སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མུ་མཐུད་ཀྲེ་ཅང་དུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-02



 
        སྤྱི་ཟླ་3པའི་ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མུ་མཐུད་ཀྲེ་ཅང་དུ་རྟོག་ཞིབ་བརྟག་དཔྱད་གནང་ཡོད། ཉིན་དེའི་ཕྱི་དྲོ། ཁོང་སྔ་རྗེས་སུ་ཨན་ཅི་རྫོང་ཡུས་ཚུན་གྲོང་ཚོ་དང་ཨན་ཅི་རྫོང་གི་སྤྱི་ཚོགས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་ལྟེ་གནས་སུ་ཕེབས་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ཚུལ་དང་གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་ཡོད་པ་རེད།
        སྤྱི་ལོ་2005ལོའི་ཟླ་8པའི་ཚེས་15ཉིན། སྐབས་དེར་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་བཞིན་པའི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཨན་ཅི་རྫོང་ཡུས་ཚུན་གྲོང་ཚོར་རྟོག་ཞིབ་གནང་སྐབས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་ཚན་རིག་དང་མཐུན་པའི་ཆོད་གཏམ་དེ་ཐོག་མར་གསུངས་གནང་ཡོད། སྤྱི་ཟླ་3པའི་ཚེས་30ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་ངོ་15ཡི་རྗེས་སླར་ཡང་ཡུས་ཚུན་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། གྲོང་ཚོའི་འགྲོ་ལམ་བརྒྱུད་སྐབས་རི་བོ་སྔོ་ལྗང་ལྡན་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། འགྲོ་ལམ་གཙང་ལ་གྲལ་འགྲིག་པ། ཁྱིམ་ཚང་ཚང་མ་མཛེས་སྡུག་ལྡན་པའི་ཁང་པའི་ནང་སྡོད་པ་བཅས་གཟིགས་དུས། སྤྱི་ཁྱབ་ཧྲུའུ་ཅིས་དགྱེས་ཚོར་ཆེན་པོ་གནང་ཡོད། གྲོང་མི་ཚོས་ལམ་འགྲམ་དུ་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་ཡུས་ཚུན་གྲོང་ཚོར་ཕེབས་པར་དགའ་བསུ་ཞུས་ཡོད་པ་རེད།

        ཞིང་པའི་སྒོ་རའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་གྲོང་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཡོད། ཞི་ཅིན་ཕིང་གིས། དུས་ཚོད་འགྲོ་བ་ནི་ཡུད་ཙམ་ཞིག་རེད། སྐབས་དེ་དུས་ཀྱི་གནས་ཚུལ་ད་དུང་གསལ་པོ་དྲན་གྱི་འདུག ཡུས་ཚུན་གྲོང་ཚོར་ད་ཆ་ཐོབ་པའི་གྲུབ་འབྲས་ཐོག་ནས་སྦགས་མེད་གོང་འཕེལ་གྱི་ལམ་བུ་དེ་ནི་ཡང་དག་ཡིན་པ་ར་སྤྲོད་བྱུང་ཡོད། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བ་རིན་དོད་དུ་བྱེད་མི་རུང་། སྐྱེ་ཁམས་ནི་མ་གཞི་ནས་དཔལ་འབྱོར་གྱི་རྣམ་པ་ཞིག་ཡིན་པས། སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱུང་ན། སྐྱེ་ཁམས་ལས་ཕན་པ་ཆེན་པོ་ཐོབ་ངེས་ཡིན། དེ་གར་རི་བོ་སྔོ་ཞིང་ཆུ་མོ་དྭངས་བས། མཛེས་རྒྱན་མང་པོ་སྤྲོས་མི་དགོས་པར་མཛེས་སྡུག་ལྡན་པའི་གྲོང་གསེབ་འཕེལ་རྒྱས་གཏོང་བར་ཐུན་མིན་གྱི་བཟང་ཆ་ལྡན་ཡོད། ལྷག་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཡོད་པས། ཡང་དག་པའི་ལམ་བུའི་ཐོག་བསྐྱོད་ཚེ་ཡུལ་ཚུན་གྲོང་ཚོའི་འབྱུང་འགྱུར་དེ་བས་ཡག་པ་དང་། ཡུས་ཚུན་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བ་དེ་བས་ལེགས་སུ་འགྲོ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།
        དེ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨན་ཅི་རྫོང་གི་སྤྱི་ཚོགས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས་ནས། གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་། ལས་དོན་དང་དེ་སྒྲུབ་མི་སྣ་དང་བྱམས་བརྩེའི་བཀའ་མོལ་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། འགལ་ཟླ་ཐག་གཅོད་བྱ་རྒྱུ་ནི་རྒྱལ་ཁབ་གཅིག་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། གནད་དོན་ཐག་གཅོད་བྱེད་པའི་དམིགས་ཡུལ་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། མང་ཚོགས་ཚང་མ་བློ་ཡིད་ཚིམས་པོ་བྱུང་ཚེ་ང་ཚོའི་རྒྱལ་ཁབ་གཞི་ནས་ཡག་ནས་ཡག་ཏུ་འགྲོ་ཐུབ་ཅེས་གསུངས་པ་རེད།
        རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གླེང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འདི་ནི་ང་ཚོའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་གི་ཡིག་རྒྱུགས་ཆེན་པོ་ཞིག་རེད། ད་ཐེངས་ཀྱི་རིམས་འགོག་བརྒྱུད། ང་ཚོས་གཅིག་ཤེས་ཀུན་གྲོལ་ཐུབ་པ་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་ལ་ལེགས་འགྲུབ་བྱུང་བའི་རྒྱུ་མཚན་ནི་རྒྱུན་ཆད་མེད་པར་བསླབ་བྱ་དང་ཉམས་མྱོང་བསྡུ་ལེན་དང་། རང་སྐྱོན་ཡོ་བསྲང་། རང་ཉིད་འཐུས་ཚང་དུ་གཏོང་བ་བཅས་ཀྱིས་ཡིན་ཞེས་གསུངས་པ་རེད།

        སྤྱི་ཟླ་3པའི་ཚེས་31ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་ཧང་ཀྲོའུ་ཤིས་ཞི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་གྲོང་ཁྱེར་སྤྱི་ཡོངས་གཉེར་སྐྱོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས། ཤིས་ཞི་འདམ་ར་སྲུང་སྐྱོང་དང་བེད་སྤྱོད་བྱས་ཚུལ་དང་དེ་བཞིན་ཧང་ཀྲོའུ་ཡིས་གྲོང་ཁྱེར་སྤྱི་ཡོངས་བཀོད་འདོམས་ལ་བརྟེན་ནས་གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་རྟོག་ཞིབ་དང་བརྟག་དཔྱད་གནང་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1