རྟའུ་རྫོང་གི་རིམས་འགོག་དཔུང་ཁག་དང་པོའི་སྨན་པ་15རང་ཁྱིམ་དུ་ལོག་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-30



    ཟླ་3ཚེས་25ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཧྭ་ཞི་སྨན་ཁང་དཀར་མཛེས་སྨན་ཁང་ནས་ཤེས་རྟོགས་བྱུང་གསལ། རྟའུ་རྫོང་གི་ཏོག་གསར་གློ་ཚད་རིམས་ནད་རོགས་སྐྱོབ་བྱེད་པར་བསྐྱོད་པའི་དཔུང་ཁག་དང་པོའི་སྨན་དོན་མི་སྣ་15གསོ་རིག་ལོགས་བཀར་མཇུག་སྒྲིལ་ནས་བདེ་འཇགས་ངང་རང་ཁྱིམ་དུ་ལོག་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་14རིང་གསོ་རིག་ལྟ་ཞིབ་བྱས་རྗེས། ཧྲི་རེའུ། ཡུས་ཅིང་། ཐན་ཡུའུ་ཡའོ། ཧན་ཡིང་། ལི་ཞའོ་པའོ། ལི་ཀྲའོ་ལུན། ལིང་ཡུང་། ཞུའུ་ཞའེ་མེ། ཚེ་རིང་གཡང་འཛོམས། ཧོ་ཀྲེང་ཧྥུན། ཧུའུ་རེའུ་ཐིང་། ཐན་ཞའེ་ཧྥུན། ཧོ་ཞུས། ཧུ་ཐིང་། ཀྲང་ཡུའེ་བཅས་སྨན་དོན་མི་སྣ་15ཉིན་4ལ་ངལ་གསོ་བྱས་རྗེས། ཟླ་འདིའི་ཚེས་30ཉིན་ཁྱོན་ཡོངས་ལས་གནས་སུ་ཕྱིར་ལོག་རྒྱུ་རེད། 
    “རྟའུ་ལ་རོགས་སྐྱོབ་ཆེད། སྨན་ཁང་ནས་ཁྱོན་སྨན་དོན་མི་སྣ་38མངགས་པ་དང་། གཟའ་འཁོར་གཉིས་རིང་གི་གསོ་རིག་གཅིག་འདུས་ངལ་གསོ་བྱས་རྗེས། ཁག་དང་པོའི་སྨན་དོན་མི་སྣ་15བདེ་འཇགས་ངང་རང་ཁྱིམ་དུ་ལོག་པ་རེད།”ཧྭ་ཞི་སྨན་ཁང་དཀར་མཛེས་སྨན་ཁང་གི་ཏང་ཨུ་ཧྲུའུ་ཅི་ཧྲི་རུའེ་ཡིས། ཐེངས་འདིའི་རིམས་འགོག་རིང་། སྨན་བཅོས་རུ་ཁག་གིས་“མེད་པ་ལྔ”མངོན་འགྱུར་བྱས་ཡོད་པ་སྟེ། ཚེ་འདས་མེད་པ་དང་། སྨན་དོན་མི་སྣ་ལ་ནད་འགོས་མེད་པ། སྨན་ཁང་དུ་ནད་འགོས་མེད་པ། སྡོད་ཁུལ་དུ་ལོགས་བཀར་བྱས་རྗེས་ཆད་ལུས་མེད་པ་བཅས་ཡིན། མཐོ་སྒང་ཡིན་པ་དང་སྨན་དོན་ཆ་རྐྱེན་ཞན་པའི་འོག འདི་འདྲའི་གྲུབ་འབྲས་ཐོབ་པ་ནི་ལས་སླ་པོ་ཞིག་མིན། ཐེངས་འདིར་རིམས་ནད་འགོག་རྒོལ་ལས་རྣམ་པར་རྒྱལ་བ་ནི་སྨན་དོན་མི་སྣ་ཚང་མས་བློ་སེམས་གཅིག་ཏུ་བསྒྲིམས་པ་དང་། རང་སྲོག་ལ་མི་འཛེམ་པ། འབད་པ་ཆེན་པོ་བཅས་བྱས་པའི་འབྲས་བུ་རེད་ལ། ཞིང་ཆེན་དང་ཁུལ་དེ་བཞིན་དུ་དོ་དམ་སྡེ་ཁག་གཙོ་བོ་བཅས་ཀྱིས་གཅིག་གྱུར་འཆར་འགོད་བྱས་པ་དང་འབྲལ་ཐབས་མེད་པ་རེད་ཅེས་བཤད། 

    ཤེས་རྟོགས་བྱུང་བར་གཞིགས་ན། རྟའུ་རྫོང་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་རོགས་སྐྱོབ་བྱེད་མཁན་གཞན་དག་23གྱི་གསོ་རིག་ལྟ་ཞིབ་ད་དུང་མཇུག་སྒྲིལ་མེད་པས། མཇུག་སྒྲིལ་རྗེས་སུ་ཁོང་ཚོ་ཡང་མུ་མཐུད་དུ་དར་རྩེ་མདོ་དང་ལས་གནས་སུ་ཕྱིར་ལོག་རྒྱུ་རེད།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1