༄༅།།གླིང་སྒྲུང་ལས་བཤད་པའི་དགྲ་བླའི་ཝེར་མ་བཅུ་གསུམ་གྱི་ངོ་སྤྲོད་བསྡུས་པ།

དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30



དབང་ཆེན།
        གླིང་སྒྲུང་ནི་བོད་ཀྱི་ལོ་རྒྱུས་ཆེས་རིང་ཤོས་ཀྱི་དཔའ་བོའི་རྟོགས་བརྗོད་ཅིག་ཡིན་པར་མ་ཟད་དེང་དུས་རྒྱལ་ཁབ་ཕྱི་ནང་ཁག་ཐམས་ཅད་ཀྱིས་ཁས་ལེན་ཞིང་ཞིབ་འཇུག་གི་རིན་ཐང་ལྡན་པ་ཞིག་ཡིན་པ་གདེང་འཇོག་ཚད་མཐོན་པོར་གནང་བཞིན་ཡོད། 
        སྤྱིར་འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་འདི་ལ་རིག་གནས་ཀྱི་ཁྱབ་ཁོངས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་པར་མ་ཟད་སྔོན་བྱོན་མཁས་པའི་དབང་པོ་དེ་དག་གི་གསུངས་རབ་ཀྱི་དགོངས་པ་གཞིར་བཞག་བྱས་ཏེ། རང་ཉིད་ཀྱི་ཀླད་པའི་རྩལ་དང་སྙིང་ཁམས་ཀྱི་བར་ནས་ཐོན་པའི་རྣམ་དཔྱོད་གྲུང་པོའི་ཤེས་རབ་ཀྱི་ལྟ་བའི་མིག་གིས་ལོ་རྒྱུས་ཀྱི་རིན་ཐང་ལ་ཞིབ་གཟིགས་བྱས་པར་བརྒྱུད། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཁག་རྣམ་པ་གཉིས་སུ་དབྱེ་བར་བྱས་ཡོད་ལ། དང་པོ་ཐུན་མོང་གི་སྣང་ངོར་རིག་གནས་ཀྱི་གྲུབ་ཆ་ལྟར་བཤད་ན། ལོ་རྒྱུས་ཀྱི་བརྗོད་དོན་མཚོན་པའི་དམངས་སྲོལ་རིག་གནས་ལྟར་བཤད་པ་ལ། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་འཛམ་གླིང་གེ་སར་རྒྱལ་པོ་ཞེས་མཚན་གྱི་ཅོད་པན་སྤྱི་བོར་བཅིངས་པའི་དཔའ་བོའི་རྟོགས་བརྗོད་རིང་མོ་འདི་ཉིད་ལ་སྔོན་བྱོན་མཁས་པ་དེ་དག་གིས་དཔྱད་བརྗོད་བྱས་པ་ལྟར་ན། བྱེ་མ་བཙིར་ནས་མར་ལེན་པར་ཡིན་ཞེས་པ་ལྟ་བུ་ཞིག་གི་སྒོ་ནས་འབྲེལ་བཤད་རྒྱག་བསྡད་པ་ལྟར་མ་ཡིན་པར། དངོས་ཡོད་གནས་ཚུལ་ལ་གཞིབ་སྟེ་གནས་ལུགས་དང་རྒྱུ་མཚན་ཡོད་པའི་སྒོ་ནས་རྣམ་དཔྱོད་ཕྲ་མོས་ལམ་ནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཞིབ་གཟིགས་ཡུན་རིང་བྱས་པར་བརྒྱུད་བདེན་དོན་འཚོལ་རྙེད་བྱུང་བ་ཞིག་ཡིན། དེ་ཡང་སྐབས་དེར་མགོ་ནག་བོད་ཀྱི་འཚོ་བའི་ཁྲོད་ནས་ཚར་ལོངས་བྱུང་བའི་གླིང་སྒྲུང་ནང་མི་སྣ་དེ་དག་གི་ཕྱི་རང་བྱུང་སྣོད་ཀྱི་འཇིག་རྟེན་གྱི་བཀོད་པ་རི་རབ་གླིང་བཞི་དང་། ནང་བཅུད་ཀྱི་སེམས་ཅན་ཕྲ་མོ་ཡན་གྱི་ལས་དང་རྣམ་སྨིན་སོགས་གཞི་རྩའི་གྲུབ་ཆ་ལ་དགོངས་ནས་སོ་སོའི་འདོད་བློ་དང་བསྟུན་པའི་དགྲ་འདུལ་ཚུལ་དང་གཉེན་སྐྱོང་ཚུལ་ཚོང་སོ་ནམ་སོགས་ཁེ་ཕན་གྱི་ལས་ལ་དམིགས་ནས། སྡུལ་བསྔལ་བསལ་ཐབས་དང་བདེ་བར་ལྡན་འདོད་ཀྱི་ལས་ཁོ་ན་ལ་འབད་པར་དོན་ཡོད་བྱས་ཡོད་པ་དེར་འུད་བརྗོད་དང་སྒྲོ་འདོགས་ལྟ་བུ་མ་ཡིན་པར་དགའ་བའི་རྣམ་འགྱུར་གར་དང་། སྐྱིད་པའི་རྣམ་འགྱུར་གླུ་དང་གཞས་སོགས་ཀྱིས་མཚོན་པའི་རིག་གནས་ཀྱི་མ་ལག་ཆ་ཚང་བ་ཞིག་དེང་སང་གི་བར་དུ་བཞུགས་ཡོད་པ་ནི་དམངས་སྲོལ་རིག་གནས་ཀྱི་གཞི་འཛིན་ས་ལྟ་བུ་གྱུར་ཡོད། 
        དེ་ཡང་གླིང་བྲོ་བདེན་ཆེན་རོལ་མོ་ལས། རྨད་བྱུང་ཕྲིན་ལས་བཞི་ཡི་ཡོ་ལང་གིས། །མཛད་པའི་གྲགས་སྙན་སྲིད་ཞིའི་ཁྱོན་ན་ལྡིར། །འཛམ་གླིང་རྒྱལ་པོའི་ལས་བཞི་སྒྲུབ་པའི་གཉེན། །གླིང་དཀར་དཔའ་ཐུལ་དྭངས་སྨན་གླུ་བྲོས་མཆོད། ཅེས་གསུངས་པ་དང་ད་དུང་རྔ་རྡུང་བ་དང་རྒྱ་གླིང་དང་དུང་འབུད་པ་རོལ་མོ་དཀྲོལ་བ་སོགས་ཀྱི་སྒོ་ནས་མི་རིགས་འདིའི་གར་སྟེགས་སུ་བསྐྲུན་པའི་རིག་གནས་ལ་སྒྲ་དབྱངས་ཀྱིས་རོམ་འདེགས་བྱེད་པའི་དགེ་མཚན་ལྡན་པ་གྱུར་པ་ཡིན། གཞན་ཡང་ཐག་འཐག་པ་དང་རྟ་རྒྱུག་པ་དང་མདའ་འཕེན་པ། དཔའ་བོའི་གོ་མཚོན་སྣ་དགུ་ཇི་ལྟར་གསོལ་བའི་ཚུལ་རྨོག་གི་དར་འཕྲུ་བཙུགས་སྟངས་དང་། ཁྲབ་ཀྱི་རྒྱུན་ཐག་བསྡམས་ཚུལ་ལག་ཏུ་མཚོན་ཆ་བཟུང་བའི་ཚུལ་ནས་བཟུང་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པའི་སྐབས་དེའི་འཚོ་བའི་ཁྲོད་ཀྱི་རིག་གནས་ཀྱི་དོན་མཚོན་པ་ཁོ་ན་ཡིན་ཏེ། གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཀྱི་རྣམ་ཐར་བསྡུས་པ་རིན་ཆེན་ནོར་བུའི་དོ་ཤལ་ལས། སྣ་བདུན་ནོར་བུའི་ཆེ་རྟགས་མངོན་མཐོ་བའི། །ལུགས་གཉིས་གསེར་བཟང་མི་འགྱུར་རྡོ་རྗེའི་ཁྲིར། །ཚངས་ཆེན་འགྱིང་བའི་རང་ཚུགས་དོད་པོ་ལ། །འཇིགས་མེད་དགྲ་བླའི་གོ་མཚོན་སྣ་དགུས་མཛེས། །ཞེས་གསུངས་པ་དང་སྒེག་པ་དང་དཔའ་བ་མི་སྡུག་པ་སོགས་ལུས་ཀྱི་རྣམ་འགྱུར་དང་། དགོད་པ་དང་དྲག་ཤུལ་འཇིགས་སུ་རུང་བ་སོགས་ངག་གི་རྣམ་འགྱུར། སྙིང་རྗེ། རྔམ་དང་ཞི་བ་སྟེ་ཡིད་ཀྱི་འགྱུར་བར་མཚོན་པའི་རྣམ་འགྱུར་གསུམ་སོགས་རིག་གནས་དང་སྒྱུ་རྩལ་གར་གྱི་ཉམས་དགུའི་དོན་གསལ་བར་མཚོན་ཡོད་པ་ནི་དམངས་སྲོལ་རིག་གནས་ཀྱི་ཁོངས་སུ་གཏོགས་པ་ཡིན། དགྲ་ལྷའི་ཝེར་མ་བཅུ་གསུམ་ཞེས་སྲོགས་ཆགས་ཀྱི་རིགས་དེ་དག་དཔའ་བོའི་དགྲ་ལ་རྒོལ་ཚེ་ལྷ་ཀླུ་གཉེན་གསུམ་གྱི་མཐུ་དཔུང་དང་གཟི་བྱིན་བསྐྱེད་པའི་གྲོགས་སུ་སྦྲན་པའི་ལྷ་ཞིག་ཏུ་ངོས་འཛིན་བྱས་ན་མ་འགྲིག་པ་མེད་པར་ཡིན་ལ། ཝེར་མ་ཞེས་པ་ནི་དོན་དུ་འགོ་བའི་ལྷ་ཞིག་ལ་གོ་ཆོག་པ་ཞིག་ཡིན་ཏེ། འཚོ་བྱེད་དང་མགོན་བྱེད་དང་སྐྱབས་བྱེད་གྲོགས་བྱེད་སྲུང་བྱེད་དེ་ཕོ་ལྷ་དང་མོ་ལྷ་ཡུལ་ལྷ་དགྲ་ལྷ་སྲོག་ལྷ་སོགས་གླིང་སྒྲུང་གི་སྐབས་དེར་སྲོག་ཆགས་ཀྱི་གཟུགས་ཀྱིས་མཚོན་པར་བྱས་ཡོད་པ་ནི་འོག་ནས་རིམ་པ་བཞིན་འབྱུང་བ་ཡིན། 
        དེ་ཡང་སྤྱིར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཤད་ཚུལ་རིགས་གཉིས་སུ་དགར་ཆོག་པར་སྣང་མོད། སྐབས་འདིར་ཆོས་ལུགས་དང་དམངས་སྲོལ་རིག་གནས་ཟུང་དུ་འབྲེལ་བའི་ཐུན་མོང་གི་སྣང་ཚུལ་ལྟར་བཤད་པའི་རིག་གནས་ཤིག་ལ་ངོས་འཛིན་བྱས་ན་མ་ཆོག་པ་མེད་པར་ལྟ་བུར་གྱུར་ཡོད། 
        