གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

སྒོ་བུ་ཤ་བོ་ཚེ་རིང་། རྩོམ་སྒྲིག་པ།ཚེ་།དཔལཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༣༡ཉིན།

༄༅།།སྟོད་པོ་ལུང་པའི་ཡུལ་སྲོལ་རིག་གནས།

སྒོ་བུ་ཤ་བོ་ཚེ་རིང་།

        དགེ་རྒན་གུར་མགོན་སྐྱབས་དང་ངེད་གཉིས་གནས་མལ་བཅའ་སའི་གནས་འདི་ལ་བོད་སྐད་དུ་དྭགས་པོ་དང་། རྒྱ་སྐད་དུ་པེ་མཱ་ཙང་ཙུའུ་ཞང་(白马藏族乡)དུ་འབོད་པ་སྟེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ཡུལ་འདིར་གཞིས་ཆགས་པའི་སྐྱེ་བོ་རྣམས་མི་རིགས་གང་ཡིན་མིན་ཐད་ལ་རྒྱ་བོད་མཁས་པ་རྣམས་ཀྱིས་རྩོད་གླེང་ཤུགས་ཆེར་བྱས་མྱོང་བའི་ཡུལ་དེ་ཡིན། ལར་ཁོང་ཅག་གི་ཡུལ་སྐད་དུ་ཡུལ་འདི་ལ་སྟོད་པོ་ཟེར་བཞིན་འདུག་ལ། སྤྱི་ལོ་1962ལོར་ཕུན་ཝུའུ་རྫོང་གི་དྲིལ་བསྒྲགས་པུའུ་ཡི་ལས་བྱེད་པ་ཀྲང་ཀྲིན་ཕིང(张正平)ཟེར་བ་ཞིག་གིས་ཁོང་གི་རྩོམ་ཡིག་ནང་རྒྱ་ཡིག་ལ་"达布"ཞེས་བྲིས་པ་ནི་འདི་གར་དྭགས་པོར་འབོད་ཚུལ་གྱི་ཁུངས་ལྟ་བུ་ཡིན་པར་བཤད་ཀྱང་། དམིགས་བསལ་གྱི་དུས་སྐབས་ཤིག་ལ་མཁས་དབང་དམུ་དགེ་བསམ་གཏན་གྱིས་ཡུལ་འདིའི་བོད་པ་རྣམས་བཙན་པོའི་སྐབས་དྭགས་པོ་ནས་འོང་བའི་དམག་རྒྱུད་ཡིན་པ་རིགས་པས་སྒྲུབ་པ་ནས་བཟུང་དྭགས་པོ་ཞེས་པ་ཀུན་གྱི་མཐོང་ཐོས་ཡུལ་དུ་གྱུར་ཞིང་། དེང་སང་དྭགས་པོ་ཞེས་བྲིས་ནས་བསྒྲགས་པ་དཔེར་ན་རྒྱ་ཡིག་གི་首届九寨勿角白马文化节ལ་“སྐབས་དང་པོའི་གཟི་རྩ་སྡེ་དགུའི་དྭགས་པོའི་རིག་གནས་དུས་ཆེན་”ཞེས་བསྒྱུར་འདུག་པ་ལྟ་བུ་རེད། ཕྱིས་འདིའི་སྐོར་ལ་ཞིབ་འཇུག་ལོ་མང་བགྱིས་ནས་འབུམ་རམས་པའི་མཐར་ཕྱིན་དཔྱད་འབྲས་བྲིས་མྱོང་བའི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ལྷ་བྱམས་ལ་བཀའ་འདྲི་བྱས་པ་ན་པེ་མཱ་ནི་རྒྱ་ཡི་མཁས་པ་ཚོས་ཁོང་ཅག་ལ་ཚུར་བཏགས་པ་ཞིག་ཡིན་ལ། ཁོང་ཅག་གིས་བོད་ཡིན་པར་གཞིར་བཞག་བྱས་པའི་གཏམ་དཔེ་སོགས་སུ་ཡང་“བོད་རྒྱུད་བོད་ཀྱི་ནས་ཆང་། །ནག་པོ་རྒྱ་ཡི་འབྲས་ཆང་། །”སོགས་ཀྱང་ཟེར་སྲོལ་ཡོད་པར་བཤད། 

