ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-31



          སྤྱི་ཚེས་25ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པའི་ཐོག་མའི་དུས་སུ་ཁྱེད་ཀྱིས་ཀྲུང་གོར་འཚམས་འདྲི་དང་རྒྱབ་སྐྱོར་གནང་བ་དང་། འཇར་མན་སྲིད་གཞུང་དང་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་གནང་བ་དེ་ཀྲུང་གོའི་མི་དམངས་ནས་སེམས་ལ་བརྟན་པོར་ངེས་ཡོད། མིག་སྔར་འཇར་མན་ལ་རིམས་ནད་ཀྱི་འགྲན་རྩོད་དྲག་པོ་འཕྲད་པར་ཀྲུང་གོ་མི་དམངས་ལ་མྱོང་ཚོར་ཟབ་མོ་ཡོད། ཀྲུང་གོའི་ཕྱོགས་ནས་འཇར་མན་གྱིས་རིམས་ནད་འགོག་བཅོས་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་ཞུས་ཏེ། ནུས་པས་གང་ལྕོགས་ཀྱིས་རོགས་རམ་ཞུ་འདོད་ཡོད། རྒྱལ་ཁབ་གཉིས་པོའི་རིགས་གཅིག་མཁས་པས་བརྙན་ལམ་ཐོག་ནས་སྤེལ་རེས་གནང་བ་དང་། འཇར་མན་གྱི་རིགས་གཅིག་མཁས་པ་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་པའི་ཚོགས་ཆུང་དང་ལྷན་དུ་ཀྲུང་གོར་རྟོག་ཞིབ་གནང་བར་ཕེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དབར་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ་དང་། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་དང་དེ་བཞིན་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། ཁྱེད་ནས་འཇར་མན་མི་དམངས་ཀྱི་འགོ་ཁྲིད་དེ་རིམས་ནད་ལས་སྔ་ཙམ་ཐར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་བ་དང་།
          ཞི་ཅིན་ཕིང་གིས། ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་ཅིང་། དེ་ནི་མིའི་རིགས་ཡོངས་ཀྱི་མདུན་དུ་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ཡིན། རྒྱལ་ཁབ་གང་ཞིག་ཀྱང་ལོགས་སུ་སྡོད་པ་དང་རང་མགོ་རང་ཐོན་བྱེད་མི་ཐུབ། ད་ཐེངས་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་དབར་མཐུན་སྒྲིལ་མཉམ་ལས་བྱེད་པའི་སྟོབས་ཤུགས་གང་ལེགས་མངོན་ཡོད་པ་དང་དྲང་ནུས་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱུང་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་སྐོང་འཚོག་བྱ་གྲབས་ཡོད། ཀྲུང་གོའི་ཕྱོགས་ནས་འཇར་མན་ཚུད་པའི་ཕྱོགས་ཁག་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རིམས་འགོག་གི་འབོད་སྐུལ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་འདོད་ཡོད། མིག་སྔ་དང་ཕུགས་ལ་དམིགས་ནས་རྒྱལ་ནང་གི་ཕན་འབྲས་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་བརྟན་པོ་དང་། འཕར་སྣོན་འགན་ལེན། ལས་ཞུགས་བརྟན་པོ། དམངས་འཚོ་འགན་ལེན་བཅས་བྱེད་པ་དང་ཆབས་ཅིག ཁྲོམ་ར་སྒོ་དབྱེ་བྱ་རྒྱུར་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་སྒོ་དབྱེ་དང་། བརྟན་ལྷིང་། བདེ་འཇགས་བཅས་ཡོང་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་པོས་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་ལ་མུ་མཐུད་འཆར་འགོད་ཡག་པོ་བྱེད་པ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཐོན་ལས་སྦྲེལ་མཐུད་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་། གསར་དར་ཐོན་ལས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
          མོ་ཁེར་གྱིས། མིག་སྔར་ཡོ་རོབ་ཀྱི་རིམས་ནད་གནས་ཚུལ་ཛ་དྲག་པོ་ཡོད་པས། འཇར་མན་ཕྱོགས་ཀྱིས་འཕྲལ་ཐག་ཆོད་པོས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་བཟུང་བཞིན་ཡོད། འཇར་མན་ནས་ཀྲུང་གོས་དུས་ཐོག་ཏུ་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་མཉམ་ལས་བྱས་ཏེ། རིམས་ནད་འགོག་བཅོས་བྱེད་པའི་མཐུན་སྒྲིལ་གྱི་མིག་དཔེ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། འཇར་མན་ཕྱོགས་ཀྱིས་དོན་དངོས་ལ་གཞིགས་ནས། དངོས་ཡོད་གཞུང་དྲང་གི་ལངས་ཕྱོགས་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་མཉམ་ལས་བྱས་ཏེ་རིམས་ནད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་འདོད་ཚུལ་འཛིན་བཞིན་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་ཀྱིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། མིག་སྔའི་ཉམས་ཉེན་ཁྱད་བསད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་ཡོང་ཆེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། འཇར་མན་ཕྱོགས་ཀྱིས་རིམས་ནད་མཇུག་འགྲིལ་རྗེས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཇར་མན་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་དབར་གྱི་འགྲོ་འོང་མཉམ་ལས་གལ་ཆེན་ལ་མུ་མཐུད་དེ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1