རྟའུ་སྔར་བཞིན་མཛེས་ཤིང་ལྟ་ན་སྡུག།

ལྕང་ཞབས་པ་འགྱུར་མེད་ཚེ་དབང་གིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


 མདོ་ཁམས་རྟའུ་ཡུལ་གྱི་བཤད་པ་ཐོས་པ་དགའ་བའི་རྒྱན།

དཔྱིད་ཀ་ནི་རེ་སྒུག་ཡུན་རིང་བྱས་པའི་དུས་ཚིགས་ཤིག་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུས་ཚིགས་ཤིག །དགུན་རྒྱ་སྟག་གི་མཆེ་སྡེར་འོག་དང་། གངས་ཁ་བ་ཡི་གྲང་ངར་ལ་གྱེས་ཕྱག་ཕུལ་ནས། ཡོད་ཚད་ལ་རེ་བ་དང་ཚེ་སྲོག་གསར་པའི་སྐྱེ་སྟོབས་ཁྱེར་ནས་ཡོང་བཞིན་འདུག །དལ་ལྷོད་ལྷོད་ཀྱི་གོམ་པ་སྤོས་ནས་ཡོང་བཞིན་འདུག །འཇམ་ནེམ་ནེམ་གྱི་བསིལ་རླུང་དང་འགྲོགས་ནས་ཡོང་བཞིན་འདུག །རེ་ལྟོས་དང་སྨོན་པ་ཡི་ལགས་སྐྱེས་བསྣམས་ནས་ཡོང་བཞིན་འདུག །ལྟོས་དང་། དུག་སྨུག་གི་ཁ་རླངས་དེ་ལང་མ་ཁོག་གིས་བྲོས་ནས་འགྲོ །གསོན་དང་། རླུང་ནག་འཚུབ་མའི་ཤུར་སྒྲ་བཙན་པོ་དེ་སྐད་ཅིག་ཉིད་ལ་འཇམ་ཅག་གེར། རྟའུ་ཡི་ནམ་མཁའ་སྔར་བཞིན་གཡའ་དག་ལ། རྟའུ་ཡི་རྩྭ་ཐང་སྔར་བཞིན་ཁྲ་མཆི་ལེར། རྟའུ་ཡི་རྫོང་མཁར་སྔར་བཞིན་བརྟན་བརྗིད་སེ། །
རྟའུ་ཡི་མིང་བཤད་པ།

དེ་ཡང་ཇི་སྐད་དུ། རྟའུ་མི་མཚོ་དམར་མོ། །རྩྭ་སྐྱར་མེ་ལྕེ་མཆེད་འདྲ། །སྟག་རོང་ཤོག་ཆེན་བཅོ་བརྒྱད། །བྱི་རུ་མེ་ལྕེ་མཆེད་འདྲ། །ཞེས་ཡོངས་ལ་གྲགས་པ་བཞིན་གླིང་སྟག་རོང་གི་སྡེ་པ་ལས་མཆེད་པ་དང་། སྟག་རོང་སྡེ་པའི་ས་རྟགས་ཆུ་རྟགས་ཡོད་པར་མ་ཟད། སྟག་རོང་གི་རྒྱུད་པ་ཡང་དེང་གི་བར་དུ་འཚོ་ཞིང་བཞེས་ལ། མིང་བཏགས་དོན་མཐུན་དུ་བདོག །སྟག་རོང་སྡེ་པའི་གནའ་མཁར་ཡོད་ས་རང་ནས་མི་རིང་ས་ན་ཁྱིམ་རྒྱུད་དེ་ཡོད་ཅིང་། ས་ཕྱོགས་ཀུན་པོ་གཅིག་པ་གཅིག་ཀྱང་རེད། རྟའུ་རྫོང་གི་ལྷོ་ཕྱོགས་སུ་ཚྭ་མཚོ་དཀར་མོ་ཡོད་ལ། དེའི་ལུང་པའི་ནང་ནས་ཡར་སོང་ན། རྒྱབ་ཕྱོགས་རྫ་རི་མཐོ་ལ་བརྗིད་པ། གཞི་བདག་སེ་བོ་རི་རྒྱུད་ལྷོ་ལ་བརྒྱུགས་པའི་སྣ་རྩེ་རུ་སྟག་རོང་སྡེ་པའི་མཁར་དེ་ཆགས་ཡོད། མཁར་འདི་མཐོང་ཚེ་ཡུམ་བུ་བླ་མཁར་དྲན་གསོ་ཐུབ་པ་ཞིག་ཡོད། སྟག་རོང་ཆེ་རྒྱུད་སྐབས་ཀྱི་གཞི་བདག་དང་། བོན་པོའི་རིགས་ཀྱི་ལྷ་དང་བླ་མ་ཡོད་པས་འབྲེལ་བ་ཆེ་སྙམ། དེ་བཞིན་སྟག་མཁར་ཡོད་ས་དེ་ན་ཡང་ཕྱོགས་བཞི་ལ་མཁར་བཞིའི་ཤུལ་ཡོད་པ། དེ་ནི་མ་བཞི་དཔོན་པོ་ཁྲོ་ཐུང་ཟེར་བ་དང་། ཁྲོ་ཐུང་དེ་མ་བཞིའི་འོ་མས་གསོས་པའི་ལོ་རྒྱུས་ཡོད་སྟབས། མ་བཞི་ལ་མཁར་བཞི་ཡོད་པ་དེ་ཡིན་ཞེས་བཤད་ཀྱི་འདུག །སྤྱིར་ཁྲོ་ཐུང་དེ་གང་དུ་བཞུགས་རུང་རྟ་འཚོ་སྐྱོང་བྱེད་པའི་ལོ་རྒྱུས་དེ་ཆེས་མང་པོ་ཡོད། དཔེར་ན་རྟའུ་སྟག་མཁར་ཡོད་ས་དང་མི་རིང་བའི་ས་ན་རྟ་ར་མཐའ་ཀ་ཁ་ཞེས་རྟ་ར་ཡོད་པ་དང་། དེ་བཞིན་དུ་ཁྲོ་ཐུང་ཚང་གི་གནས་གཞི་མཛད་ས་ཕལ་ཆེ་བ་ལ་རྟ་ཡི་ལོ་རྒྱུས་རེ་བཤད་དུ་ཡོད། རྟའུའི་གདོད་མའི་ཆོས་ལུགས་ནི་བོན་ལུགས་ཡིན་པ་ནི་ཤུགས་ཀྱིས་གོ་བ་ཡིན་ཏེ། རྟའུ་ཉིན་མཚོ་དགོན་པའི་གཞི་རྟེན། རྩ་བ་དེ་བོན་པོའི་དགོན་པ་ཡིན་ཞེས་ཡོངས་ལ་གྲགས་པ་བཞིན་དོན་མཐུན་དུ་གནས་སོ། །དེ་བཞིན་རྗེས་སུ་ཇོ་ལོ་སྣ་ཡོད་ས་དེར་བོན་པོའི་དགོན་པ་ཡོད་མྱོང་ལ། ད་ལྟ་ཡང་དགུ་རྫ་དགོན་ནི་བོན་པོ་རེད། དཔེར་ན། རི་དེ་ཚོའི་མིང་ལ་བལྟས་ན་ཡང་བོན་རི་ཡིན་པ་ཡང་། དམུ་རྗེ་དང་། དམུ་ཐོ་ཞེས་པས་གོ་ཐུབ། བོན་པོ་ཚང་ལ་གནམ་གྱི་དམུ་ཐག་བཤད་དུ་ཡོད་ལ། ལྷ་ཐམས་ཅད་དམུ་ཐག་ལ་བརྟེན་ནས་འབབ་འཛེགས་བྱེད་པ་རེད་ཅེས་གསུངས་ཡོད།


དེ་ནས་ཡུལ་འདི་ལ་རྟའུ་མེ་མཚོ་དང་། མི་མཚོ། ཉ་མཚོ། ཉིན་མཚོ་སོགས་ནི། དུས་རབས་མི་འདྲ་བ་དང་། སྤྱི་ཚོགས་མི་འདྲ་བ། ཁོར་ཡུག་མི་འདྲ་བའི་འགྱུར་བ་ལས་དེ་ལྟར་ཐོགས་པ་རེད། དཔེར་ན་མེ་རི་འབར་མྱོང་བའི་རང་དུས་དེར་མེ་མཚོ་ཟེར་བ་དང་། མི་ཚོགས་ཇེ་མང་དང་མཐུན་སྒྲིལ་གྱིས་དགྲ་ལ་རྦད་སྟངས་ཐོགས་ནས། རྟའུ་མི་མཚོ་དམར་མོ་ཟེར་བ་དང་། ཐང་མཚོ་འདམ་ཅན་དེ་ན་ཉ་མང་པོ་ཡོད་པས་ཉ་མཚོ་ཟེར་བ། དགེ་ལུགས་དགོན་ཆེན་ཞིག་ཉིན་ངོ་ནས་ཆགས་པས་ཉིན་མཚོ་ཟེར་བ་སོགས་ནི་རིམ་བཞིན་ཁོར་ཡུག་གི་འགྱུར་བ་ལས་བྱུང་། དེ་ཡང་རྟའུ་མེ་མཚོ་ཟེར་བའི་རྒྱུ་མཚན་དུ། ར་ཧོར་པ་མཁས་དབང་ཡེ་ཤེས་དར་རྒྱས་ལགས་ཀྱིས་འདི་ལྟར་གསུངས་ཏེ། རང་རེའི་སློབ་གྲྭ་(དེ་སྔོན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཡོད་སའི་གནས།)ཡོད་པའི་རྒྱབ་ཕྱོགས་སུ་ཆུ་བོ་ཆེ་ཙམ་ཞིག་གྲུ་ཆུང་གཅིག་བརྒལ་མ་ཐག་ཏུ་རི་བོ་མཛེས་སྡུག་ལྡན་པ་ཞིག་གི་མདུན་དུ་སླེབས། རི་དེ་ཡི་མིང་ལ་རྟའུ་ནས་དེའུ་ཕྱུག་མོ་ཟེར། རི་དེ་འབྲུ་དྲུག་སྔོན་མོ་ཐང་ལ་སྤུངས་པ་ལྟ་བུའི་རི་ཞིག་ཡིན་པས་མིང་དེ་ཆགས་པར་མ་ཟད། གཡང་ཕུན་སུམ་ཚོགས་པ་འཁོར་ནས་དེར་འཁོད་ཀྱི་སྐྱེ་བོ་ཀུན་ཕྱུག་པོར་ཆགས་པ་རེད་ཅེས་ཟེར་སྲོལ་ཡོད། རི་དེ་ནི་འབར་འབུར་འགྱུར་གཤོང་གང་ཡང་མེད་པར་དཔྱིད་ཀྱི་དཔལ་ཡོན་ངོམས་པའི་སྐབས་སུ་ཕར་བལྟས་ན་གཡུ་ཡི་སྡེར་མ་ཞིག་གི་ནང་ཨིནྡྲ་ནི་ལའི་སྒོ་ང་གྱེན་དུ་བསླངས་པ་ནང་བཞིན་དུ་རི་གཞན་པ་ཚོ་དང་མི་འདྲ་བའི་ཁྱད་རྟགས་ཡོད་པ་དང་དེ་ཡི་མདུན་དུ་རྡོ་ཞུན་གྱི་ཁ་བ་དང་འདྲེས་པའི་མཚེའུ་ཆུང་ཞིག་ཡོད། དེ་ལ་རྟའུ་ཚ་མཚོ་དཀར་མོ་ཞེས་འབོད་ཀྱི་ཡོད། ད་དུང་ཧ་ཅང་ཐག་མི་རིང་པའི་ཕྱོགས་ཤིག་ལ་རླངས་པ་ཐར་ཐོར་དུ་འཕྱུར་བའི་རང་བྱུང་གི་ཆུ་ཚན་མང་པོ་ཞིག་ཏུ་འཕྲོད་བསྟེན་གཙང་སྦྲའི་བྱ་འགུལ་སྤྲོ་སྣང་ཆེ་བའི་མི་ཚོགས་ཚོ་དང་ཚོ་བྱས་ནས་ཁྲུས་ཀྱི་རྩེད་འཇོ་ལ་རོལ་བའི་སྲོལ་འདུག །གཡོན་ཕྱོགས་སུ་ལྕགས་རིའི་གཏེར་ཁ་ཞིག་ཀྱང་བརྡོལ་འདུག །རི་དེ་ནི་རྩེ་མོ་ནས་རྩ་བའི་བར་ཚང་མ་རྡོ་ཞུན་གྱི་བྲག་རྡོ་ལས་གྲུབ་པ་ཤ་སྟག་ལས་བྲག་རྡོ་ཕལ་བ་ཞིག་ཧ་ལམ་མཐོང་རྒྱུ་མེད་པ་འདྲ། སྔར་ནས་ད་ལྟའི་བར་རི་བོ་ཁོང་གིས་དུས་ཡུན་རིང་པོར་སྦས་སྐུང་བྱས་པའི་གསང་བ་ཞིག་སྟེ། ཁོང་ནི་སའི་གོ་ལ་དང་དགུང་གྲངས་ལོ་མཉམ་མ་ཡིན་པར་དུས་སྐབས་ཡུན་མི་རིང་བ་ཞིག་ན་ས་ཤུན་གྱི་ཆགས་རིམ་ལས་རྡོལ་ཏེ། སྔར་མེད་གསར་དུ་ཕེབས་བའི་སྐུ་མགྲོན་གསར་བ་ཞིག་སྟེ་མི་ཉག་རབ་སྒང་གི་ས་མཚམས་འདིར་མེ་རི་འབར་གས་བྱུང་བའི་རྐྱེན་ལས་ས་ཆ་འདིར་ཕེབས་དགོས་ཐུག་པ་ཞིག་དང་འདྲ། རི་དེ་ནི་རང་དགར་འབུར་དུ་ཐོན་པ་ཞིག་ལས་ལུང་པ་དང་རི་རྒྱུད་གཞན་གང་དང་ཡང་འབྲེལ་མེད་པར་རང་ཚུགས་རང་རྐྱ་ཁེར་བའི་ངང་གནས་པ་ཞིག་རེད། སྤྱིར་བཏང་ཐོག་མ་མེ་རི་འབར་གས་བྱུང་རྗེས་ལས་ཐོན་པའི་རི་ཞིག་ཡིན་ན་རི་དེ་ཡི་རྩེ་མོ་མེ་འབར་ཤུལ་གྱི་འབར་ཁུང་ལྟ་བུ་ཡི་རྡིབ་གཞོང་ནང་དུ་མཚོ་དང་མཚེའུ་ཡོད་སྲིད་ཀྱང་། རི་རྩེ་འདི་ཧ་ལམ་ལེབ་མོ་ཙམ་ཞིག་ལས་མཚོ་དང་མཚེའུ་རྗེས་ཤུལ་མི་སྣང་མོད། རི་དེ་ཡི་མེ་རིའི་འབར་གས་ནི་གློ་བུར་ཏུ་མཚམས་བཞག་པ་ཞིག་མིན། དལ་བུའི་ངང་ནས་མཚམས་བཞག་པ་ཞིག་ཡིན་པས་མགོ་ལ་མཚེའུ་སོགས་མེད་པ་འདྲ།

