བོད་བཙན་པོའི་རྒྱལ་རབས་ཀྱི་དམག་དོན་འཐབ་རྩལ་འགའ་རགས་ཙམ་གླེང་བ།

བཀྲ་ཤིས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


གཅིག ལུག་རྟུག་གི་སྒྱུ་ཕབ་སྟེ་ལྕེའི་ཐོར་ཐོ་ལ་བརྗོད་པའི་འཐབ་རྩལ།

བོད་ཀྱི་བཙན་པོའི་དུས་སྐབས་ཀྱི་དམག་དཔོན་རྣམས་ཀྱིས་ལུག་རྟུག་གི་སྒྱུ་ཕབ་སྟེ་ལྕེའི་ཐོར་ཐོ་ལ་བརྗོད་པའི་འཐབ་རྩལ་བཀོལ་བ་ནི་བོད་ཀྱི་བྱང་ཤར་ཕྱོགས་དུ་ཡོད་པའི་སུམ་པའི་རྒྱལ་ཁམས་དབང་དུ་བསྡུ་ཚུལ་སྐོར་ཏུན་ཧོང་ཡིག་རྙིང་ལས་བཀོད་ཡོད་པ་དཔེར་ན“འུང་གི་འོག་ཏུ་མྱང་མང་པོ་རྗེ་ཞང་སྣང་གིས། སུམ་པ་མཐའ་དག་དམག་གིས་གདབ་མྱི་དགོས་པར། ལུག་རྟུག་གིས་སྒྱུ་ཕབ་སྟེ། ལྕེའི་ཐོར་ཐོ་ལ་བརྗོད་ནས། ཁྱིམ་གྲངས་མ་ཤོར་པར་ཡོངས་ཀྱིས་འབངས་རྣལ་མར་བཀུག་གོ་ཞེས་གསལ་བ་ལྟར་བོད་བཙན་པོའི་རྒྱལ་རབས་སྐབས་སུ་འཐབ་རྩལ་འདི་སྤྱད་ནས་མཐའ་བཞིའི་རྒྱལ་ཕྲན་རྣམས་དབང་དུ་བསྡུས་ནས་མངའ་ཁོངས་རྒྱ་བསྐྱེད་ཐུབ་པར་མཛད།

