛིན་པ་རེད། གླིང་སྒྲུང་ལས་གེ་སར་རྒྱལ་པོའི་མ་ཡུམ་འགོག་བཟའ་ལྷ་མོའི་རྫོངས་སྐལ་དུ་ཕ་མིང་ཀླུ་རྒྱལ་གྱིས་གཡང་གི་ར་བ་སྒོ་བཞི་ཞེས་པ་ཞིག་གནང་བར་བསྟན་པ་དེ་ཡང་དེ་འདྲའི་འབྱོར་ཕྱུག་མངའ་ཐང་གི་མཚོན་བྱེད་ཅིག་ཡིན་པར་སྙམ། དེ་བས་ཀྱང་གལ་ཆེ་བ་ནི་ང་ཚོས་མཚོན་བྱེད་རིག་པའི་(象征学)ལམ་ནས་བལྟས་ན། རྒྱ་མཚོ་ནི་རང་ངོས་ནས་ནམ་མཁའ་ལྟར་སྟོང་པ་མ་ཡིན་པར། ཆུ་ཡི་གཏེར་ཆེན་དུ་གྲུབ་པ་དང་། དེ་ལ་འཛད་མཐའ་མེད་ཅིང་། ཆུར་གནས་ཀྱི་སྲོག་ཆགས་རྣམས་ཀྱང་རིགས་དང་གྲངས་འབོར་ཤིན་ཏུ་མང་ཞིང་འཕེལ་སྟོབས་ཀྱང་ཤིན་ཏུ་ཆེ་བ་ཡིན་པས། རྒྱ་མཚོ་ནི་གཡང་ངམ་འབྱོར་ཕྱུག་གི་མཚོན་བྱེད་དུ་ངང་གིས་གྲུབ་ཡོད་པ་དེ་རེད།
        གསུམ། ལྷ་ཀླུ་གཉན་གསུམ་དང་བོད་ཀྱི་རུས་རྒྱུད་ཀྱི་བྱུང་རབས།
        བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོ་ཞིག་ཏུ་ལྷ་ཀླུ་གཉན་གསུམ་ནི་བོད་ཀྱི་གདོད་མའི་མི་རྒྱུད་དང་འབྲེལ་བ་ཡོད་ཚུལ་བསྟན་ཡོད་པ་སྟེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་དབང་མཛད་བཅུ་བསྟན་པའི་སྐབས་སུ ། “བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང་། ། དང་པོར་མི་མ་ཡིན་གྱི་ཡུལ་དུ་གྱུར། ། གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་དུ་བྱས་སྐད། ། ལོ་རྒྱུས་ཆེན་མོ་སོགས་ལས་དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། ། ......བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ། ། ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང་། ། ......བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར། ། ལག་ཆར་དུང་རལ་གོ་ཆ་ཕུབ་ཆུང་བྱུང་། ། བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགག །” ﹙26﹚ཞེས་པ་དང་། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལས། “དེའི་དུས་སུ་བོད་འདིར་སྤྲེའུ་རྒྱུད་རྣམས་བདུད་དང་གནོད་སྦྱིན་ལ་སོགས་པ་མངའ་མཛད་རིམ་པ་བདུན་གྱི་ཐ་མ་ལ། རྒྱལ་སིལ་བུའམ་བཅུ་གཉིས། རྒྱལ་ཕྲན་མོ་ངན་ལ་སོགས་པས་དབང་བྱས་ནས་གཅིག་ཟེར་ལ་གཅིག་མི་ཉན་ཏེ་” ﹙27﹚ཞེས་པ་དང་། 