དགྲ་ལྷའི་ཝེར་མ་བཅུ་གསུམ་གྱི་གྲངས་འདྲེན་ཚུལ་རིགས་མི་འདྲ་ཁ་ཤས་ཤིག་བྱུང་འདུག་པ་ནི་སྔོན་གྱི་སྒྲུང་པ་དང་བླ་མ་རྣམས་ཀྱིས་རང་རང་གིས་དག་སྣང་གི་ཉམས་གཟིགས་ཚུལ་གྱི་ཁྱད་པར་ཙམ་ལས་དེ་དག་ལ་འགལ་བར་སེམས་པ་མི་བྱ་སྟེ། སྣང་བ་ཐམས་ཅད་གཅིག་ཏུ་ངེས་དགོས་པའི་ཐལ་བར་ནམ་ཡང་མི་འགྱུར་ལ་དག་པའི་སྣང་བ་ལ་ཡང་གནས་དང་ཞིང་ཁམས་སོགས་ཐ་དད་དུ་སྣང་ཆོག་པ་ཡིན་ལ། མ་དག་པའི་སྣང་བ་ནི་དེ་ལས་ཀྱང་ཐ་དད་དུ་སྣང་ཆོག་པ་ནི་སྔོན་གྱི་མཁས་པ་དེ་ཚོས་ལུང་རིགས་ཀྱི་སྒྲུབ་བྱེད་མང་དུ་བཀོད་ཡོད་པར་མངོན་སུམ་ཚད་མས་གྲུབ་པ་ཡིན།
        དེ་ཡང་དང་པོ་ནི་འཛམ་གླིང་གེ་སར་རྒྱལ་པོ་དེས་དགྲ་ལྷའི་ཚུལ་དུ་སྟོང་གྲོགས་བྱེད་པའི་དཔའ་བོ་ངར་མ་མེ་ལྷའི་རྒྱལ་པོའི་རྒྱ་སྟག་ཁྲ་མོ་ཤ་གཟན་རྔམ་སྟོབས་ཀྱིས་གཟུགས་སུ་སྤྲུལ་ཏེ་སྡོང་གྲོགས་མཛད་པ་དང་། དེ་བཞིན་དུ་གཉིས་པ་ནི་ཆུ་ཁམས་རླུང་ལྷ་སྔོན་མོ་གཡུ་འབྲུག་གི་གཟུགས་སུ་སྤྲུལ་ནས་ངར་སྒྲ་འབྱིན་ཞིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཕྱག་ཏུ་ཕུལ་ནས་འགྲོ་བ་ཀུན་གྱི་དབུལ་བ་སེལ་པའི་དགྲ་ལྷའི་ཚུལ་གྱིས་སྡོང་གྲོགས་མཛད་པ། གསུམ་པ་ཤིང་ཁམས་རླུང་ལྷ་ལྗང་གུ་ཁྱུང་ཆེན་གྱི་གཟུགས་སུ་སྤྲུལ་ནས་ཀླུ་གདོན་དང་དམ་སྲི་སྤུན་དགུའི་ཀླད་ཁྲག་འབྱིན་པའི་དགྲ་ལྷའི་ཚུལ་གྱིས་སྡོང་གྲོགས་མཛད་པ། བཞི་པ་ལྕགས་ཁམས་ས་ལྷ་སེར་པོ་སེང་ཆེན་གྱི་གཟུགས་སུ་སྤྲུལ་ནས་སྡང་དགྲའི་གཤེད་མར་གྱུར་པའི་དགྲ་ལྷའི་ཚུལ་གྱིས་སྡོང་གྲོགས་མཛད་པ། ལྔ་པ་ས་གཞི་ཆེན་པོར་དཔའ་བོའི་དཔུང་གི་རྒྱ་མཚོ་འཁྱིལ་རོགས་དུག་སྦྲུལ་ནག་པོའི་བདུད་དགྲའི་ཁྲག་རྩ་འབྱིན་པར་བྱེད་པའི་དགྲ་ལྷའི་ཚུལ་གྱིས་སྡོང་གྲོགས་མཛད་པ། དྲུག་པ་གུ་ར་རྫ་ནས་སྤྱང་ཐང་སྔོན་མོ་སྐྱི་སེར་རླུང་གིས་རྗེས་ཤུལ་གཅོད་པའི་དགྲ་ལྷའི་ཚུལ་གྱིས་འཛད་མཐའ་མེད་པའི་ཟས་ལྷ་འཁོར་བའི་སྡོང་གྲོགས་མཛད་པ། བདུན་པ་སྐྱེས་བུའི་གྲོགས་སུ་སྔོན་དུ་རྒྱུགས་པའི་འདབ་ཆགས་གཤོག་དཀར་སྐྱ་ཁྲ་ཧོར་པས་མ་ངེས་དགྲ་ཇག་ཆོམ་རྐུན་བཟློག་པའི་དགྲ་ལྷའི་ཚུལ་གྱིས་སྡོང་གྲོགས་མཛད་པ། བརྒྱད་པ་ཐབས་ཀྱི་ཆེ་བའི་ཡོན་ཏན་མཆོག་མངའ་རྫུ་འཕྲུལ་སྟོབས་ཀྱིས་གནམ་འཕང་གཅོད་ཅིང་ཟག་པ་མེད་པའི་ཤེས་རབ་རྩལ་གྱིས་ཉིན་མོས་སྣང་བར་བྱ་ར་བྱེད་པའི་ཐང་དཀར་རྒོད་པོའི་དགྲ་ལྷའི་ཚུལ་གྱིས་སྡོང་གྲོགས་མཛད་པ། དགུ་པ་བདུད་དང་སྲིན་པོའི་བར་ཆད་བཟློགས་པའི་དགྲ་ལྷའི་ཚུལ་གྱིས་མཚན་མོར་ཧ་ཧའི་གད་མོ་དགོད་ཅིང་གསེར་མིག་སེར་པོའི་མེལ་ཚེ་བྱེད་པའི་འུག་པ་སེར་པོའི་སྡོང་གྲོགས་མཛད་པ། བཅུ་པ་བློ་དང་རིག་པའི་རྣམ་དཔྱོད་མཆེད་ཅིང་ཤེས་རབ་འབར་བའི་མེ་བོ་ཆེ་ཡིས་བདག་ཏུ་ལྟ་བའི་ལྟ་བ་ངན་པའི་རྒོལ་བ་བཟློགས་པའི་དགྲ་ལྷའི་ཚུལ་གྱིས་རི་བོང་དཀར་ལུའི་སྡོང་གྲོགས་མཛད་པ། བཅུ་གཅིག་པ་ཉོན་མོངས་དུག་ལྔ་དུས་གསུམ་ནད་བརྒྱ་གཅིག་ཆར་འཇོམས་པའི་བདུད་རྩིའི་དཔལ་གྱིས་གཏམས་པའི་ཚུལ་གྱིས་བཟང་དྲུག་རྩི་བཅུད་སྨན་རྐྱལ་ཐོགས་པའི་གླ་བ་རོག་པོའི་དགྲ་ལྷའི་ཚུལ་གྱིས་སྡོང་གྲོགས་མཛད་པ། བཅུ་གཉིས་པ་མི་འཇིགས་སྐྱེས་བུའི་དཔའ་སྟོབས་བསྐྱེད་པ་མཚོན་པར་བྱེད་པའི་སྙིང་གདོས་ཅན་གྱི་དྲེད་མོང་སོག་དཀར་དགྲ་ལྷའི་ཚུལ་གྱིས་སྡོང་གྲོགས་མཛད་པ། བཅུ་གསུམ་པ་དཔའ་བོའི་དྲག་རྩལ་གློག་ལྟར་མྱུར་ཞིང་རྫུ་འཕྲུལ་སྟོབས་ཀྱིས་སྐད་ཅིག་མི་སྡོད་གཡོ་ཞིང་འཁྱུག་པར་གསེར་ཉ་སེར་པོའི་དགྲ་ལྷའི་ཚུལ་གྱིས་སྡོང་གྲོགས་མཛད་པའོ། །
        གཉིས་པ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས་བཤད་ན་གོང་དུ་ཞུས་པའི་སྲོགས་ཆགས་ཀྱི་རིགས་དེ་དག་ཀྱང་རྫུ་འཕྲུལ་དང་མཐུ་སྟོབས་མངའ་བ་ཇི་ལྟར་འགྱུར་རམ་སྙམ་ན། དེ་ཡང་འཛམ་གླིང་སེང་ཆེན་རྒྱལ་པོ་དེ་ནི་རྫུ་འཕྲུལ་ལ་ཐོགས་པར་མེད་པ་རང་དབང་འབྱོར་བའི་ས་ཐོབ་ཀྱི་སེམས་དཔའ་ཆེན་པོ་ཞིག་ཡིན་པའི་རྒྱུ་མཚན་གྱིས་དངོས་པོ་དངོས་མེད་དང་དངོས་མེད་དངོས་པོ་རུ་བསྒྱུར་བའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཞིག་སྟོན་རྒྱུ་ཡོད་པ་ཞིག་ཡིན་སྟབས། དེས་ན་སྲོག་ཆགས་ཀྱི་གཟུགས་དགྲ་ལྷའི་ཝེར་མ་དེ་དག་དམན་པའི་སེམས་ཅན་ཞིག་མིན་པར