དེར་མ་ཟད་ས་འདིར་མེ་རི་འབར་གས་བྱུང་བའི་བདེན་དཔང་གཞན་ཞིག་ནི། ཆེས་སྔ་བའི་གནའ་བོའི་བོད་མི་རིགས་ཀྱི་གསུང་སྐད་ཚིག་ཉུང་ཉུང་ཞིག་ད་ལྟའང་མ་ཉམས་པར་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་དུ་གྲགས་བཞིན་ཡོད་པ་འདིས་ཀྱང་ཤེས་ཏེ། གནའ་མིའི་རྟ་རྒྱུག་རྙིང་པ་སོགས་ཀྱི་ནང་དུ་མི་རྩིས་ས་རྩིས་ཤོད་སྐབས་རྟའུ་མེ་མཚོ་དམར་པོ་ཞེས་པའི་མིང་འདོགས་གསལ་པོ་བཤད་ཡོད་པ་རེད། འོ་ན་རྟའུ་ས་ཆ་འདི་ལ་མེ་མཚོ་དམར་པོ་ཞིག་འོང་དོན་གང་རེད་ཞེ་ན། འདས་པའི་ལོ་སྟོང་ཕྲག་མང་པོའི་རིང་ལ་རྟའུ་ས་ཆ་འདིར་མེ་རི་འུར་ཆེན་འབར་གས་བྱུང་སྟེ། ས་ཕྱོགས་འདི་མེ་དང་དུ་ནག་གིས་མཚོ་ཆེན་ལྟ་བུ་ཞིག་ཏུ་གྱུར་ཏེ། དུས་རབས་དེའི་མི་རྣམས་ཀྱིས་ས་འདིར་རྟའུ་མེ་མཚོ་དམར་པོ་ཞེས་མིང་བཏགས་པ་ཡིན་གྱི་རེད་སྙམ་མོ། རྗེས་སུ་ཡང་མི་རབས་མང་པོ་ཞིག་གི་བར་མིང་དེ་གཏན་འཇགས་སུ་གྱུར་ཏེ། གླིང་སེང་ཆེན་རྒྱལ་པོས་ས་ཆ་འདི་དབང་དུ་བསྒྱུར་སྐབས་མེ་རི་འཇགས་མོད་ཀྱང་མིང་དེ་སྔར་བཞིན་འབོད་ཀྱིན་ཡོད་པས་གླིང་སྒྲུང་ནང་དུའང་རྟའུ་མེ་མཚོ་དམར་པོ་ལ་རྟའུ་ཤོག་ཆེན་བཅོ་བརྒྱད་ཡོད་ཅེས་འབྱུང་བ་ལྟ་བུ་རེད་གསུངས།

སྒྲུང་ཡིག་ཏུ་རྟའུ་མི་མཚོ་བྱུང་བ་ནི་གོང་ཞུས་ལྟར་ལས་གཞན་ཞུ་བྱ་མ་མཆིས། རྟའུ་ཉ་མཚོ་ཟེར་བ་ཡང་སློབ་གྲྭའི་རྒྱབ་ཕྱོགས་དེ་རང་ལ་མཚོ་ན་འདམ་ཅན་ཆེན་པོ་ཡོད་ལ། སྔོན་དུས་དེ་ཡང་མཚོ་ཆེན་པོ་ཞིག་ཡིན་པའི་སྔར་རྟགས་འཁྲུལ་མེད་དེང་གི་དུས་སུ་ཡང་མཐོང་གི་ཡོད་ལ། མཚོ་དེར་ཉ་སོགས་ཆུ་གནས་སྲོག་ཆགས་མང་པོ་གནས་སྟབས། རྟའུ་ཉ་མཚོ་ཞེས་འབོད་པ་དང་། དེ་རྗེས་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རྟའུ་དགོན་ཆེན་བཏབ་པས་དགོན་ཆེན་དེ་ཉིན་ངོ་ན་ཡོད་པས་ཉིན་མཚོ་དགོན་ཐོགས་པས། རྟའུ་ཉིན་མཚོ་ཞེས་འབོད་པ་རེད།