གཉིས། དགྲ་བོ་རྒྱུ་བརྔན་གྱིས་བསླུ་བའི་འཐབ་རྩལ།

དགྲ་བོ་རྒྱུ་བརྔན་གྱིས་བསླུ་བའི་ཐབས་ནི་རང་ཕྱོགས་ལ་དོ་ཕོག་མེད་པར་དགྲ་བོ་ཚུར་འགུག་ཐུབ་པའི་ཐབས་མཆོག་ཤིག་ཡིན་ལ། བོད་བཙན་པོའི་རྒྱལ་རབས་སྐབས་སུ་དམག་དཔུང་གི་དབུ་ཁྲིད་རྣམས་ཀྱིས་ཀྱང་ཐབས་བཀོད་འདི་བྱང་ཆ་ལྡན་པའི་སྒོ་ནས་བེད་སྤྱོད་བཏང་འདུག་པ། དཔེར་ན“ཀྲེན་ཡོན་ཁྲི་ལོ་གཉིས་པར། མ་སུའེ་དམག་དཔུང་ཁྲིད་དེ་ཧྲི་ཀྲོའི་རུ་སྡོད་པ་དང་། དམག་མི་ཁག་བགོས་ཀྱིས་ཆུ་བོའི་ཚུ་རོལ་ནས་ལོ་ཡོན་ཀོང་སོགས་དང་གཡག་བ་ཁ་སྤྲོད་ཀྱི་ཚུལ་དུ་བསྡད་ནས་བོད་དང་འཐབ་དགོས་པའི་བཀའ་ཕབ། ཞང་རྒྱལ་མཚན་གྱིས་ཚུལ་དེ་ཐོས་རྗེས་འཇིགས་སྣང་ཆེན་པོ་སྐྱེས། ཕོ་ཉ་ཡང་ཡང་མངགས་ཏེ་མཐུན་སྒྲིལ་ཡོང་བའི་རེ་བ་ཞུས་པ་དང་འབྲེལ། མཇལ་འདུམ་བྱ་དགོས་ཚུལ་ཞུས་ཀྱང་གོང་མས་མ་གསན། ངག་ཚིག་གཉོམ་པོའི་ལམ་ནས་མ་སུའེ་ལ་མཇལ་འདུམ་ཞུ་རྒྱུའི་རེ་བ་ཞུས། མ་སུའེ་ཡིས་དེའི་ལུགས་གོང་མའི་སྲིད་གཞུང་ལ་སྙན་སེང་ཞུས་ཀྱང་། གོང་མས་སྔར་བཞིན་མ་གསན་པར་དམག་དཔུང་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་དམག་མཐར་སྐྲོད་པར་མཐའ་གཅིག་ཏུ་བསྐུལ། མ་སུའེ་ལྐོག་རྔན་ལ་སྲེད་ཅིང་བོད་ཀྱི་གཡོ་སྒྱུའི་ཚིག་ལ་ཡིད་ཆེས་ཏེ་བློན་རྒྱ་བཞེར་དང་ལྷན་དུ་གོང་མའི་སྲིད་གཞུང་དུ་ཡོང་བ་དང་། བོད་ལ་ཡིད་རྟོན་རུལ་ཚུལ་ཁོ་བོས་ཁག་ཐེག་བྱེད་ཐུབ་ཅེས་མང་དུ་སྨྲས་ཤིང་། མཇལ་འདུམ་དགོངས་འཁྲོལ་ཡོང་ཞུས་པས་གོང་མས་ཀྱང་དེ་བཞིན་དགོངས་པ་འཁྲོལ། མ་སུའེ་གོང་མའི་སྲིད་གཞུང་དུ་ཆས་པ་ནས་དམག་དཔུང་ཁག་གིས་མཁར་སྒོ་བཀག་ནས་བསྲུང་ཐབས་བྱས་པ་ཙམ་ནུས་ཤིང་། ཞང་རྒྱལ་མཚན་གྱིས་དེ་མུར་ཞ་ཀྲོའུ་དོར་ཅིང་དམག་དཔུང་ཁྲིད་ནས་ལོག །ལམ་དུ་རྟ་མང་དུ་ཤི་བས་དམག་མི་ལ་ལ་རྐང་ཐང་དུ་འགྲོ་དགོས་བྱུང་། ལོ་དེའི་དབྱར་ཁར་ཕིང་ལེང་དུ་མཇལ་དུམ་བྱེད་དུས་བོད་མཇལ་དུམ་གྱི་མནའ་གཙིགས་དང་འགལ་གཤིས། མ་སུའེ་ཡི་དམག་གི་དབང་ཆ་ཤོར་ཅིང་གོང་མ་མཇལ་བའི་ཐོབ་ཐང་ཙམ་ཡོད་པར་བྱས། བཙན་པོའི་རྒྱལ་རབས་ཀྱི་བློན་ཆེན་ཞང་རྒྱལ་མཚན་གྱིས་མ་སུའུ་རྒྱུ་བརྔན་གྱིས་བསླུས་པ་ནི་བོད་ཀྱི་དམག་དཔོན་རྣམས་ཀྱིས་དགྲ་བོ་རྒྱུ་བརྔན་གྱིས་བསླུ་བའི་འཐབ་རྩལ་ལ་བརྟེན་ནས་རྒྱལ་ཁ་བླངས་མྱོང་བར་ཤེས།

གསུམ། ཕོ་ཉ་བརྫངས་ཏེ་འདུམ་ཞུ་བའི་འཐབ་རྩལ།

རང་ཕྱོགས་ཀྱི་དམག་དོན་དམིགས་ཡུལ་སྦ་གསེང་དང་གནས་སྐབས་ཀྱི་དཀའ་མངལ་ལས་གཡོལ་ཕྱིར་དགྲ་ཕྱོགས་ལ་ཕོ་ཉ་བརྫངས་ཏེ་འདུམ་ཞུ་བའི་ཐབས་ཤིག་ཡིན་ཏེ། “ལུང་ཧྲོ་ཁྲི་ལོར་གསུམ་པ་སྟེ། སྤྱི་ལོ་663ལོར་བོད་དང་ཐུ་ལུ་ཧུན་མ་འཆམས་པར་འཁྲུགས། བོད་དང་ཐུ་ལུ་ཧུ་གཉིས་ཀས་ཐང་དམག་ལ་ཞུ་ཡིག་སྐྱེལ་མཁན་ཕོ་ཉ་མངགས་ཏེ་རང་རང་གི་བདེན་ལུགས་བརྗོད་ཅིང་དཔུང་རོགས་བྱ་རྒྱུའི་རེ་བ་ཞུས། གོང་མས་གསན་དུ་མ་གནང་ཞེས་འདིར་བོད་ཀྱི་དམག་དཔོན་མགར་སྟོང་བཙན་གྱིས་ཕོ་ཉ་མངགས་པའི་དམིགས་ཡུལ་ནི་ཞུ་བའི་སྒོ་ནས་ཐང་གིས་ཐུ་ལུ་ཧུན་ལ་དཔུང་རོགས་བྱེད་རྒྱུར་འགོག་པ་དེ་མངོན་འགྱུར་བྱུང་བས། མཐར་ཐུ་ལུ་ཧུན་ལ་ཐང་གིས་དཔུར་རོགས་མེད་པར་བོད་ཀྱིས་ཆབ་འོག་ཏུ་བཅུག །ཡང་ཧན་ཡིའི་ཀུའེ་ན་རེ། བོད་ཀྱིས་ཉམ་ཐག་པའི་ཚེ་ན་ཞི་བས་འདུམ་དགོས་ཚུལ་ཞུ་བ་དང་སྟོབས་རྒྱས་པའི་ཚེ་ན་དམག་དཔུང་འདྲེན། ད་ལམ་བོད་ཀྱི་དམག་དཔུང་རང་རེའི་ས་ཁོངས་སུ་རིང་དུ་བརྟོལ་ནས་ཞི་བས་འདུམ་རྒྱུ་ཞུ་བ་འདི་གཡོ་ཇུས་ཤིག་ཡིན་པར་ངེས་ཞེས་བརྗོད་པ་དག་ལས་ཕོ་ཉ་བརྫངས་ཏེ་འདུམ་ཞུ་བ་ནི་སྐབས་དེའི་བཙན་པོའི་རྒྱལ་རབས་ཀྱི་དམག་དོན་འཐབ་རྩལ་ཁྲོད་མེད་ཐབས་མེད་པ་ཞིག་ཡིན་པར་བསམ་བྱ་ཆོག

བཞི །གཉེན་འབྲེལ་གྱི་འཐབ་རྩལ།

བོད་ཀྱི་ལོ་རྒྱུས་ལས་རྒྱལ་པོ་སྲོང་བཙན་སྒམ་པོས་སྲིང་མོ་སད་མ་དཀར་ཞང་ཞུང་གི་རྒྱལ་པོ་ལི་མིག་བརྒྱ་ལ་བག་མར་བྱིན་ནས་ཕྱི་ནང་འབྲེལ་བའི་སྒོ་ནས་ཞང་ཞུང་མངའ་འབངས་སུ་བཀུག་པ་དེ་ཡོངས་གྲགས་སུ་གཉེན་འབྲེལ་གྱི་བསླུ་བའི་འཐབ་རྩལ་སྤྱད་པར་མཐོང་། གཞན་ཡང་སྲིད་སྐྱོང་མེ་ལུང་དུ“བོད་ཀྱིས་བུད་མེད་ཅིག་ཝུས་ཀྲོའུ་ཡི་མཁར་སྒོ་སྲུང་མཁན་ཞིག་ལ་བག་མར་བརྫངས་ཤིང་། ལོ་ངོ་ཉི་ཤུའི་རྗེས་སུ་བུད་མེད་དེའི་རང་གི་བུ་གཉིས་དང་མཉམ་དུ་མཁར་སྒོ་ཕྱེ་དེ་ཝུས་ཀྲོའུ་མཁར་བོད་དམག་གིས་ཕབ། ཅེས་བཀོད་པ་ལས་བོད་དམག་གིས་མངའ་ཁོངས་རྒྱ་བསྐྱེད་པར་འགག་སྒོར་འགྱུར་ཡོད་པའི་ཝུས་ཀྲོའུ་ལ་བོད་དམག་གིས་ཐེངས་མང་པོར་རྒོལ་ནའང་མཁར་ལེན་མ་ཐུབ་པས། མཐར་བོད་དམག་གི་དམག་དཔོན་རྣམས་ཀྱིས་གཉེན་འབྲེལ་གྱི་བསླུ་བའི་འཐབ་རྩལ་ལ་བརྟེན་ནས་མཁར་རྫོང་བོད་དམག་གིས་བཟུང་།