་སྐྱེས་མཆོག་སེང་ཆེན་རྒྱལ་པོ་ཉིད་ལས་མི་གཞན་ཞིང་ཐ་མི་དད་པ་གདུལ་བྱ་འདུལ་བ་ལ་དགོངས་ནས་འདུལ་བྱེད་སྤྲུལ་པའི་ཟློས་གར་ཆུ་ཟླ་ལྟར་ཐུགས་རྗེ་རང་རྩལ་ལས་ཤར་བ་ཡིན་ཕྱིར་ངོ་བོ་ལ་བཟང་ངན་མེད་དེ། མདོ་ཕལ་པོ་ཆེ་ལས། སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས་ཞེས་གསུངས་པ་ལྟར་རོ། ། 
        དེ་ཡང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང་བསྟན་འགྲོའི་དོན་དུ་སྐྱེས་བུ་མཆོག་གི་སྤྲུལ་པས་དགྲ་བོ་གཉའ་ནས་མནན་ཞིང་ཉམ་ཆུང་མཐའ་ནས་སྐྱོང་བའི་ལས་དང་སྨོན་ལམ་གྱིས་དབང་གིས་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་ལྟར་དབང་གི་རྒྱལ་པོའི་སྐུ་སྣང་ཆོག་པ་ཡིན་ཏེ། དབུ་མ་འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག ། འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱ་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་གསུངས་པ་ལྟར་རོ། ། 
        གོང་དུ་ཞུས་པ་ལྟར་འཛམ་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་དང་རིག་གནས་སྒྱུ་རྩལ་སོགས་ཕྱོགས་གང་ཐད་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་ནི་གནག་རྫི་རྒན་པོ་ཡན་གྱིས་ཤེས་རྟོགས་བྱུང་ཡོད་པར་ཞིག་ཡིན་ལ། མི་རིགས་འདིའི་རིག་གནས་དང་ལོ་རྒྱུས་སོགས་ལ་སེམས་ཁུར་བྱེད་པའི་གང་ཟག་ཅིག་ཡིན་ནས་བཟུང་འདི་ལ་རིན་ཐང་མང་པོ་ཞིག་འཚོལ་བསྡུད་བྱེད་རྒྱུ་ཡོད་པར་སྨོས་མ་དགོས་པར་ཡིན་ལ། ཕྱོགས་གཞན་ཞིག་ནས་བཤད་ན་མི་རབས་མང་པོར་བརྒྱུད་ནས་བྱུང་བའི་ལོ་རྒྱུས་འདི་ལྟ་བུ་ལ་མི་རིགས་གཞན་གྱིས་ཞིབ་འཇུག་བྱེད་པའི་གནས་སུ་གྱུར་ན་ང་ཚོའི་བོད་མི་རིགས་ཀྱིས་རང་ཉིད་ཀྱི་རིག་གནས་ལ་མཐོང་ཆེན་བྱེད་རིགས་པས་བཏང་སྙོམས་སུ་མི་འཇོག་བར་ཅིས་ནས་ཀྱང་གལ་ཆེ་བ་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1