རྟའུ་རྫོང་གི་ས་གནས་འགའ་བཤད་པ།

ད་ལྟ་རྟའུ་རྫོང་ཡོད་ས་འདི་ལ། མིང་འབོད་སྟངས་ལ་རུ་སྙིང་དང་། རུས་རྙེད་སོགས་ཟེར་སྟངས་སྣ་ཚོགས་ཡོད་ཚད་ལ། ངས་ནི་རུ་སྙིང་རང་ཡིན་སྙམ་པ་ཞིག་ཞེ་གཏིང་ནས་ཤར་གྱིན་ཡོད། རྒྱུ་མཚན་ནི་གནའ་བོད་བཙན་པོའི་དམག་གི་རུ་སྒར་གྱི་ལྟེ་གནས་སམ་རུ་ཡི་སྙིང་ཡིན་པས་རུ་སྙིང་ཟེར་བ་ཨེ་ཡིན་སྙམ་པ་དེ་ཡིན་ལ། མཁས་དབང་དགེ་ཆོས་ཀྱིས། གནའ་དང་པོར་དམག་གི་སྒར་བཏབ་པ་དང་། དམག་གི་རུ་འགྲོ་བའི་ཚུལ་དེ་ལ། རུ་འདྲེན་སྡེ་བཞི་དང་འདྲ་ཚུལ་མང་པོ་ཞིག་གསུངས་ཡོད་ལ། དུས་ཕྱིས་རུ་ཞེས་པ་དེ་འབྲོག་པའི་རུ་སྤོར་ཞེས་པ་དང་། རུ་དར་དེ་ཡང་དུས་ཕྱིས་ཇོ་དར་འགྱུར་བའི་ཚུལ་མང་ཙམ་གསུངས། འདིའི་སྐོར་ལ་མཁས་པ་ཁག་གཅིག་དང་བགྲོ་གླེང་ཡང་བྱེད་མྱོང་ཡོད། ཡང་བཤད་ལུགས་གཞན་ཞིག་ནི། གནའ་ས་ཆ་འདིར་མཚོ་འཁྱིལ་ནས་ཡོད་པ་ལ། ཕྱིས་སུ་མཚོ་མོ་འབབ་ཆུ་རུ་གྱུར་ནས། ལུང་པའི་གཤོང་ལ་བཞུར་རྗེས། མཚོ་མར་འགྲིབ་པ་དང། ས་འདམ་འོག་ནས་ཉ་ཡི་རུས་པ་རྙེད་པས་རུས་རྙེད་ཟེར་བ་རེད་ཅེས་གསུངས་སྲོལ་ཡང་འདུག །གནས་རི་དང་གཞི་བདག་ལ། བཛྲ་གུ་རུ། འབྲུག་རི་དུང་སྒ་དང་། རྟའུ་བྲག་དཀར། རྡོ་རྗེ་གཡུ་ཁྲོམ། རྡོ་རྗེ་རྫོང་ཆེན། ཨ་ཁུ་རྨོག་མཐོ། ནས་དེའུ་ཕྱུག་མོའམ་ནས་གཏེར་ཕྱུག་མོ་སོགས་མང་ཙམ་ཡོད་པ་ལས། ངས་དངོས་སུ་མཇལ་མྱོང་བ་ནི། བཛྲ་གུ་རུ། ནས་དེའུ་ཕྱུག་མོ་གཉིས་ཡིན་ལ། གནས་གཞན་རྟའུ་བྲག་དཀར་དང་། ཨ་ཁུ་རྨོག་མཐོ་གཉིས་ཕྱོགས་ཙམ་གྱིས་རྒྱང་མཇལ་ཙམ་ལས་ཞུས་མ་མྱོང་བ་དང་གནས་གཞན་དག་ལ་རྩ་བ་ནས་མཇལ་མ་མྱོང་བས་འདི་དག་ལ་ཞིབ་ཆ་ཞིག་དངོས་མཇལ་གྱི་གོ་སྐབས་ཐོབ་པའི་རེ་བ་སྙིང་ལ་འཆང་ཡོད་ལགས།

རྟའུ་ཡི་ཡུལ་སྲོལ་བཤད་པ།

རྟའུའི་ཡུལ་སྡེ་ཕལ་ཆེར་གནའ་ཉམས་དོད་པོ་ཡོད་ཅིང་། གནའ་མིའི་བཟོ་ལྟ་ཡོད་པ་ནི་སྨྲོས་མ་དགོས་པ་ཞིག་རེད། དམངས་ཁྲོད་དུ་བྲོ་རྡུང་བའི་བསྟན་པ་ཤུགས་ཆེན་དར་བ་ལས། གཞས་རྡུང་བའི་རྣམ་པ་ཧ་ཅང་ཉུང་། བྲོ་ཡང་ཆོས་བྲོ་དར་བ་ཤུགས་ཆེ་ལ། བྲོ་ཡི་ཚིག་འདོན་སྟངས། དབྱངས་འགུག་སྟངས། རྡོག་བྲོ་རྒྱག་སྟངས་ཚང་མ་ལ་གནའ་ཉམས་ཤུགས་ཀྱིས་དོད་པ་ཞིག་ཡིན། འདྲ་ཁོག་ལ་བཤད་ན་དེ་ལས་ཀྱང་གནའ་སྲོལ་མ་ཉམས་རང་སོར་ཡོད་པ། མ་ཎི་སྐོར་བྲོ་ལ་ལྟོས་དང་གསལ་པོར་གོ །ཆ་ལུགས་དང་རྡོག་བྲོ་རྒྱག་སྟངས། དབྱངས་འགུག་སྟངས། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་སོགས་གནའ་སྲོལ་རང་ཡིན། མ་ཎིའི་སྐོར་བྲོ་ནང་དུ་མ་ཎི་འདོན་རྒྱུ་གཙོ་བོ་ཡིན་པ་ནི་བཤད་ཅི་དགོས། ད་དུང་བཀྲ་ཤིས་སྨོན་ཚིག་ཧ་ཅང་མང་པོ་ཡོད་པ་རེད། དེ་བཞིན་ཡུལ་སྡེ་ཕལ་ཆེ་ན་ཆང་བསྙལ་མཁན་མང་ཞིང་། ཆང་གི་རིག་གནས་དང་། ཆང་བཏུང་བའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་ལ། དེ་བཞིན་དུ་འདྲ་ཁོག་ལྟ་བུ་ལ་ཆ་མཚོན་ན་ཤ་རྙིང་ལ་ཧ་ཅང་དགའ་ཞིང་དེ་ལ་རྩིས་སུ་འཛིན་གྱི་ཡོད། ཤ་གཟུག་ཆ་ཚང་ལོ་ཧྲིལ་པོར་ཐབ་ཚང་དུ་བཞག་པ། དེ་འདྲའི་ཤ་རྙིང་བྲོ་བ་ཞིམ་པོར་བརྩི་བ། འགྲུལ་བ་ཁྱིམ་དུ་སླེབས་ན་གཙོ་བོ་ཤ་ཆང་གཉིས་ཀྱིས་སྣེ་ལེན་བྱ་རྒྱུ་རེད། འགྲུལ་བ་ཐོན་པ་དང་དགའ་བའི་ངང་ནས་ཆང་བཏུང་དུ་འཇུག་པ་སོགས་བོད་གནའ་རབས་ཀྱི་ཉམས་རང་ཡོད་པ་ཞིག་ཡིན། འགྲུལ་བ་རང་ཁྱིམ་དུ་ཕྱིར་ལོག་པ་ལ། ཆ་རྐྱེན་འཛོམས་པ་དག་གིས་སྐྱེལ་འབབ་སྡེར་བཅས་ཀྱང་བསྐུར་བའི་སྲོལ་ཡོད་པ་རེད། དེ་དག་བོད་གནའ་རབས་ཀྱི་སྲོལ་མ་ཉམས་པ་རང་གནས་པ་ཡིན་ནོ། །