ལྔ། སྟོན་ཐོག་བསྡུ་བ་དང་སྟོན་ཐོག་རྡོག་བརྫིས་ཀྱི་འཐབ་རྩལ།

སྟོན་ཐོག་བསྡུ་བ་དང་སྟོན་ཐོག་རྡོག་བརྫིས་བྱེད་པ་ནི་དགྲ་བོའི་མངའ་ཁོངས་སུ་གཏོགས་པའི་འབངས་དང་དམག་མིའི་བཏབས་པའི་སྟོན་ཐོག་རང་དམག་གིས་བསྡུས་བ་དང་རྡོག་བརྫིས་བྱས་ཏེ་དགྲ་འབངས་ལ་འབྲུ་རིགས་དང་དམག་ལ་དམག་རྒྱགས་མེད་པར་བྱེད་པའི་ཐབས་ཞིག་སྟེ། དཔེར་ན“ཅི་ཧྲི་ཅུ་ཡོད་སར་ལོ་རེར་བཞིན་སྟོན་ཐོག་སྨིན་དུས། བྷོད་དམག་གིས་སྟོན་ཐོག་བསྡུ་བ་འགོག་མཁན་མེད་པས་མཐའ་མཚམས་ཀྱི་མི་རྣམས་ཀྱིས་ས་ཆ་དེར་‘བོད་ཀྱི་གྲོ་མཛོད’་ཅེས་འབོད། ཡང་ཏ་ལི་ཁྲི་ལོ་བཅུ་གསུམ་པ་སྟེ། བོད་ཀྱི་དམག་དཔུང་སྟག་སྒྲ་ཀླུ་ཁོང་ལ་དམག་ཁྲི་བཞི་ཁྲིད་དུ་བཅུག་ནས་ལིང་ཀྲོའུ་ལ་དྲངས། ཀྲེན་ཧན་དང་། ཡུས་ཧྲི། ཧྲང་ཧྲུའུ་བཅས་ཡུར་བ་གསུམ་གྱི་ཆུ་མགོ་འཕྲོག་ནས་སོ་ནམ་བྱེད་པར་གེགས་བྱས། བོད་དམག་གིས་ཐང་གི་སྟོན་ཐོག་བསྡུ་བ་དང་སྟོན་ཐོག་རྡོག་བརྫིས་བྱེད་པ། ཆུ་མགོ་བཟུང་སྟེ་ཡུར་དུ་ཆུ་འདྲེན་རྒྱུ་བཀག་པ་ལ་སོགས་པའི་ཐབས་སྤྱད་ནས་འབངས་དང་དམག་གིས་བཏབས་པའི་འབྲུ་རིགས་མེད་པར་བཟོ་བ་དང་སྲིད་གཞུང་ལ་འབངས་ཀྱི་ལག་ནས་ཁྲལ་བསྡུ་རྒྱུ་སོགས་མེད་པར་གྱུར། དམག་རྒྱགས་མཁོ་འདོན་བྱ་རྒྱུར་ཁག་པོ་བཟོ་བ་སོགས་ཀྱི་འཐབ་རྩལ་བཀོལ་ནས་མཐའ་མཚམས་བསྲུང་བའི་བོད་དམག་གིས་འཐབ་འཁྲུག་གི་རྒྱལ་ཁ་བླངས་པ་མངོན་པར་མཐོང་།