《དེབ་ཐེར་དམར་པོ་》ལས། “སྔོན་གྱི་ཡིག་ཚང་རྣམས་ལས་བྱུང་བ། བོད་ཀྱི་ཡུལ་འདིར། དང་པོར་མི་མེད་དེ། མི་མ་ཡིན་དུ་མས་གང་བར་གྱུར་བ་ལ། སྲིད་པ་ཆ་མཁན་རྗེས་དབང་བྱས་སྐ། དེ་ནས་རིམས་ཀྱིས་དམུ་རྗེ་བཙན་པོ། བདུད་པོ་མ་ཏྲཾ་རུ་ཏྲ།  སྲིན་པོ་ཡཀྵ་དེ་བ། ཀླུ་རྒྱལ་གང་བ་རྣམ་གྱིས་དབང་བྱས། དེ་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་ལས། བོད་ཀྱི་མི་རྣམས་བྱུང་སྟེ། མ་སངས་དཔུན་(སྤུན་)དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུས་རིམས་ཀྱིས་དབང་བྱས་སྐད་” ﹙28﹚ཅེས་བྱུང་བ་སོགས་ལས་རྟོགས་ཐུབ་པ་ཡིན། སྤྱིར་ན་གོང་ཞུས་ལྟར་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་གཅིག་གིས་བོད་དུ་མིའི་རིགས་མ་བྱུང་བའི་ཡར་སྔོན་གྱི་དུས་རབས་སུ་མ་སངས་རུས་དགུ་དང་བཅས་པའི་དབང་མཛད་བཅུ་ཞེས་དེ་དག་ནི་མི་མ་ཡིན་དུ་བརྗོད་ཡོད་ནའང་། 《དེབ་དམར་》སོགས་ལོ་རྒྱུས་དེབ་ཐེར་ཁག་གཅིག་ཏུ་སྤྲེའུ་དང་བྲག་སྲིན་ལས་བོད་ཀྱི་མི་རྒྱུད་བྱུང་བའི་རྗེས་སུ་ད་གཟོད་མ་སངས་སྤུན་དགུ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་རིམ་པར་བྱུང་བར་འདོད་པས། མ་སངས་རུས་དགུ་ནི་མི་ཡིན་པར་དངོས་སུ་བསྟན་ལ། 《བཀའ་ཐང་སྡེ་ལྔ་》ཡི་ཁྲོད་སྤུ་རྒྱལ་གོང་གི་དབང་མཛད་དྲུག་ནི་མི་མ་ཡིན་པའི་ཆ་ཟུར་ཙམ་ཡང་ཐོན་མེད་པ་དང་། ཁྱད་པར་ལོ་རྒྱུས་ཡིག་ཆ་མང་པོ་ཞིག་ལས་མ་སངས་རུས་དགུའི་དུས་སུ་མདའ་གཞུ་དང་ཕུབ་བྱུང་བ་མ་ཟད། ཉོ་ཚོང་གི་ལས་རིགས་དང་བོན་དར་བར་བཤད་པས། དུས་རིམ་དེ་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་སྟེང་ཤེས་རིག་དང་ཐོན་སྐྱེད་འཕེལ་རྒྱས་ཆེ་ཙམ་བྱུང་བའི་དུས་རིམ་ཞིག་ཡིན་པ་ཡང་རྟོགས་ཐུབ། དོན་དངོས་སུ་ཡང་ལྷ་ཀླུ་གཉན་དང་མ་སངས་རུས་དགུ་སོགས་ནི་བོད་ཀྱི་གནའ་བོའི་རུས་རྒྱུད་དམ་དུས་རབས་ཤིག་གི་མི་རྒྱུད་ལ་འཇུག་པ་མ་ཟད། ས་ཁམས་ཀྱི་ཐད་ནས་ཀྱང་ལྷ་ཀླུ་གཉན་གསུམ་གྱི་མིང་ལས་དྲངས་པའི་ཡུལ་ཁམས་བྱེ་བྲག་པ་ཡང་བྱུང་ཡོད་པ་དཔེར་ན། 《འཛམ་གླིང་གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་》ལས། “གངས་རིན་པོ་ཆེ་དེའི་མདུན་དུ་ལྷ་ཡུལ་གུང་ཐང་ལྷ་ཡི་འདུན་ས་ཞེས་བྱ་བ། ཐང་ཆེན་པོ་གསེར་གྱི་འཁོར་ལོ་རྩིབས་སྟོང་བདལ་བ་ལྟ་བུ། ......དེའི་མཚམས་སུ་གཉན་ཡུལ་གསེར་ཐང་ཞེས་བྱ་བ། ......