དེ་བཞིན་བོད་གནའ་རབས་ཀྱི་ཤག་པོ་མནའ་བཞག་ཟེར་བ་བཞིན་མནའ་ལ་བརྩི་འཇོག་ཆེ་ཞིང་། གྲོགས་པོ་སྒྲིག་ན་བློ་གཅིག་སེམས་གཅིག་བདེན་པ་བདེན་ཐུབ་རང་བྱེད་བཞིན་ཡོད་པར་མ་ཟད། ཤག་པོ་མནའ་བཞག་ཀྱང་བྱེད་མཁན་ཡོད་ལ། ཤག་པོ་མནའ་བཞག་བྱས་རྗེས་གཅིག་རྗེས་གཅིག་འཇུག །གཅིག་རྒྱབ་གཅིག་ཤི་བྱེད་པ་སོགས་བོད་ཀྱི་གནའ་སྲོལ་དེ་དར་གྱི་ཡོད། ཆོས་ལུགས་ནི་བན་དེ་དང་བོན་པོ་གཉིས་ཀ་ཡོད་ལ། ཁྱད་པར་འདྲ་ཁོག་ན་བོན་པོའི་གནའ་སྲོལ་མ་ཉམས་པ་སྐྲ་རལ་པ་ཅན་ཡང་ཡོད་པ་རེད། ཆོས་ལུགས་དེ་བོད་གདོད་མའི་ཆོས་ལུགས་ཡིན་པ་ནི་སྨྲོས་མེད་རེད། བོན་གྱི་བསྟན་པ་རྒྱ་ཆེན་དར་མྱོང་བ་ནི་ངས་གོང་ཞུས་ལྟར་ལགས་པས་འདིར་བསྐྱར་ཟློས་མི་བྱ།

ལོ་སར་སྐབས་ཀྱི་རྟེན་འབྲེལ་གྱི་བྱ་བ་བྱེད་སྟངས་ནི་བོད་མི་བྱིངས་དང་གཅིག་མཚུངས་ཡིན་ཞིང་། བོད་གདོད་མའི་སྲོལ་ཉམས་དོད་པ་ཞིག་ལ་ཚེས་སུམ་ཅུའི་དགོང་མོར་ཆོ་ག་ཁྱད་པར་ཅན། ལོ་གསར་པའི་གླུད་དེ་ལོ་རྙིང་པས་ཁུར་དགོས་ཟེར་ནས་ལོ་ཆེ་བ་ནས་རིམ་བཞིན། ཁ་ནང་ཆུ་ཡིས་སྐྱོམས་ནས་འབོར་གྱི་ཡོད། ཚེས་གཅིག་གི་ནངས་པ་སྔ་ལངས་ཀྱིས་ཆུ་ལེན་པ་དེ་ལ། ཆུ་སུ་སྔ་ལེན་པ་ཞེས་ཟེར། དོན་དུ་ཆུ་སྔ་བ་ལེན་པ་ཟེར་བའི་དོན་རང་རེད། བོད་མི་སྤྱིའི་རྟེན་འབྲེལ་བཏགས་པ་བཞིན་ཆུ་དང་པོ་སུས་ལེན་ཐུབ་ན་གཟི་བརྗིད་ཆེ་བར་བརྩི་སྲོལ་ཡོད། ཚེས་གཅིག་གི་སྔ་མོར་བསང་གསོལ་ལ་འགྲོ་བ་དང་། ལྷ་གསོལ་བསང་ཕུལ་གྱི་མཛད་སྒོ་ལ་ཧ་ཅང་མཐོང་ཆེན་གནང་ཞིང་། འབྲུ་ཁུག་དང་། བསང་གསོལ་ཕུལ་མཁན་གྱི་གོན་པ་གནའ་གོས་བོད་ཆས་དག་མ་གོན་པ་བཅས་ཧ་ཅང་དོ་དན་ཆེ་ཞིང་། གཟབ་དགོས་པའི་ཆོ་ག་ཧ་ཅང་མང་། གཞི་བདག་གསོལ་བ་དང་། བསང་ཕུལ་བར་འགྲོ་དུས་ཆང་རག་ཁུར་བ་དང་། སྐྱིད་པོར་གཏོང་བ་སོགས་གནའ་མིའི་བོན་གྱི་སྲོལ་དེ་རང་འཇགས་སུ་ཡོད། རྒྱུན་ལྡན་གྱི་བསང་གསོལ་ནི། ལོ་ཐོ་ལ་བལྟས་ནས་གཟའ་སྐར་ནམ་ཡག་ལ་བསང་གསོལ་འགྲོ་བ་དེ་རང་ཡིན། མི་ཤི་གཤིན་པོའི་དུར་ཆོག་ལ། གཤིན་རྩིས་གནད་ཆེ་ཞིང་རྩིས་བབ་བཞིན་ཕྱག་ལེན་ལ་ཐེབས་པར་བྱེད་བཞིན་ཡོད། ལོ་སར་སྐབས་ཀྱི་དུར་གསོལ་ནི་ཚེས་བཅུ་བཞི་དང་བཅོ་ལྔ་བཅས་ལ་འགྲོ །

