གསེར་དང་འདྲ་བའི་ཞིང་ས་ན། རེ་བའི་ས་བོན་འདེབས་ལ་བྲེལ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-31



        བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་དེ་རེད།     མིག་སྔར་ཁེ་གསུམ་གྲོང་མི་ཚོས་དཔྱིད་ཀྱི་བདག་མོའི་དུས་ལྡན་འདི་ལ་གསེར་དང་འདྲ་བའི་ཞིང་ས་འདི་ན་རེ་བའི་ས་བོན་འདེབས་ལ་བྲེལ་བཞིན་ཡོད་པ་རེད། 

        ཉེ་བའི་ལོ་ཤས་རིང་ཞིང་ལས་འཕྲུལ་ཆས་ཅན་ཁྱབ་གདལ་དུ་སོང་བས་ངལ་རྩོལ་ནུས་ཤུགས་དེ་བས་མང་བ་ས་ཞིང་ནས་བཅིངས་འགྲོལ་ཐོབ་ཡོད།     ཁེ་གསུམ་གྱི་ཡངས་ཤིང་རྒྱ་ཆེ་བའི་ཞིང་ས་ན་སོ་ནམ་པ་ཚོས་འཕྲུལ་ཆས་ལ་བརྟེན་ནས་དེང་རབས་ཞིང་པའི་ཉམས་འགྱུར་གྱི་ཐོག་ནས་སོ་ནམ་ལས་ལ་གཞོལ་བཞིན་མཆིས། ཚོགས་ཆུང་གསུམ་པའི་གྲོང་མི་ཟླ་སྒྲོན་གྱིས། ད་ཆ་ཞིང་ལས་སྟབས་བདེ་ལ་ལས་ཆོད་ཧ་ཅང་གིས་ཆེ་རུ་ཕྱིན་ཡོད་ཅེས་བཤད།    
        ཁོང་གིས་ཁྱེད་རང་གཟིགས་དང་།    དེ་ནི་འཕྲུལ་རྨོས་བྱས་པའི་ཞིང་ཁ་རེད། ང་ཚོས་སླར་ཡང་རྨོད་ལོག་ཐེངས་གཅིག་བརྒྱབ་རྗེས་འཕྲུལ་འདེབས་བྱེད་ཀྱི་ཡོད། བྱས་ཙང་ལས་ཆོད་དེ་སྔ་དང་བསྡུར་ཐབས་གཏན་ནས་མེད།   ངལ་ནུས་ལྷག་མ་ཕྱིར་གླ་པར་ཕྱིན་ན་ཡོང་འབབ་མང་ཙམ་རག་གི་འདུག་ཅེས་བརྗོད་ཀྱི་འདུག    
        ཟླ་སྒྲོན་གྱི་ཁྱིམ་དུ་ས་ཞིང་མུའུ་13ཡོད་པ་དེ་དག་སོ་སོར་ནས་དང་།    གྲོ།    མ་རྨོས་ལོ་ཏོག་བཅས་འདེབས་ཀྱི་ཡོད།     ན་ནིང་མ་རྨོས་ལོ་ཏོག་ཁོ་ནར་ཡོང་འབབ་སྒོར་ཁྲི་1དང་5སྟོང་བྱུང་བས་ཁོང་བློ་ཡིད་ཚིམས་པོ་བྱུང་ནས་འདི་ལོ་མ་རྨོས་ལོ་ཏོག་མང་པོ་འདེབས་རྒྱུའི་འཆར་གཞི་ཡོད་པ་རེད།
        དཔྱིད་འདེབས་ཀྱི་དུས་སུ་སླེབས་སྐབས་བོད་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་གཉིས་ཀྱི་ཞིང་ལས་ལག་རྩལ་མི་སྣ་སྣེ་གདོང་ཆུས་སུ་བཅའ་སྡོད་བྱས་ནས་ཚན་རྩལ་ཆེད་མངགས་པ་དང་མཉམ་དུ་ཞིང་ནང་དང་མུ་ཁར་ལག་རྩལ་གྱི་མཛུབ་ཁྲིད་བྱེད་ཀྱི་ཡོད།     ལྷོ་ཁ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ལག་རྩལ་པ་པ་སངས་ཆུང་བདག་ནི་དེའི་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ཁེ་གསུམ་གྲོང་ཚོའི་སོན་འབྲུར་ཞིབ་བཤེར་བྱས་མ་ཐག་ཡིན་པ་རེད།    

