ཞིང་ཆེན་འགོ་ཁྲིད་ཀྱིས་མེ་འགོག་ལ་བཀོད་འདོམ་གནང་།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-31




        ཉེ་ཆར། ལེའང་ཧྲན་ཁུལ་མུ་ལི་རྫོང་དང་ཤིས་ཁྲང་གྲོང་ཁྱེར། མན་ཉིང་རྫོང་། ཡན་ཡོན་རྫོང་བཅས་ཀྱི་ནགས་ཚལ་ལ་མེ་སྐྱོན་ཤོར་བ་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་འཕྲལ་དུ་མཆན་འགོད་མཛུབ་སྟོན་གནང་ནས་བླང་བྱ་ཁ་གསལ་བཏོན་ཡོད།

        ཕེང་ཆིང་ཧྭ་ཡིས། ནགས་ཚལ་མེ་ཟོན་ལས་དོན་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་དང་འབྲེལ་བ་ཡོད་པས་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང་། མིག་སྔར་རང་རེའི་ཞིང་ཆེན་གྱི་དཔྱིད་དུས་མེ་ཟོན་གྱི་འགག་རྩའི་དུས་སུ་སླེབས་པས། ནགས་ཚལ་མེ་སྐྱོན་ཤོར་སླ་བ་རེད་ལ། ལྷག་པར་དུ་ཉེ་དུས་ལེའང་ཧྲན་ཁུལ་གྱི་ས་ཆ་མང་པོར་ནགས་ཚལ་མེ་སྐྱོན་བྱུང་བས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱ་དགོས། དུས་ཐོག་ཏུ་སྟོབས་ཤུགས་འདང་ངེས་སྒྲིག་འཛུགས་བྱས་ནས་ཚན་རིག་དང་མཐུན་པའི་མེ་གསོད་མི་སྐྱོབ་དང་དུས་ཚོད་ཐུང་ངུའི་ནང་མེ་གསོད་ཐུབ་པར་བརྩོན་ལེན་བྱས་ནས། རོགས་སྐྱོབ་མི་སྣ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ལ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ་དང་། ལས་ཀའི་འགན་འཁྲི་ནན་ཏན་གཏོང་བ། ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་མེ་ཁུངས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་དང་མེད་པ་བཟོ་བ། འཕྲལ་སྡོམ་གྲ་སྒྲིག་དང་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་ཤོར་བར་ནན་འགོག་བྱ་དགོས་ཞེས་བཏོན། དབྱི་ལི་ཡིས་དུས་ཐོག་ཏུ་རོགས་སྐྱོར་གྱི་འབྲེལ་ཡོད་ལས་དོན་ལ་བཀོད་འདོམས་ཡག་པོ་བྱ་དགོས་པ་དང་། མེ་ཟོན་ཐད་སྒྲིག་འཛུགས་དམ་འཛིན་བྱེད་པ། གནོད་འཚེ་གཞན་པ་མི་ཡོང་བ་བྱེད་པ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་གནོད་འཚེ་དང་གྱོང་གུན་ཉུང་དུ་གཏོང་བ། དུས་མཚུངས་སུ་ངེས་པར་དུ་མེ་ཟོན་ལས་དོན་ཡག་པོ་བསྒྲུབ་དགོས་པ་བཏོན་པ་རེད། 

        ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། སྤྱི་ཟླ་3ཚེས་29ཉིན། ཞིང་དཔོན་གཞོན་པ་རབ་བརྟན་གྱིས་འཕྲལ་སྡོམ་ཐིང་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་སུ་བརྙན་ལམ་བཀོད་འདོམས་ཚོགས་འདུ་འཚོགས་ནས་མེ་ཟོན་མི་སྐྱོབ་དང་ཉེ་དུས་ཀྱི་མེ་ཟོན་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། མིག་སྔར། ཞིང་ཆེན་དང་ཁུལ་ལས་དོན་ཚོ་ཆུང་མེ་སྐྱོན་བྱུང་ཡུལ་དུ་བསྐྱོད་དེ་མེ་ཟོན་ཐད་མཛུབ་ཁྲིད་བྱས་པ་རེད། ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱིས་ནགས་ཚལ་མེ་ཟོན་དང་། ས་གནས་ཀྱི་ཆེད་ལས་མེ་གསོད་དཔུང་སྡེ། འཕྲལ་སྡོམ་ཡུལ་དམག་དང་དེ་བཞིན་མང་ཚོགས་སོགས་འཕྲལ་སྡོམ་མེ་གསོད་མི་སྣ་3000ལྷག་ཙམ་སྒྲིག་འཛུགས་བྱས་ཤིང་། ནགས་ཚལ་མཁའ་འགྲུལ་གྱི་མེ་ཟོན་ཐད་འཕུར་གནམ་གྲུ་4མེ་ཟོན་ནང་ཞུགས་པ་དང་། ཁྲེན་ཏུའུ་དང་རྔ་བ། དཀར་མཛེས་བཅས་ཀྱིས་ནགས་ཚལ་མེ་ཟོན་མི་སྣ་400བསྡུས་ནས་ལེའང་ཧྲན་ཁུལ་དུ་རོགས་སྐྱོར་བསྐྱོད་ཅིང་། མེ་ཟོན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1