རྟའུ་ཡི་སྐད་བཤད་པ།

སྐད་ཀྱི་འགྲོས་ནི་བོད་མི་བྱིངས་ཀྱི་སྐད་དང་གཅིག་པ་གཅིག་རྐྱང་ཡིན་པ་ནི། དཔེར་ན། བོད་སྐད་སྤྱི་སྐད་དུ། ཟ་མ་ཟོ་ཞེས་པ་ལ། རྟའུ་སྐད་ལ། ཟ་མ་ནི་འགུས་ཟེར། དེ་ལྟར་ན་མིང་ཚིག་སྔུན་ན་ཡོད་ཅིང་བྱ་ཚིག་རྗེས་ན་ཡོད་པ་དེ་གཅིག་པ་གཅིག་ཀྱང་རེད། རྟའུ་ཡི་གེའི་འདོན་སྟངས་ནི། བོད་གནའ་རབས་ཀྱི་སྒྲ་གདངས་དང་ཆེས་མཐུན་ཞིང་། ང་ཚོའི་སྒྲ་ཐོན་པ་དཀའ་བའི་སྒྲ་འཕྲལ་ནས་འདོན་པ་དག །རྟའུ་པས་ཇི་བཞིན་འདོན་ཐུབ་བཞིན་ཡོད། སྤྱིར་དེང་སང་མི་ཞེས་འདོན་པ་ལ། གནའ་མྱི་འདོན་པ། དེང་སང་གྲི། གནའ་གྱི། དེང་སང་གྲོ། གནའ་གྱོ། དེང་སང་མེ་ལ། གནའ་མྱེ། དེང་སང་མེད། གནའ་མྱེད་ཟེར་བ་སོགས་བརྡ་རྙིང་ཡིན་པ་ནི་ཀུན་གྱིས་ཤེས། དེ་བཞིན་དུ་ཨ་ལགས་ཚེ་བརྟན་ཞབས་དྲུང་གིས། དེང་སང་ཀྱེ་ཟེར་བ་འདི་ལ། གནའ་ཀ་ཡེ་ཞེས་སྒྲ་འཕྲལ་བ་ཡིན་རྒྱུ་རེད་གསུངས། དེ་ལ་རྒྱུ་མཚན་ཡོད་དེ། གནའ་བོད་ཡིག་འདོན་སྟངས་དེ། སཾསྐྲི་ཏ་དང་གཅིག་པ་ཡིན་ཞིང་། ཡི་གེའི་འབྱུང་ཁུངས་ཀྱང་གཅིག་པར་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ལགས། སྤྱིར་ཀུཔྟའི་ཡི་གེ་དེ་ལེགས་སྦྱར་གྱི་ཡི་གེའམ་ཚངས་པའི་ཡི་གེ་འགྱུར་བ་ལས་བྱུང་བ་ཡིན་ན་བོད་ཡིག་དང་ཀུཔྟའི་ཡི་གེ་གཉིས་གཅིག་ཏུ་སྣང་བའི་མངོན་སུམ་ཚད་གྲུབ་ཀྱི་སྐད་ཆ་བསླུ་མེད་བསྙོན་མེད་གསུངས་ནི་མཁས་དབང་དགེ་ཆོས་རེད། དེ་ལྟར་ན་ལེགས་སྦྱར་གྱི་སྐད་དེ་ལྷ་ཚངས་པས་བཟོས་པ་རེད་ཅེས་རྒྱ་གར་བ་ལ་གནའ་གནའ་ནས་གྲགས་པ་ཡང་མཁྱེན་གསལ་ལྟར་རེད། དེ་ལྟར་ན་ལྷ་ཚངས་པ་བཞུགས་ས་ནི་གངས་རི་ཏི་སེ་ཡིན་ཞིང་། གངས་ཏི་སེ་ནི་ལྷ་ཆེན་དབང་ཕྱུག་དང་། ཚངས་པ། ཨུ་མ་སོགས་དང་འབྲེལ་བ་ཆེ་ཞིང་། དེ་དག་དང་འབྲེལ་བའི་གཏམ་རྒྱུད་ཧ་ཅང་མང་། དེ་ལྟར་ན་གངས་ཏི་སེ་ནི་རིག་གནས་ཀྱི་འབྱུང་ཁུངས་ཡིན་ཞིང་། ཞང་ཞུང་གི་ལྟེ་གནས་ཡིན་པས། ཞང་ཞུང་རིག་པའི་ཁུངས་ཀྱང་གནས་འདི་ལ་ཐུག་ཡོད། ཧི་མ་ལ་ཡའི་རིག་གནས་ཟེར་ས་ཡང་གནས་འདི་རང་ཡིན། དེ་ལྟར་ན་ཞང་ཞུང་ནི་ཡི་གེའི་འབྱུང་ཁུངས་ཡིན་པས་བོད་ཡིག་དང་། ལེགས་སྦྱར་གྱི་ཡི་གེ་ཐམས་ཅད་ཀྱི་ཁུངས་གཅིག་ཏུ་སྣང་བས། ལེགས་སྦྱར་གྱི་ཡི་གེ་ནས་བོད་ཀྱི་ཡི་གེ་ཚུར་དར་བའམ་བོད་ཀྱི་ཡི་གེ་ནས་ལེགས་སྦྱར་གྱི་ཡི་གེ་ཕར་འགྱུར་བ་ཡིན་པ་དང་། ཡང་ན་གཅིག་ཡིན་པ་བཅས་ཀྱི་ཐད་ལ་བསམ་གཞིག་བྱེད་དགོས་པ་ཞིག་ཏུ་སྣང་བས། མ་དག་རྒྱུན་འབྱམས་ཤིག་ལ་ང་ཚོ་མགོ་འཁོར་མི་རུང་ཞུ་བ་དེ་ཡིན།