        པ་སངས་ཆུང་བདག་གིས། མིག་སྔར་གཙོ་བོ་ས་བོན་ནང་བླུགས་པའི་སྨན་གྱི་ཚད་གཞི་ལོན་ཚུལ་དང་རྫས་ལུད་གྲ་སྒྲིག་བྱས་ཚུལ་ལ་བལྟ་རོགས་བྱ་རྒྱུ་ཡིན།    སླད་ཕྱིན་ད་དུང་མྱུ་གུ་དང་ནད་འབུའི་གནོད་འཚེར་བརྟག་དཔྱད་བྱས་ཏེ་ཁེ་གསུམ་གྲོང་ཚོ་ཚུད་པའི་སྣེ་གདོང་ཆུས་ཁོངས་ཀྱི་རྨོ་ཞིང་མུའུ་ཁྲི་6ལྷག་ཙམ་གྱི་ཐོན་འབབ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།    
        ཉེ་བའི་ལོ་ཤས་རིང་།    ཁེ་གསུམ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་སྲིད་གཞུང་གི་ཁ་གསབ་དང་རང་གྲབས་གྲོན་དངུལ་བསྡུ་སྒྲིལ་བྱས་ནས་ཞིང་སྤྱོད་འཕྲུལ་ཆས་12ཉོས་ཏེ་ཚོགས་ཆུང་ཁག་ལ་བགོ་བཤའ་བརྒྱབ་པས་གྲོང་མི་ཚོའི་ས་ཞིང་འདེབས་པའི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།     གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་རྐང་བཙུགས་ཀྱིས། ད་ཆ་གྲོང་མི་རྣམས་མ་རྨོས་ལོ་ཏོག་འདེབས་རྒྱུར་དགའ་པོ་བྱེད་པ་དང་སྡེ་ཁུལ་གྱིས་སླར་ཡང་མ་རྨོས་ལོ་ཏོག་གི་བརྔ་བསྡུ་འཕྲུལ་འཁོར་གསར་པ་ཞིག་ཉོས་ཡོད་པས་འདི་ལོ་བེད་སྤྱོད་བྱ་རྩིས་ཡོད། འཕྲུལ་ཆས་ཆེ་གྲས་སྤྱད་པ་དེས་རྨོ་འདེབས་ཀྱི་དུས་ཚོད་དང་མི་ཤུགས་ཕྱེད་ཀ་ཡན་གྲོན་ཆུང་ཐུབ་ཡོད།    ན་ནིང་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1དང་3སྟོང་ལས་བརྒལ་ཡོད་ཅེས་བརྗོད་ཀྱི་འདུག 
        སྤྱི་ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་ཞིང་།    ལོ་ལྟར་གྱི་དུས་ཚོད་དེར་རྐང་བཙུགས་ལ་ཚོར་སྣང་ཟབ་མོ་སྐྱེ་གི་ཡོད།     དེ་སྔ་ཁོང་གི་ཕ་མ་གཉིས་ཀ་ཡང་ཁེ་གསུམ་གྱི་མེ་སེར་གཞན་དག་དང་འདྲ་བར་ཞིང་བྲན་བདག་པོའི་ཁྲལ་པ་དང་ནང་ཟན་བྱས་ནས་རང་ཉིད་ལ་བདག་པའི་ས་ཞིང་མེད་ལ་མི་རབས་ནས་མི་རབས་བར་ཁྲལ་དང་འུ་ལག་རྒྱུག་ནས་འཚོ་བ་སྐྱེལ་གྱི་ཡོད།     སྤྱི་ལོ་1959ལོར།    དམངས་གཙོའི་བཅོས་བསྒྱུར་གྱི་ལས་འགུལ་སྤེལ་བས།    ཁོ་ཚོས་ད་གཟོད་བུན་འཛིན་མེར་སྲེགས་དང་།    ས་ཞིང་བགོ་བ།    རང་ཁྱིམ་རང་བདག་བཅས་བྱུང་ཡོད།

        རྐང་བཙུགས་ཀྱིས། ལོ་61རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཁེ་གསུམ་མི་སེར་གྱིས་རང་ཉིད་ལ་བདག་པའི་ཞིང་ནང་དུ་རྨོ་འདེབས་བྱེད་ཅིང་ལོ་ལྟར་གྱི་ཟླ་3པར་རེ་བའི་ཞིང་ས་ན་འབྲུ་རིགས་སྣ་ལྔ་འདེབས་འཛུགས་བྱས་ནས་རང་ཉིད་ལ་དབང་བའི་ལོ་ལེགས་ཀྱི་འབྲས་བཟང་བསྡུ་བར་བྲེལ་བཞིན་ཡོད་ཅེས་བརྗོད་ཀྱི་འདུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1