དྲུག །དགྲ་དམག་རྙི་ནང་ལ་བསྡུ་བའི་འཐབ་རྩལ།

དགྲ་དམག་རྙི་ནང་ལ་བསྡུ་ཚུལ་ནི་འཐབ་འཁྲུག་གི་རྒྱལ་ཁ་ཐོག་མར་དགྲ་བོར་བྱིན་རྗེས་རིམ་གྱིས་རང་གིས་བཀོད་སྒྲིག་བཅས་བའི་རྙི་ནང་དུ་ཚུད་པར་བྱས་ནས་དགྲ་བོ་ཕམ་ཐབས་ཤིག་ལ་ཟེར། དཔེར་ན“ཞན་ཧེང་ཁྲི་དང་པོའི་ཟླ་བརྒྱད་པར། ཞུའེ་རེན་ཀུའེ་ཡིས་མཚོ་ནག་གི་ས་བབ་བཙན་ཞིང་རྒྱང་ཐག་རིང་བས་དམག་དཔུང་མདུན་དུ་བསྐྱོད་རྒྱུར་དཀའ་ཚེགས་ཤིན་ཏུ་ཆེ། དམག་རྒྱགས་དང་དམག་ཆས་ལྗིད་མོའི་རིགས་ཁྱེར་ནས་བསྐྱོད་ཚེ་དགྲ་ཟླ་ལས་རྣམ་པར་རྒྱལ་དཀའ། དེ་བས་དམག་མི་ཉིས་སྟོང་ཤུལ་དུ་བསྐྱུར་ཅིང་རི་བོ་ཏ་ཧྥེ་ལིང་དུ་བཙན་རྫོང་གཉིས་བརྩིགས་ནས་དམག་ཆས་ལྗིད་མོའི་རིགས་མཐའ་དག་བཙན་རྫོང་དུ་འཇོག་པ་དང་། རང་ཅག་གིས་ཡང་ཆས་སྤྲས་པའི་ཧྲག་དམག་ཁྲིད་ཅིང་གང་མགྱོགས་ཀྱིས་བསྐྱོད་དེ་དགྲ་བོར་གྲ་སྒྲིག་མེད་པའི་སྐབས་སུ་གློ་བུར་ཐོག་ཏུ་འཇབ་རྒོལ་བྱས་ཚེ་གཏོར་ཐུབ་ངེས་ཡིན་ཞེས་སྨྲས། དེར་ཞུའེ་རེན་ཀུའེ་ཡིས་ཁྲིད་པའི་དམག་དཔུང་མདུན་དུ་བསྐྱོད་དེ་རྨ་ཆུའི་ཁར་བོད་དམག་ལ་འཐབ་ནས་ཕམ་ཁ་ཆེན་པོ་འཁུར། བོད་དམག་ཤིན་ཏུ་མང་པོ་བསད་པ་དང་། མཚོ་ནག་ཏུ་དམག་སྒར་བཏབ་སྟེ་ཀོ་ཏའེ་ཧྥེང་ལ་བསྒུགས་ན་ཡང་། ཀོ་ཏའེ་ཧྥེང་གིས་ཞུའེ་རེན་ཀུའེ་ཡིས་ཐབས་ཇུས་མ་བརྩིས་པར་དམག་ཆས་ལྗིད་མོའི་རིགས་ཀྱང་ཁྱེར་ནས་དལ་བུར་བསྐྱོད་པ་ན། མཚོ་ནག་ཏུ་མ་སླེབས་གོང་བོད་དམག་འབུམ་གཉིས་ལྷག་ལ་ཕྲད། ཀོ་ཏའེ་ཧྥེང་གི་དམག་དཔུང་ཆེར་ཕམ་སྟེ་དམག་རྒྱགས་དང་དམག་ཆས་མཐའ་དག་དོར་ནས་བྲོས། ཞུའེ་རེན་ཀུའེ་ཏ་ཧྥེ་ཁྲོན་དུ་ཕྱིར་འཐེན་ནས་དམག་སྒར་བཏབ་པ་ལ། བོད་ཀྱི་བློན་ཆེན་ཁྲི་འབྲིང་གིས་དམག་འབུམ་བཞི་ལྷག་གི་རུ་སྣེ་དྲངས་ནས་འཐབ་པས་ཐང་དམག་ལ་ཕམ་ཁ་ཆེན་པོ་བྱུང་སྟེ་ཕལ་ཆེ་བ་ཤི་རྨས་ཐེབས། ཞུའེ་རེན་ཀུའེ། ཀོ་ཏའེ་ཧྥེང་། ཨ་ཧྲི་ན་ཏའོ་ཀྲེན་བཅས་མཉམ་དུ་བྲོས་ནས་ཐར་ཅིང་། ཁྲི་འབྲིང་དང་འདུམ་ཆིངས་བཞག་ནས་ཕྱིར་ལོག་ཅེས་བཀོད་ཡོད་ལ། འདིར་བོད་ཀྱི་བློན་ཆེན་ཁྲི་འབྲིང་གིས་ཏ་ཧྥེ་ཁྲོན་གྱི་ས་ཆར་རྒྱུས་ལོན་ཡང་དག་བྱས་རྗེས། ཞུའེ་རེན་ཀུའེ་མཚོ་ནག་ནས་གཡུལ་ལས་རྒྱལ་དུ་བཅུག་ཅིང་། རྒྱལ་ཁ་ཐོབ་རྗེས་མུ་མཐུད་དུ་དཔུང་མདུན་དུ་བསྐྱོད་པའི་གླགས་དང་བསྟུན་ནས་རྒྱབ་ཕྱོགས་ཀྱི་ཀོ་ཏའེ་ཧྥེང་གི་དམག་དཔོན་ཕམ་རྗེས་དམག་རྒྱག་འཕྲོག །མཐའ་མར་ཞུའེ་རེན་ཀུའེ་ཡི་དམག་དཔོན་ཏ་ཧྥེ་ཁྲོན་གྱི་རྙི་ནང་བཅུག་ནས་ཕམ་པར་བཟོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1