        ལོ་རྒྱུས་ཤིག་གི་མངའ་ཐང་དང་མཛེས་སྡུག་ཅིག་གི་དྲན་པ་འཁུར་བའི་ཡུལ་གྲུ་འདིའི་དངོས་ཡོད་ཐོག་མར་མིག་གིས་མཐོང་དུས། སེམས་ལ་དྲན་པ་ཟ་ཟི་ཞིག་ཐོལ་བྱུང་དུ་བརྡོལ་ཏེ། ཕྱི་ཡི་འཛུགས་སྐྲུན་རྒྱལ་རོང་བཞིན་རྔམ་བརྗིད་ལྡན་པ་ཞིག་མིན་པར་ལྷོ་རོང་ཆར་ལྡན་ཡུལ་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཁང་ཁྱིམ་མང་པོ་འདུག་ཅིང་། དེ་དག་ལ་ལྷས་ར་སྐོར་ཚུལ་སོགས་གང་ཐད་ནས་ཀྱང་བོད་ཀྱི་གྲོང་ཚོ་ཞིག་གི་བརྗིད་ཉམས་དང་མཚར་སྣང་མེད་པས་དོན་མེད་དུ་ཡོང་བསམ་སྙམ་པའི་སེམས་ཁུར་ཞིག་ཀྱང་རང་བཞིན་གྱིས་བྱུང་། དེ་ལྟ་ནའང་དེ་ནི་སྐད་ཅིག་མའི་སེམས་ཚོར་ཙམ་སྟེ། རླངས་འཁོར་ཁ་ལོ་པས་ངེད་གཉིས་ཡུལ་འདི་གའི་སྐྱེས་མ་འཆི་མེད་ལ་མཚམས་སྦྱོར་གནང་བས་མགྲོན་བསུ་ལེགས་པོ་བྱས་ཤིང་མོ་རང་གི་ཁྱོ་གས་ཀྱང་ངེད་གཉིས་ཨ་མདོ་ནས་ཡོང་བའི་བོད་པ་ཡིན་པར་ཤེས་པ་ན་གཞིས་བྱེས་ལྷན་འཛོམས་བྱུང་བ་ལྟ་བུའི་དགའ་ཚོར་གྱིས་བོད་ཡིན་ན་ཆང་མི་འཐུང་བའི་སྲོལ་གང་ན་ཡོད། རྫུ་མ་བྱེད་སོགས་ཀྱང་ཟེར་ནས་ནན་བཤད་གནང་བྱུང་།
        དེ་རིང་སྔ་དྲོར་དགེ་རྒན་ངེད་གཉིས་ཕིན་ཝུའུ་རྫོང་(平武县)ནས་འདི་གར་འབྱོར་ཞིང་། ཁྱིམ་བདག་མས་ཕག་ཤ་རྔོས་མས་ཐོག་དྲངས་ཟས་སྣ་མང་པོ་མདུན་དུ་བཤམས་ནས་བསུ་མའི་ཟས་ཐུན་དང་པོ་བསྟབས་སོ། །གུང་ཟས་ཟིན་པ་ན་མོས་“དེ་རིང་སྡེ་བའི་ཁྱིམ་ཚང་ཞིག་ན་གཏོ་འཕེན་བཞིན་འདུག ། ཁྱེད་གཉིས་དེར་འགྲོ་འམ་”ཟེར། ངེད་གཉིས་ཀྱི་འདོད་ཐོག་ལ་རང་བཞིན་གྱིས་འཁེལ་བས་དེ་གར་ཕྱིན་པ་ཡིན། ཁྱིམ་ཚང་དེས་བོན་པོ་གཅིག་གདན་དྲངས་ནས་ཆོ་ག་སྒྲུབ་བཞིན་འདུག །བལྟས་ཚོད་ལ་བོན་པོ་ཁོང་ལོ་ཚོད་སུམ་ཅུ་ཡས་མས་ཙམ་འདུག་ཅིང་བོད་ལྭ་གྱོན་ཞིང་ལག་གཡོན་པའི་ཕུ་རུང་ཕུད་དེ་རྔ་རྡུང་བ་དང་། སིལ་སྙན་དཀྲོལ་ཞོར་ཕྱིང་གདན་ངོས་ཀྱི་དཔེ་རྙིང་མཐུག་པོ་ཞིག་ལ་བལྟས་ནས་སྐད་གསེང་མཐོན་པོས་འདོན་བཞིན་འདུག །རྣམ་རིག་བསྒྲིམས་ནས་ཉན་ན་བོད་སྐད་ཡིན་པ་ལམ་སེང་ཤེས་ཐུབ་ལ། མཚམས་མཚམས་སུ་“རྨ་རྒྱལ་སྦོམ་ར་”ཟེར་བའང་བརྟག་ཐུབ། བོན་པོའི་གམ་དུ་བཅར་ནས་དཔེ་ཆར་ལྟ་བཞིན་ཁོང་གི་ངག་ལ་ཉན་ན་ཏན་ཏན་ཨམ་སྐད་ཀྱི་ཀློག་སྟངས་འབའ་ཞིག་གམ་སྙམ་པ་བྱུང་། ཡང་ཅོག་ཙེ་དང་ཆ་སྒམ་སྟེང་དུ་མར་གྱིས་གཏོ་བཅོས་འདུག་ལ་དེ་གར་སེམས་ཅན་ཞིག་གི་རྒྱུ་མ་དང་ཁྲག་སོགས་ཀྱང་མཆིས་པས་དམར་མཆོད་བྱེད་སྲོལ་འདུག ། རྒན་ཚངས་དབང་དགེ་འདུན་བསྟན་པའི་《སྟོད་པོ་ཡུལ་གྱི་མཐོང་ཐོས།》ལས་“ཁོ་ཚོས་དད་མོས་བྱེད་པའི་ཆོས་ལུགས་ནི་གདོད་མའི་བོན་པོ་ཡིན་པ་ལས་གཡུང་དྲུང་བོན་པོ་མིན་”ཞེས་ཟེར་བ་ཡང་འདི་ལྟ་བུ་ལ་གཞིགས་ནས་བཤད་པ་ཡིན་སྙམ་སྟེ། དམར་པོ་ཤ་ཁྲག་གི་མཆོད་པ་ལ་སྟོན་པ་གཤེན་རབ་ཀྱིས་མ་དགྱེས་པར་བཀག་མྱོང་བ་བོན་གྱི་ཡིག་ཚང་《སྲིད་པ་སྤྱི་མདོས།》སུ་གསལ། ཆོ་ག་གྲོལ་རྗེས་དགེ་རྒན་གྱིས་དཔེ་རྙིང་དེ་ཉིད་སློག་པ་ན་རྒྱལ་བ་གཤེན་རབ་ཀྱི་མཚན་ཡང་ལན་དུ་མར་མཐོང་བས་གཅིག་བྱས་ན་གཡུང་དྲུང་བོན་གྱི་ཆ་ཡང་བསྲེས་ཡོད་སྙམ།
        རིམ་གྲོ་སྒྲུབ་མཁན་ཚང་ལ་ཁྱིམ་མཚེས་དང་ཤ་ཉེ་རྣམས་ཀྱིས་ཝུ་ཆང་ཤོག་སྒམ་གང་རེ་བསྐྱལ་ནས་འོང་བཞིན་འདུག་ལ། ངེད་གཉིས་ལ་ཡང་ཆང་འཐུང་འོས་ཚུལ་གྱི་གཏམ་མང་པོ་ལབ་བྱུང་། ཁྱིམ་བདག་གི་མིང་ལ་ཐར་གཟུངས་ཟེར་ལ་ཁོང་ནི་སྡེ་བ་འདིའི་བོད་ཡིག་ཤེས་མཁན་གཅིག་པུ་ཡིན་པས་འདི་གའི་རྒྱུད་འཛིན་པར་བཀུར་འདུག ། དེ་སྐད་གོ་མ་ཐག་ཁོང་གིས་བོད་ཡིག་ཤེས་པས་ཡུལ་འདིའི་རིག་གནས་ཀྱི་རྒྱུད་འཛིན་པར་བཀུར་པ་ལས་ཀྱང་ང་ཚོ་ལ་གནས་ལུགས་ཟབ་མོ་ཞིག་སྟོན་བཞིན་ཡོད་ཨང་སྙམ་བྱུང་། དགེ་རྒན་གྱིས་“ཁྱེད་ཅག་གི་མེས་པོ་གང་ནས་མཆེད་པ་དང་། ཡུལ་འདིའི་ལོ་རྒྱུས་འཆད་པའི་དཔེ་རྙིང་འདྲ་ཡོད་དམ་”ཞེས་དྲིས་པ་ན་སྔོན་མར་《གནམ་རྒྱལ་གཟུངས།》ཟེར་བ་ཞིག་ཡོད་པ་ངེད་ཅག་གི་ལོ་རྒྱུས་དེབ་ཐེར་ཡིན་མོད་སྡེ་བ་འདི་ནི་ཀུང་ཧྲེ་འཛུགས་ཡུལ་ཡིན་པས་རིག་གསར་སྐབས་དཔེ་རྙིང་ཚང་མ་མེ་ལ་བསྲེགས་པ་རེད། སྡེ་འདིའི་མར་གཤམ་ན་མཆིས་པའི་བོན་པོ་ཡི་སྡེ་བར་ད་དུང་དཔེ་རྙིང་མང་པོ་ཡོད་ལ་བོད་ཡིག་ཤེས་མཁན་ཡང་བདུན་བརྒྱད་ཙམ་ཡོད་པ་སོགས་ཀྱང་བཤད། 
        དེ་ནས་ཐར་གཟུངས་ཁོང་རང་གིས་གསར་དུ་བྲིས་པའི་དཔེ་ཆ་སྣ་རིང་ཞིག་བསྟན་བྱུང་བ་དང་། དེར་གསང་མཆོད་དང་། གཏོ་ཆོག །ས་བཅོས་སོགས་ཀྱི་བརྗོད་བྱ་སྣ་མང་འདུས་ཤིང་། དགེ་རྒན་གྱིས་དེ་ཉིད་སློག་ཅིང་ངས་ནི་ཐར་གཟུངས་ལགས་ལ་བོད་ཡིག་གི་ཀ་མད་སུམ་ཅུ་འབྲི་རུ་བཅུག་པ་ན་ཁོང་གིས་བོད་ཡིག་དབྱངས་གསལ་ནས་བརྩམས་ཏེ་སྦྱངས་པ་མིན་པར་བཤད་པས། གུས་པས་ཁ་པར་དུ་ཀ་མད་སུམ་ཅུ་གཏགས་ཏེ་ཐར་གཟུངས་ཁོང་གིས་དེ་ལ་བལྟས་ནས་ཁོང་ཅག་གི་འབྲི་ལུགས་ལྟར་གསལ་བྱེད་སུམ་ཅུ་བྲིས་པ་ཡིན། ཀློག་སྟངས་ཐད་ནས་བ་ཝ་འ་གསུམ་ནི་བ་ལྟར་ཀློག་བཞིན་འདུག་ལ། སྒོས་སུ་ཝ་ནི་འ་དང་བ་དེ་ནས་ཙ་རྟགས་ཀྱིས་བྲིས་པས་ཁོང་གིས་འབྲི་ལུགས་འདི་ནི་ངེད་ཅག་གི་དཔེ་རྙིང་ལས་གཞན་ལ་མེད་པས་ཐུན་མོང་མིན་པ་ཞིག་ཡིན་ཞེས་བརྗོད་ཞོར་དཔེ་རྙིང་ལས་ཝ་ཡིག་ཙ་རྟགས་ཅན་བཙལ་ནས་བསྟན་བྱུང་།
        སྐབས་འདིར་དགེ་རྒན་གུར་མགོན་གྱིས་རང་གི་སྐད་འཕྲིན་དུ་ “ཝ་ཙ་རྟགས་ཅན། འདིའི་ནང་ན་གནད་ཅིག་ཡོད།”ཅེས་པར་འདི་དང་བཅས་ཏེ་སྤེལ་བ་ལ་ཕྱིས་ཁོ་བོས་གནད་གང་ཡོད་དྲིས་དུས། ཁོང་གིས་“མཁས་དབང་དགེ་ཆོས་ཀྱི་རྣམ་དཔྱོད་ཀྱི་ཟུར་ཞིག་འདི་ན་སྣང་། འདི་སློབ་དཔོན་ཐོན་མིས་ཡི་གེ་གསར་དུ་བརྩམས་ཚུལ་ལ་དཔྱད་པའི་གནད་ཅིག་ཀྱང་རེད་”ཟེར། དེ་ནི་《གཏམ་རྒྱུད་གསེར་ཐང་།》ལས། “གཞན་ཁྱེད་ཅག་གི་བློ་ངོར་ཆེས་ཤིན་ཏུ་འཐད་དཀའ་མོད། རིགས་པས་བརྟག་ན་ཤིན་ཏུ་ཡང་འཐད་པ་འདི་སྨྲ་བར་བྱ་སྟེ། དེ་ཡང་ཙ་ཚ་ཛ་སོགས་བསྣན་པར་མ་ཟད། བསྣན་པའི་རྟགས་ཀྱང་ཐུ་མིས་བཏབ་པ་ཡིན་ནོ། ། རྟགས་ཅི་འདྲ་ཞིག་མཐོང་ཞེ་ན། གསར་པ་ཅི་ཡང་མ་མཐོང་གི་ཙ་ལག་གམ་ཙ་རྟགས་སུ་གྲགས་པ་དེ་དག་གསར་དུ་བསྣན་པའི་ཡི་གེ་དག་ལ་རྟགས་བཏབ་པ་ཡིན་ནོ། །་་་་་་་་་་་འོན་ཀྱང་ཝ་ཡིག་ཀྱང་རྒྱ་སྐད་ལ་མེད་ཟེར་བ་ག་ལ་འཐད་སྙམ་ན། ཤིན་ཏུ་ཡང་འཐད་དེ་རྒྱ་སྐད་ཀྱི་ནང་དུ་ཝ་ཡིག་ཀྱང་རང་རེའི་སྒྲ་བཞིན་ཀློག་པ་གཏན་ནས་མེད་ཅིང་།་་་་་་་་་་་་དེ་ཡང་ལ་དང་བ་གཉིས་བསྲེས་པ་ཡང་མིན་གྱིས་འ་དང་བ་གཉིས་བསྲེས་པ་ཡིན་ནོ་སྙམ་སྟེ། ཡིག་རྙིང་མང་པོར་ཝ་ཡིག་གི་གཟུགས་ཀྱང་འྦ་འདི་ལྟར་སྣང་ཞིང་། དེ་ལས་དབུ་མེད་ཀྱི་ཝ་ཡིག་གི་གཟུགས་ཀྱང་བྱུང་བར་གསལ་བའི་ཕྱིར་དང་། འདིའི་ཀློག་ཚུལ་ཡང་འ་དང་བ་གཉིས་བསྲེས་པ་རང་ཡིན་ཏེ། ཁམས་ཕྱོགས་པ་ཕལ་ཆེར་ཀྱི་(གྱི)སྐད་ལ་འ་དང་ཝ་གཉིས་ཕན་ཚུན་ནོར་འགྲོ་བ་ཙམ་དུ་ཀློག་ཅིང་།་་་་་་་་་གལ་ཏེ་འ་དང་བ་བསྲེས་ནས་ཝ་ཡིག་བྱུང་བ་ཡིན་ན། ཝ་ཡིག་གི་སྟོད་ལ་དང་འདྲ་བ་དེ་ཅི་ཡིན་ཞེ་ན། དེ་ལ་ཡང་ཙ་རྟགས་བཏབ་པ་ཡིན་ཏེ།”ཞེས་སོགས་རྒྱས་པར་གསུངས་ཡོད་པ་དེ་ཡིན་འདུག ། 
        ཡུལ་འདིའི་སྐྱེས་པ་རྣམས་ཀྱི་ལྭ་བ་ནི་བོད་ལྭ་བྱིངས་དང་འདྲ་ཡང་། སྐྱེས་མ་རྣམས་ཀྱི་ལྭ་བ་ནི་བལྟས་ཚོད་ལ་སི་ཁྲོན་ས་ཁུལ་དུ་གནས་པའི་ཏེ་རིགས་དང་དབྱི་རིགས། ཆའང་རིགས་ཀྱི་སྐྱེས་མ་རྣམས་ཀྱི་གྱོན་པ་དང་འདྲ། དུད་ཁྱིམ་རེའི་ཁང་ཁྱིམ་གྱི་ཀླད་དུ་བྱ་ཕོ་དཀར་པོའི་གཟུགས་གཉིས་རེ་ཡོད་པ་དང་། མགོ་ལ་བྱ་སྒྲོ་བཙུགས་པའི་ཕྱིང་ཞྭ་ལེབ་མོ་གྱོན་སྲོལ་ནི་འདི་གའི་ངག་རྒྱུན་ཞིག་ལ་འབྲེལ་ནས་བྱུང་བ་སྟེ། བྱ་ཕོ་དཀར་པོ་ཞིག་གིས་དམག་བརྡ་བཏང་ནས་ཉེན་ཁ་ལས་བསྐྱབས་པས་དེ་ཉིད་རྗེས་དྲན་ལ་ཁང་བའི་ཡང་སྟེང་དུ་བྱ་གཟུགས་བཞེངས་པ་དང་དབུ་ཞྭ་ལ་བྱ་སྒྲོ་དཀར་པོ་བཙུགས་པར་བཤད་ཅིང་རྒྱས་པར་རྒན་ཚངས་དབང་དང་གངས་དབང་ལགས་ཀྱི་རྩོམ་སོགས་ལས་ཤེས་པར་ཞུ། སྐྱེས་མ་རྣམས་ཀྱི་“ཞྭ་དཀར་གྱི་སྟེང་ལ་བྱ་སྤུ་གཉིས་ཡིན་ན་གཉེན་སྒྲིག་བྱས་ཟིན་པ་དང་། གསུམ་ཡིན་ན་ཆང་ས་རྒྱག་མ་མྱོང་བའི་རྟགས་ཡིན། རྒན་མོ་ལོ་ལོན་ཡིན་ཚེ་བྱ་སྤུ་གཅིག་མ་གཏོགས་མེད། སྐྱེས་པ་ཕོ་ཚོའི་ཞྭ་ལའང་བྱ་སྤུ་གཅིག་བཏགས་ཀྱང་། བྱ་སྤུ་ནི་མཐོ་གང་ཙམ་ལས་མེད་དོ། །”(ཚིག་འདི་《སྟོད་པོ་ཡུལ་གྱི་མཐོང་ཐོས་》ལས་བཤུས།) 
        ཁྱིམ་ཚང་རེ་རེར་ཡུལ་སྐོར་བ་སྣེ་ལེན་བྱེད་སའི་འགྲུལ་ཁང་མང་པོ་འདུག་ཀྱང་། ཉིན་འདིར་ལྗོངས་རྒྱུ་བ་དགེ་རྒན་ངེད་གཉིས་ལས་མེད་པ་འདྲ་བས་ཕལ་ཆེར་དུས་ཚོད་མ་འགྲིག་པ་ཡིན་སྙམ་མོད། ཁོང་ཅག་གིས་བཤད་པ་ལྟར་ན་མ་གཞི་སྡེ་འདིའི་སྔུན་རིའི་(སྟོད་པོའི་ཡུལ་སྐད་ལྟར་བྲིས། རྒྱབ་རི་ལ་ཡེབ་རི་ཟེར་བཞིན་འདུག )འདབས་སུ་མྱུར་བགྲོད་གཞུང་ལམ་སྐྲུན་བཞིན་པའི་ཡུལ་འདིའི་ལྷིང་འཇགས་དང་མཛེས་སྡུག་རྣམས་ཀྱང་དེ་ཡིས་བཅོམ་པས་ལོ་སྔོན་མ་དང་བསྡུར་ན་ཡུལ་སྐོར་བ་ཡང་ལྟོས་བཅས་ཀྱིས་ཇེ་ཉུང་དུ་སོང་བར་བརྗོད། ཁྱིམ་ཚང་ཞིག་གི་ཁང་པ་ཡང་གཞུང་ལམ་ལ་ཁེལ་བས་སྐྱེས་པ་རྣམས་རོགས་ལ་ཡོང་ནས་བཤིག་པ་དང་། ལ་ལས་ཤིང་ཆ་སྐྱེལ་བའི་ལས་ལ་བྲེལ་བཞིན་འདུག །དེ་ལྟར་ལུང་པ་འདི་ནས་མཐོང་ཐོས་བྱུང་བ་རྣམས་ཕྱིར་དྲན་ལན་གཅིག་བྱེད་ཞོར་ང་དང་དགེ་རྒན་གཉིས་ཀྱིས་ནུབ་འཚལ་འཐུངས་རྗེས་ཕྱི་ཉིན་ཞོགས་པར་གནས་ཚང་བདག་མོ་ལ་བཀའ་དྲིན་གྱི་གཏང་རག་དངུལ་ཡང་འོས་འཚམ་ཞིག་ཕུལ་ནས་ཕྱིར་རང་མལ་དུ་ལོག་པ་ཡིན། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1