རྟའུ། སེམས་པའི་གཏིང་རུམ་གྱི་ན་ཟུག

མི་ཉག་འོད་ཟེར རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


ཉིན་འདི་དག་ལ།

འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་གང་དུའང་།

རྟའུ་ཞེས་པའི་ཐ་སྙད་རྡོག་པོ་འདི་རུམ་ལ་བཅུག་ནས།

འཁྲེང་ཞེན་དང་སྨོན་པ་གྲངས་མེད་ཁྱེད་ཀྱི་ཕྱོགས་སུ་སྤུངས་ཡོད།

རྟའུ་ལགས།

ཐོལ་གྱིས་བྱུང་བའི་འབྱུང་བཞིའི་འཁྲུག་པ་འདིས།

ད་ལྟ་ཁྱེད་ཉིད་ལ་གཙེས་བཞིན་ཡོད་ནའང་།

རྩ་སྦུབས་སུ་འཕར་བཞིན་པའི་ཟུངས་ཁྲག་དྲོན་མོའི་རྒྱུ་བ་མཉམ་ཞིང་།

ད་དུང་། ཁྱེད་ཀྱི་ལས་དབང་དང་དཀའ་སྡུག་ལ་ཞེ་སེམས་སྨྲེང་བའི།

ཕ་ཁུ་དང་མིང་སྲིང་ཡོད་ཚད་ཀྱིས།

ཁ་ལས་དགེ་བའི་ཀླུང་རྟ་གསོལ་ཞིང་།

ནད་ལས་གྲོལ་བའི་སྐྱབས་འཇུག་ཞུས་ཏེ།

ཁྱེད་ལ་ལྷག་བསམ་དག་པས་རྒྱབ་སྐྱོར་དང་དཔུང་རོགས་ཞུས་ཡོད།

དེ་བས། ཁྱེད་ཀྱི་དཀའ་སྡུག་དེ་རིགས་ཀྱི་སྤྱི་མཐུན་དུ་ངེས་པས།

འགག་ལ་འཕྲད་དུས། ཐེག་པ་ཆེ་ཞིང་གདོང་ལེན་ལ་དཔའ་བའི་འུ་ཅག།

གཉའ་སྒུར་དང་སྤོབས་པ་ཞུམ་མེད།

སྟོབས་ཤུགས་དང་འོད་སྣང་བསྩལ་ཡོད།

དེ་རིང་། ཤེལ་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ་པའི་འགྲམ་ངོགས་སུ།

ཁྱེད་རང་ཡུ་མོ་རྨས་མ་ཞིག་གི་ཚུལ་དུ་གནས་ཡོད་ཙང་།

རྗེ་དཔོན་བཟང་པོའི་བཀས་བཀོད་དང་།

རྣམ་པར་དག་པའི་སྲི་ཞུ་ལས།

མཐུན་སྒྲིལ་དང་གདོང་ལེན་གྱི་རང་སྒྲ།

དཔའ་མཛངས་དང་རྒྱལ་ཁའི་འཕྲིན་བཟང་།

ས་ཆེན་པོའི་ཁྱོན་ན་ཉི་འོད་བཞིན་ཁྱབ་ཅིང་འབྲུག་སྒྲ་ལྟར་མཆེད་ཡོང་།

ཁྱེད་ཉིད་བཙན་པོའི་དཔུང་གི་རུ་འདྲེན་ཡིན་སྐད།

ཁྱེད་ཉིད་གེ་སར་དམག་གི་སྒར་ཆེན་ཡིན་སྐད།

ཁྱེད་ཀྱི་ཡ་ཁོག་ན།

གདོང་དམར་ཚང་གི་ངོ་མཚར་བའི་གཏམ་རྒྱུད་ཉར་ཡོད།

མེས་པོ་ཚོའི་རེ་ཞགས་དང་སྨོན་འདུན་འཁྱིལ་ཡོད།

ས་ཆེན་པོ་ལ་བརྩེ་བ་ཡོད་པས།

ཁྱེད་ཉིད་ཁེར་རྐྱང་དུ་ལུས་ག་ལ་སྲིད།

རེ་སྨོན་དང་ཡིད་ཆེས་ཀྱིས་སྦྲུམས་པའི།

དུས་བཞིའི་དཔྱིད་ཀྱི་ནམ་ཟླ་སླེབས་སོང་བས།

ང་ཚོ་དམ་བཅའ་དང་ཡིད་ཆེས་བརྟན་དགོས།

རྟའུ།

འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་གང་དུའང་།

ཁྱེད་ནི་ངའི་སེམས་པའི་གཏིང་རུམ་གྱི་ན་ཟུག་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1