རྟའུ་ཡུལ་མི་ཕལ་བ་བོད་ཡིག་རྩ་བ་ནས་མི་ཤེས་མཁན་ཚོས་སྐད་ཆ་བཤད་པའི་ཚེ། གནའ་གདོད་མའི་བོད་ཡིག་ཀློག་སྟངས་དང་གཅིག་པ་ཅན་ཆེས་ཤིན་ཏུ་མང་པོ་རེད། དཔེར་ན། སྒྲོལ་མ་ལ། སྒོརོལ་མ། བྱམས་པ་ལ། བེམས་པ། ཕྱི་སོ་ལ། ཕི་ཡི་སོ། དཔེར་ན་ང་ཚོ་དཀར་མཛེས་བས་ཞྭ་མོ་འདབ་ར་ཅན་དེ་ཉི་ཟེར་དང་ཆར་པ་འགོག་བྱེད་དེ་ལ་ཕི་གླིང་ཞྭ་མོ་ཟེར་གྱི་ཡོད། དེའི་རྒྱུ་མཚན་ནི། ཕྱི་གླིང་ལ་ཕི་ཡི་གླིང་འདོན་པ་དེ་རང་རེད། ཕྱག་འཚལ་ལ། ཕཡག་འཚལ། སྨན་ལ། སུམན། བྱུར་རུ་ལ། བྷུ་རུ། བྱ་ན། ཤ་ལ། བེ་ནོ། སླེབས་ལ། ལེབས། བྲག་ལ། བརག་ཟེར་བ། དཔེར་ན་བྲག་རི་ཆེ་བ་ལ། བརག་ཆེ་བ་ཟེར་བ། བྲག་རི་ཆུང་བ་ལ། བརག་ཆུང་བ་ཟེར་བ་སོགས་བརྡ་རྙིང་གི་ཀློག་སྟངས་ཧ་ཅང་མང་།

ཡང་གནའ་ཡི་ཡིག་སྐད་རང་བེད་སྤྱད་པ་ཆེས་མང་སྟེ། དཔེར་ན་ཐབ་རྡོ་ལ། སྒྱེད་པུ། མགོ་ལ། དབུ། རླུང་ལ། སྤུར་གཡུག་ཟེར་བ་ལྟ་བུ། དེ་བཞིན་དུ་བྱ་ཚིག་དང་ཕྲད་བརྡ་རྙིང་ཅན་ལ། དཔེར་ན། བོད་སྤྱི་སྐད་དུ་ད་ཅི་ཨི་འགུ་ཟེར་བ་ལ། རྟའུ་སྐད་ལ་སུ་ཅི་ཨི་བདུ་རུ་ཟེར་ནས། སུ་སྒྲ་ལྷག་སྣོན་གྱིས་སྤྱི་སྒྲ་བསྟན་པ། བོད་སྤྱི་སྐད་དུ་འདི་ན་ཡོད་ཟེར་བ་ལ། རྟའུའི་སྐད་དུ་འདི་ན་བགྱིས་ཟེར་བ། ཁྱེད་ཀྱིས་ཨི་གོ་ཐལ་ཟེར་བ་ལ། ཁྱེད་ཀྱིས་ཨི་མཆིས་རུ་ཟེར་བ། ནད་ན་བ་ལ། རྔོ་ཟེར་གྱི་ཡོད་པ་ནི། རྔོ་ཞེས་པ་ཟ་འཕྲུག་གི་ནད་བྱེ་བྲག་པ་ཅིག་ཡིན་རུང་། གནའ་ན་བའི་སྤྱི་མིང་ཡིན་ནམ་སྙམ། ཁྱིམ་ན་ཡོད་ལ། ཡུས་ན་བགྱིས་ཟེར་བ་དང་། འབྲོག་སྐད་དུ་ཡང་ཡུས་ཞེས་པ་ཁྱིམ་གྱི་ཕྱོགས་ལ་གོ་བ་དང་། འབྲོག་སྐད་དུ་ཙོག་ཅེས་པ་འདུག་ཟེར་བའི་དོན་དང་། རྟའུའི་སྐད་དུ་ཡང་ཛོག་ཅེས་པ་འདུག་པའི་དོན་ལ་གོ ཡ་མཚན་པ་ཞིག་ལ། ཀོ་རི་ཡའི་སྐད་དུ་འདུག་ཟེར་བ་ལ། ཨེ་ཛོག་ཅེས་རྟའུ་སྐད་ཇི་མ་ཇི་བཞིན་ཞིག་ཡོང་གི་འདུག །དེ་བཞིན་འཇར་པན་སྐད་དུ་ཡང་འདུག་ལ་ཛོག་ཟེར་གྱི་ཡོད་འདུག་པས་འདི་ལ་བརྟག་དགོས་པ་ཞིག་སྣང་། དེ་ལྟར་ན་ཙོག་དང་ཛོག་སོགས་སྒྲ་ཧ་ཅང་ཉེ་བ་ཞིག་རེད། ད་དུང་གཞན་ཡང་ལེགས་སྦྱར་གྱི་སྐད་འདྲེས་པ། རང་གིས་ཤེས་པ་ཞིག་ལ་དཔེར་ན། ཁྱི་ལ། ཀུ་ཏ་ཟེར་བ། ཐོད་པ་ལ། ཀ་པཱ་ལ་ཟེར་བ་ལྟ་བུ་སོགས་མཐོང་ངོ་། །ཡང་རྟའུའི་སྐད་དུ་སྙན་ཚིག་གི་བརྗོད་པ་ངས་ཧ་གོ་བ་ཞིག་ལ། དཔེར་ན། མི་ངར་པ། ལས་ལ་འཇོན་པ་ལ། དབྱར་ཤར་ཟེར་བ། ཧ་ཅང་གཅེས་པ་ལ། མགའ་བ་ཆེ་ཟེར་བ་ཁ་སྐད་དང་། དོན་དུ་དགའ་བ་ཆེ་ཞེས་པའི་དོན་དང་། བཙོག་པ་ལ། ཨ་བུ་ཁེས་ཟེར་བ། ཨི་བདེ་འུ་ཟེར་བ་ལ། ཨི་སྐྱ་རི་ཟེར་བ། ཕུལ་བྱུང་དང་། ཡག་པོ་ལ། དགའ་ཡིས་རེད་ཟེར་བ་སོགས་མང་། བོད་སྤྱི་སྐད་དང་མཐུན་པའི་མིང་ཚིག དཔེར་ན། མར་ལ། མར་ཡ། ལག་པ་ལ། ལག །རྐང་པ་ལ། རྐང་ཟེར་བ་སོགས་ཤིན་ཏུ་མང་། བོད་སྤྱི་སྐད་དང་གཅིག་པ་ཡིན་པ་གནས་སྐོར། མཆོད་མཇལ། ལོ་སྐོར་བཅུ་གཉིས་དང་། སྐར་མ་ཟེར་བ་ཧ་ཅང་ཧ་ཅང་མང་བས་བགྲངས་ཀྱིས་མི་ལངས། ངས་འདི་ནས་རྟའུའི་སྐད་ལ་ཅུང་ཟད་དཔྱད་པ་འདི། རྟའུ་གོ་ཁའི་སྐད་གཞི་བཞག་བྱས་ཏེ་དཔྱད་པ་ཡིན་ལ། ནང་གསེས་རྟའུ་སྐད་ལ་ས་ཁུལ་སོ་སོའི་སྒྲ་གདངས་དང་ཟེར་ལུགས་སོགས་ལ་ཁྱད་པར་ཅུང་ཟད་ཡོད་འདུག་པས་དཔྱད་པར་འཚལ་ལོ། །