དེའི་མཚམས་སུ་ཀླུ་ཡུལ་ནེའུ་ཐང་ཀླུའི་ཕོ་བྲང་ཞེས་བྱ་བ་” ﹙29﹚ཞེས་དང་། 《རྒྱལ་ཁམས་རིགས་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་》ལས་ཀྱང་རང་རེའི་གཙང་པོ་རྣམས་ཀྱི་ཆུ་མཇུག་གི་ཡུལ་རྣམས་སུ་ན་ག་སྟེ་ཀླུ་ཞེས་པའི་མི་ནག་པོའི་རིགས་རྒྱ་ཆེར་མཆིས་སོ་﹙30﹚ཞེས་དང་། དབང་མཛད་བཅུ་གཉིས་ཁྲོད་ཀྱི་ལྔ་པ་ཀླུས་དབང་བྱེད་སྐབས་དེ་གའི་ཡུལ་མིང་ལའང་ཀླུ་ཡུལ་ན་ར་གསེར་སྔོན་དུ་འབོད་པར་བཤད་པ་སོགས་ལྟ་བུ་ཡིན། གང་ལྟར་མི་མ་ཡིན་དུ་འདོད་པའི་ལུགས་དེ་ནི་ངག་བརྒྱུད་ལོ་རྒྱུས་ཀྱི་ཐུན་མོང་གི་ཁྱད་ཆོས་ཡིན་པ་ལས་ལྷ་སྒྲུང་དངོས་མིན་ཚུལ་ལོ་རྒྱུས་སྨྲ་བའི་ཐུན་མོང་གི་བཞེད་པར་གྲུབ་ཡོད། དེ་མིན་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་གཅིག་ཏུ་གནམ་གྱི་ཁྲི་བདུན་གྱི་ཡུམ་རྣམས་ཀླུའི་བུ་མོ་ཡིན་པས་བཙུན་མོའི་རྟེན་དོག་ལ་མི་འཚེར་ཞེས་སྤུར་མི་ཡོང་སྐད་ཅེས་བཀོད་ཡོད་པ་དང་། སྟོད་ཀྱི་སྟེང་གཉིས་ཀྱི་དུས་སུ་དྲི་གུམ་བཙན་པོའི་སྤུར་བདག་ཀྱང་ཆབ་གཞུག་སེར་ཚངས་ཀྱི་ཀླུ་འོད་དེ་རིང་མོ་ཡིན་པར་བཤད་པ། ལྷག་པར་ཀླུའི་སྐོར་གྱི་གཏམ་རྒྱུད་ཅིག་ཡོད་པ་ནི། བཙན་པོ་འབྲོང་གཉན་ལྡེ་རུས་དྭགས་ཡུལ་ནས་མཆིམས་ཟླ་ཀླུ་རྒྱལ་བྱ་བའི་ཀླུའི་བུ་མོ་ཞིག་ཁབ་ཏུ་བཞེས་པ་དེ་ཕྱིས་སུ་མི་མཛེས་པར་གྱུར་བ་ལ་དེའི་རྒྱུ་རྐྱེན་དྲིས་པས། མོ་རང་གི་ཡུལ་ན་ཟས་ཁྱད་པར་བ་ཞིག་ཡོད་པ་དེ་མ་ཟས་པས་ལན་ཞེས་པ་ན། རྒྱལ་པོས་དེ་ལེན་དུ་བཅུག་པ་ལྟར། དྭགས་པོ་ནས་སྦལ་པ་མར་བཙོས་མ་མང་དུ་བླངས་པ་ཟོས་པས་སླར་ཡང་མཛེས་པར་གྱུར། རྒྱལ་པོས་གང་ལྟར་ཞལ་ཟས་མཆོག་ཏུ་གྱུར་བ་ཞིག་ཡིན་པར་ཡིད་ཆེས་ཏེ་ཟ་སྙམ་གྱིས་ལྡེ་ཚབ་བསྒྲིགས་ནས་མཛོད་ཁང་གི་སྒོ་ཕྱེ་བ་ན། སྦལ་རོ་མཐོང་བས་རྟོག་པ་ཟོས་ཏེ་མཛེ་ནད་བྱུང་ཞིང་དེ་དུས་བོད་གཞན་ན་ཉ་མི་ཟ་བར་དྭགས་པོ་སྦལ་ཟན་གྱི་ཡུལ་ཞེས་དེ་ན་ཉ་ཟ་ཞིང་ཉ་ལ་སྦལ་བར་གྲགས་པ་ཡིན་སྐད་ཅེས་བྱུང་བ་སོགས་ལས་ཀྱང་ཀླུ་ནི་མིའི་རིགས་ཡིན་པ་དང་། གཙོ་བོར་གཙང་པོ་སོགས་ཆུ་ངོགས་སུ་གནས་འཆའ་བའི་མི་རྒྱུད་ལ་གོ་བ་ཡིན་པ་རྟོགས་ཐུབ།
