གློག་དྲའི“མཁའ་ལམ”ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-30



—— བོད་ཀྱིས་གློག་དྲ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།




     ཚེས་24ཉིན་གྱི་ཆུ་ཚོད་16ལ། ལྗིད་འདེགས་འཕྲུལ་འཁོར་དང་ཨར་འདམ་གཤེར་འདྲེན་རླངས་འཁོར་དེ་བཞིན་རྐོ་འདྲུའི་འཕྲུལ་འཁོར་དང་ལྡུག་འཁོར་བླུཌ་པའི་འདྲུད་འཁོར་ཁྱོན་20ལྷག་ཙམ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ནས་རྡོག་ཐོན་བྱས་པ་དང་། བདེ་སྲུང་ཞྭ་མོ་དང་ལས་གོས་ལི་མདོག་གྱོན་པའི་གློག་དྲ་འཛུགས་སྐྲུན་བཟོ་པ་50ཡིས་འགན་སྒྲུབ་དམ་བཅའ་རགས་ཙམ་བཞག་རྗེས། རླངས་འཁོར་གྱི་ལྡིར་སྒྲ་དང་བཅས་རྡོག་ཐོན་བྱས་ཏེ་ཐད་ཀར་བར་ཐག་སྤྱི་ལེ་1500ཡོད་པའི་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་འཛུཌ་སྐྲུན་གྱི་ལས་ཡུལ་དུ་བསྐྱོད། 
     མ་དངུལ་སྒོར་དུང་ཕྱུར་74བཏང་བའི་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་2019ལོའི་ཟླ་9པར་ལས་འགོ་བཙུགས་པ་དང་དེ་ནི་ད་བར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཞིག་རེད། ལས་གྲྭ་དེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་རྡོ་གླིང་གི་ཆན་ཕུའུ་220ཡི་གློག་སྒྱུར་ས་ཚིགས་ནས་འགོ་བཙུགས་ཏེ། མངའ་རིས་ས་ཁུལ་སྒར་རྫོང་པར་བར་གྱི་ཆན་ཕུའུ་220ཡོད་པའི་གློག་སྒྱུར་ས་ཚིགས་བར་ཡིན་ཞིང་། བོད་ཀྱི་རྫོང(ཆུས)10བརྒྱུད་པ་དང་ལས་གྲྭའི་གློག་སྐྱེལ་གློག་སྐུད་ཀྱི་རིང་ཚད་སྤྱི་ལེ་1689ཟིན་པ་དེ་2021ལོར་བསྐྲུན་ནས་འཁོར་རྒྱུག་བྱ་རྩིས་ཡོད་པ་རེད།
     “ང་ཚོས་རིམས་ནད་ཀྱིས་ལས་ཐེབས་བཅག་པའི་དུས་ཚོད་དམ་འཛིན་བྱས་ཏེ། ལས་ཡུན་ཐུང་ངུའི་ནང་སྤུས་འབོར་འགན་ལེན་གྱི་སྒོ་ནས་ལས་འགན་ལེགས་སྒྲུབ་བྱ་རྒྱུ་ཡིན”ཀྲུང་གོ་ཨེན་ནེང་ཚོགས་པའི་ལས་གྲྭ་ཅུས་གཉིས་པའི་མངའ་རིས་དྲ་སྦྲེལ་གྱི་པར་གྱི་ཆན་ཕུའུ་220ཡི་གློག་སྒྱུར་ས་ཚིགས་ཀྱི་རྣམ་གྲངས་འགན་འཁུར་བ་ལིའུ་ལིན་གྱིས“ད་ཐེངས་ལས་ཡུལ་དུ་བསྐྱོད་པའི་སྐྱེལ་འདྲེན་འཁོར་རིགས་25ཡོད་པའི་ནང་། རྒྱུ་ཆ་དང་གཞུང་དོན་སྒྲིག་ཆས། འཚོ་བའི་མཁོ་ཆས་བཅས་དོས་སྒམ་10དང་ཨར་འདམ་གཤེར་འདྲེན་རླངས་འཁོར་དང་། རྐོ་འདྲུའི་འཕྲུལ་འཁོར། ལྡུག་འཁོར་བཅས་ཀྱི་སྒྲིག་ཆས་15ཡོད་ལ་དོ་དམ་པ་དང་ཨར་སྐྲུན་མི་སྣ་50ཡོད”ཅེས་བཤད་པ་རེད། 
     མིག་སྔར་བོད་དུ་དཔྱིད་གྲང་ཕྲན་བུ་བསྟན་མོད། འོན་ཀྱང་འཛུགས་སྐྲུན་པའི་ངར་ཤུགས་ཉམས་མེད་ཅིང་། ད་ཆ་བོད་ཀྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་430ཚང་མ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཡོད། མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་བཀོད་འདོམས་པུའི་ལས་གྲྭའི་ལག་རྩལ་པུའི་ཀྲུའུ་རེན་གཞོན་པ་པའེ་ཞའོ་ཆིས་མིག་སྔའི་བར་ལས་གྲྭ་ཁྱོན་ཡོངས་ཀྱི་འཛུགས་སྐྲུན་མྱུར་ཚད་30%ལྷག་ཙམ་ཟིན་པ་དང་ལས་གྲྭ་ཡོངས་སུ་ཁྱོན་འཛུགས་སྐྲུན་པ་4000ལྷག་ཙམ་ཡོད། ལས་གྲྭ་བསྐྲུན་རྗེས་མངའ་རིས་གློག་དྲ་ཡུན་རིང་དྲ་གཅིག་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་དང་འབྲེལ། ལམ་རྒྱུད་ཀྱི་མི་ཁྲི་38ཙམ་གྱི་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་གློག་སྤྱོད་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