རྟའུ་ཡི་རིག་རྩལ་གྱི་སྐོར།

མ་གཞིར་ནི་རིག་གནས་ཟེར་བ་དེ། མི་ཡི་རིགས་ཀྱི་དགོས་མཁོ་དང་འདོད་པ་བསྐང་བའི་ཐབས་དང་ཐབས་དེ་ལས་བྱུང་བའི་རིག་པ་ཞིག་ཡིན་ཟེར་སྲོལ་ཡོད་ལ། དེ་ལྟར་ན་བྱ་བ་དང་དངོས་པོ། ཡུལ་སྲོལ་གོམས་གཤིས་བཅས་པ་ལ་རིག་གནས་ཟེར་གྱི་ཡོད་པ་རེད། རྟའུ་ལ་ཤིང་བཟོ་དང་། རྡོ་བཟོ། མགར་བཟོ། ལྷ་ཟོ་སོགས་སྒྱུ་རྩལ་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་ལ། ཁྱད་པར་དུ་ལྷ་བཅའ་བའི་ལག་རྩལ་ཕུན་སུམ་ཚོགས་པ་ཞིག་ཡོད་ལ། གནའ་ནས་སྐད་གྲགས་ཡོད་པ་རེད། དཔེར་ན་རྒྱལ་འཕགས་ལྷ་བཟོ་ཞེས་གང་དུ་ཡང་གྲགས་པ་འབར་བ་ཞིག་ཡིན། དེ་བཞིན་དུ་སྒུག་རྒྱ་ཕུན་ཚོགས་དབང་འདུས་ཀྱིས་བསྒྲིགས་པའི་ཁ་བའི་གླུ་དབྱངས་ཀྱི་དེབ་ལས། རྟའུ་ནི་རིག་གནས་ཀྱི་བང་མཛོད་ཡིན་ཞིང་། གླུ་གར་གྱི་རྒྱ་མཚོ་ཡང་ཡིན། རྟའུ་ནི་དཔའ་བོའི་ཕ་ས་ཡིན་ཞིང་། མཛེས་མའི་མཆེད་ཁུངས་ཀྱང་ཡིན། རྟའུ་ནི་གེ་སར་རྒྱལ་པོའི་དམག་ས་ཡིན་ཞིང་། སྟག་རོང་ཚང་གི་ཕ་སའང་ཡིན། རྟའུ་ནི་རིག་པ་འབྱུང་བའི་གནས་ཡིན་ལ། མཁས་པ་འཁྲུངས་སའི་ཞིང་ས་ལྟ་བུ་ཞིག་ཀྱང་ཡིན་ཞེས་གསུངས་ཡོད། ཁྱད་པར་རྟའུ་བའི་གནའ་བྲོ་མགུར་གླུ་ལ་ཁྱད་ཆོས་ཆེན་པོ་ཡོད་པ། དཔེར་ན། མི་ཉག་ཤར་གྱི་ཕྱོགས་ལ་དང་། མི་ཉག་ཤར་གཅིག་ཤར་གཉིས་དང་། མི་ཉག་ལ་མོ་ཇེ་སེ་1དང་མི་ཉག་ལ་མོ་ཇེ་སེ་2པ། གླིང་བཞི་གེ་སར། ཚོང་དཔོན་ཨ་རལ་བཟང་པོ་བསུ་དར་དང་པོ་དང་། ཚོང་དཔོན་ཨ་རལ་བཟང་པོ་བསུ་དར་གཉིས་པ། མ་ཕམ་གཡུ་མཚོ། སྒ་དུང་མཛོད་རི། ཀོང་པོའི་རི་སོགས་ཀྱི་གླུ་ཚིག་ལ་བལྟ་ན། ཐུན་མོང་མ་ཡིན་པའི་རྟའུའི་ལོ་རྒྱུས་དང་། རྒྱབ་ལྗོངས་སོགས་ཀྱང་གོ་ཐུབ་པའི་དགེ་མཚན་ཆེན་པོ་ཡོད་པ་རེད་འདུག གླུ་ཚིག་འདི་དག་ལ་བརྟེན་ནས་རྟའུའི་ཡུལ་གྱི་རིག་གནས་ལོ་རྒྱུས་སོགས་ལའང་ཞིབ་འཇུག་བྱེད་ཐུབ་པ་དང་། གནས་ཚུལ་མང་པོ་ཞིག་ཤེས་ཐུབ་པ་རེད་སྙམ། ཁྱད་པར་རྟའུ་འདྲ་ཁོག་ཏུ་དར་སྲོལ་ཆེ་བའི་མ་ཎིའི་སྐོར་བྲོ་དེའི་བྲོ་ཚིག་དང་། བྲོ་ཡི་སྟངས་སྟབས། ཉམས་འགྱུར། སེམས་ཁམས་སོགས་ལ་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་དེ། དཔེར་ན་གནས་གཞན་གང་དུ་ཡང་མ་ཎིའི་སྐོར་བྲོ་ཟེར་བ་ཞིག་ཡོད་པ་ངས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་མ་མྱོང་། ད་དུང་སྤྱི་ཚོགས་ཀྱི་གཏམ་རྒྱུད་ཆེས་ངོ་མཚར་ཅན་མང་པོ་བཤད་དུ་ཡོད་པས། དེ་དག་གིས་ཀྱང་གནའ་རབས་ཀྱི་ལོ་རྒྱུས་ཉམས་ཞིབ་དང་། རིག་གནས་ཀྱི་འཚོ་བ་གསོན་ཉམས་ལྡན་པ་ཞིག་ཏུ་བསྐྲུན་ཐུབ་པའི་དགེ་མཚན་ཆེན་པོ་ཡོད་ངེས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1