        མདོར་ན། ལྷ་ཀླུ་གཉན་གསུམ་ཞེས་པ་ནིབོད་ཀྱི་གདོད་མ་ནས་བྱུང་བའི་ལྷ་སྒྲུང་གི་སྣང་ཚུལ་ཞིག་དང་ལྷ་ཚོགས་ཀྱི་རྩ་བའི་དབྱེ་བསྡུ་ཞིག་ཡིན་པ་མ་ཟད། གླིང་སྒྲུང་གི་ཐོག་མཐའ་བར་གསུམ་དུ་བྱུང་བའི་ལྷ་ཚོགས་ཀྱི་རྩ་བའི་སྡེ་ཚན་ཞིག་དང་གླིང་གེ་སར་རྒྱལ་པོའི་སྐྱེ་རྒྱུད་དང་འབྲེལ་བའི་ལྷ་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་ཡང་གྱུར་ཡོད། མཐར་གཏུགས་ན་དེ་ནི་བོད་ཡུལ་གྱི་རང་བྱུང་སྣོད་བཅུད་ཀྱི་འབྲེལ་བའི་གྲུབ་ཚུལ་དང་བོད་ཀྱི་སྤྱི་ཚོགས་འདུ་ཤེས་ཀྱི་མཚོན་དོན་རྒྱ་ཆེན་པོ་ཀུན་ནས་མངོན་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པར་འདོད་དོ། །
        མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①《བྷེ་གླིང་གཡུལ་འགྱེད་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༩༧ལོའི་དཔར་གཞི། ཤོག་ངོས་༡༦༠ན་གསལ།
②《ཙ་རི་སྨན་རྫོང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༩༧ལོའི་དཔར་གཞི། ཤོག་ངོས་༣༤༥ན་གསལ།
③《གངས་རི་ཤེལ་རྫོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༨༢ལོའི་དཔར་གཞི། ཤོག་ངོས་༡༡ན་གསལ།
④⑥《ཧོར་གླིང་གཡུལ་འགྱེད་》སྨད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༨༠ལོའི་དཔར་གཞི། ཤོག་ངོས་༡༩༧  ༦༠༢ན་གསལ།
⑤《མོན་གླིང་གཡུལ་འགྱེད་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་༡༩༨༣ལོའི་དཔར་གཞི། ཤོག་ངོས་༣༠༧ན་གསལ།
⑦《ཙ་རི་སྨན་རྫོང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༨༠ལོའི་དཔར་གཞི། ཤོག་ངོས་༢༠༠ནས་༢༠༡ན་གསལ།
⑧⑾《མངའ་རིས་གསེར་རྫོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༨༡ལོའི་དཔར་གཞི། ཤོག་ངོས༡༤  ༧༣ན་གསལ།
⑨《གླིང་དཔའ་རྟུལ་བརྒྱད་ཅུའི་རྣམ་ཐར་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་༡༩༩༣ལོའི་དཔར་གཞི།  ཤོག་ངོས་༦༠༨ན་གསལ།
⑩《གཤམ་ཡུལ་ནས་འཆད་པའི་ཀེ་སར་སྒྲུངས་》ལྕགས་དཔར་མ། ཤོག་ངོས་༣༡ན་གསལ།
⑿《སྲིད་པ་སྤྱི་སྐོང་གི་མདོས་》དུས་རབས་༨པའི་ནང་གི་བྲིས་མ། ཤོག་ངོས་༤ན་གསལ།
⒀﹙27﹚ཉང་ཉི་མ་འོད་ཟེར་གྱིས་བརྩམས། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་༡༩༨༨ལོའི་དཔར་གཞི། ཤོག་ངོས་༡༧༥  ༡༥༩ན་གསལ།
⒁﹙29﹚ནམ་མཁའི་ནོར་བུས་བརྩམས། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་༡༩༩༦ལོའི་དཔར་གཞི། ཤོག་ངོས་༢༣༦  ༨ན་གསལ།
⒂ [英]拉德克利夫-布朗著,夏建中译:《社会人类学方法》,华夏出版社2002年版,第 l63页。
⒃⒄﹙26﹚དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་གི་༡༩༨༥ལོའི་དཔར་གཞི། ཤོག་ངོས་༡༤༩  ༡༥༠  ༡༥༡བཅས་ན་གསལ།
⒅《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས་》སུ་འཁོད་པའི་《གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་》ཞེས་པ་ལས་དྲངས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་༢༠༡༠ལོའི་དཔར་གཞི།  ཤོག་ངོས་༨ན་གསལ།
⒆《བོད་ཀྱི་གནས་ཡིག་བདམས་བསྒྲིགས་》སུ་འཁོད་པའི་《གནས་ཆེན་གངས་རི་མཚོ་གསུམ་ཆུ་བོ་བཞི་དང་བཅས་པ་གཏན་ལ་དབབ་པ་ལུང་དོན་སྣང་བར་བྱེད་པའི་མེ་ལོང་》ཞེས་པ་ལས་དྲངས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་༡༩༩༥ལོའི་དཔར་གཞི། ཤོག་ངོས༢༣ན་གསལ།
⒇《བྲག་དཀར་པོའི་གནས་ཡིག་བཀོད་པ་རྒྱ་མཚོའི་སྤྲིན་ཕུང་》ལག་བྲིས་མ། ཤོག་ངོས་༣༨༠ན་གསལ།
﹙21﹚《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས་》སུ་འཁོད་པའི་《བསྒྲགས་པ་རིན་ཆེན་གླིང་གྲགས་》ཞེས་པ་ལས་དྲངས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་༢༠༡༠ལོའི་དཔར་གཞི། ཤོག་ངོས་༡༤༧ན་གསལ།
﹙22﹚《རྒྱ་གླིང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་༡༩༨༤པོའི་དཔར་གཞི། ཤོག་ངོས་༣༩༧ན་གསལ།
﹙23﹚《ཐོག་གླིང་གཡུལ་འགྱེད་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི༡༩༩༡ལོའི་དཔར་གཞི། ཤོག་ངོས་༢༣༠ན་གསལ།
﹙24﹚《བྷེ་གླིང་གཡུལ་འགྱེད་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༩༧ལོའི་དཔར་གཞི། ཤོག་ངོས་༡༢༦ན་གསལ།
﹙25﹚《ཨ་གྲགས་གཟི་རྫོང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༨༥ལོའི་དཔར་གཞི། ཤོག་ངོས་༤༤༦ན་གསལ།
﹙28﹚ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས།《དེབ་ཐེར་དམར་པོ》མི་རིགས་དཔེ་སྐྲུན་ཁང་གི་༡༩༨༡ལོའི་དཔར་གཞི། ཤོག་ངོས་༣༢ན་གསལ།
﹙30﹚《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་དང་པོ། ༡༩༩༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༡༦ན་གསལ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1