     “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཀྲུང་དབྱང་གིས་བོད་ཀྱི་ས་ཐག་རིང་བའི་ས་ཁུལ་གྱི་གློག་ཤུགས་དྲ་བ་དྲ་གཅིག་འཁོར་རྒྱུག་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ཏེ། གློག་ཤུགས་ཁེ་ལས་དང་བོད་ཀྱི་སྲིད་གཞུང་སྡེ་ཚན་གྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་རང་བྱུང་ཁོར་ཡུག་ཅུང་ཞན་པའི་མངའ་རིས་ས་ཁུལ་དང་ནག་ཆུ་གྲོང་ཁྱེར་དུ་གློག་ཤུགས“མཁའ་ལམ”འཛུགས་སྐྲུན་ཤུགས་ཆེན་བྱས་པ་རེད།
     ད་ཕན་ལོ་གཉིས་རིང་། བོད་ཀྱིས་གློག་དྲ་ཡུན་རིང་དྲ་གཅིག་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་མ་ཟད། ད་དུང“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཆེད་གློག་ཤུགས་ཀྱི་རྒྱབ་སྐྱོར་བྱས་པ་རེད། གློག་དྲའི“མཁའ་ལམ”རི་མཐོ་གྲོག་རོང་དང་ཡངས་པའི་རྩྭ་ཐང་གི་དུད་ཚང་ཁྲི་སྟོང་མང་པོ་དང་རིམ་བཞིན་འབྲེལ་མཐུད་བྱེད་བཞིན་ཡོད་པ་རེད།
     གཟའ་འཁོར་གཅིག་གི་གོང་དུ། བོད་ཀྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཡིན་པའི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་ཆན་ཕུའུ་10དང་དེ་མན་གྱི་གློག་སྦྱོར་སྒྱུར་བཀོད་ལས་གྲྭའི་ཨར་སྐྲུན་བྱ་ཡུལ་དུ། ཨར་སྐྲུན་མི་སྣས་གློག་ལམ་འདིང་བཞིན་ཡོད་པ་དང་གློག་སྦྱོར་སྒྱུར་བཀོད་ལས་གྲྭ་འཁོར་རྒྱུག་བྱས་རྗེས་མི་5000ལྷག་ཙམ་གྱི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་གློག་སྤྱོད་པའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་རེད།
     “རྣམ་ཀུན་གློག་སྒྲོན་སྤྱོད་རྒྱུ་རྩ་བའི་ཆ་ནས་སྣང་དག་མེད་མོད། འོན་ཀྱང་གློག་སྐུད་རྙིང་པ་ཆགས་པ་དང་གློག་གནོན་བརྟན་པོ་མེད་རྐྱེན་ཤུགས་ཚད་དེ་བས་ཆེ་བའི་འཕྲུལ་ཆས་སྤྱོད་ཐུབ་ཀྱི་མེད”ཅེས་གོང་དཀར་རྫོང་ཁྱིམ་བཞི་ཤང་ཤུར་གྲོང་ཚོའི་ཞིང་དར་ཞིང་ཕན་གྱི་ལས་སྣོན་བཟོ་ཁང་གི་འགན་འཁུར་བ་བུ་ཆུང་ཚེ་རིང་གིས་ངས་འདི་ལོ་ཤུགས་ཚད་དེ་བས་ཆེ་བའི་སྒྲིག་ཆས་གསར་པ་ཉོས་ཏེ་ཤུར་གྲོང་ཚོའི་རྩམ་པ་ལས་སྣོན་བཟོ་གྲྭ་དེ་བས་ཆེ་རུ་གཏོང་རྩིས་ཡོད་ཅེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་ཀྱིས“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་དང་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་འགན་དེ་དག་དུས་བཀག་ལྟར་ལེགས་སྒྲུབ་བྱས་ཏེ། འདི་ལོ་བོད་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང(ཆུས)74དང་ཤང་དང་གྲོང་རྡལ་གཙོ་བོར་ཁྱབ་ནས་ལྗོངས་ཡོངས་ཀྱི་མི་འབོར་97%ལ་གློག་མཁོ་འདོན་ཐུབ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1