ཞི་ཅིན་ཕིང་གིས་ཞི་ཁྲང་གི་ནགས་ཚལ་མེ་སྐྱོན་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-02



     ཟླ་3ཚེས་31ཉིན་གྱི་ཆུ་ཚོད་16ཡོལ་ཙམ་ལ། སི་ཁྲོན་ལེའང་ཧྲན་ཁུལ་ཞི་ཁྲང་གྲོང་ཁྱེར་ཅིང་ཅུའུ་ཤང་མ་ཨན་གྲོང་ཚོའི་ནགས་ཚལ་མེ་ཤོར། རླུང་གི་ཁ་ཕྱོགས་གློ་བུར་དུ་འགྱུར་བ་དང་རླུང་ཤུགས་ཇེ་ཆེར་སོང་བས། མེ་གསོད་མི་སྣ་གཡོལ་ཐབས་མ་བྱུང་བར་མཐར་མི་19ཚེ་ལས་འདས་ཤིང་མི་3ལ་རྨས་སྐྱོན་ཕོག། མིག་སྔར་ད་དུང་མེ་གསོད་བཞིན་པའི་སྒང་རེད། 
     གནོད་འཚེ་བྱུང་རྗེས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་གནང་བ་སྟེ། མགྱོགས་པོར་སྟོབས་ཤུགས་གཅིག་འདུས་དང་ཚན་རིག་དང་མཐུན་པའི་རོགས་སྐྱོབ་བྱས་ནས། མེ་གསོད་མི་སྣའི་བདེ་འཇགས་འགན་ལེན་ཐུབ་པའི་སྔོན་འགྲོའི་འོག་ནུས་ཤུགས་ཡོད་ཚད་རྩ་འཛུགས་བྱས་ནས་མེ་གསོད་པ་དང་། ཞོར་ཐོན་གནོད་འཚེ་མི་བྱུང་བར་སྔོན་འགོག་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན། མིག་སྔར། ནགས་ཚལ་མེ་སྐྱོན་སོགས་རང་བྱུང་གནོད་འཚེ་འབྱུང་སླ་བའི་དུས་ཚིགས་འཁྲུག་ཤོས་དེ་ཡིན་ཞིང་། ཉེ་ཆར། སི་ཁྲོན་དང་ཡུན་ནན། ཧྥུའུ་ཅན། ཧུའུ་ནན་སོགས་ས་ཆ་ཁག་ཏུ་ནགས་ཚལ་མེ་ཤོར་བ་སོགས་ཀྱི་བདེ་འཇགས་གནད་དོན་ཐོན་ཞིང་། དེའི་ཁར་དྭངས་གསལ་དུས་ཆེན་དང་། དཔྱིད་ཀྱི་འབྲུབ་ཆུ་འཆར་ལ་ཉེ་བས། མེ་སྐྱོན་དང་། ཆུ་ལོག་སོགས་ཀྱི་བདེ་འཇགས་ཐད་ཀྱི་མངོན་མེད་གནོད་འཚེ་ཐོན་པའི་ཉེན་ཁ་ཡོད་པས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས། རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང། དེ་བཞིན་དུ་འབྲེལ་ཡོད་སྡེ་ཁག་གིས་རིམས་ནད་སྔོན་འགོག་དང་ལས་འགོ་བསྐྱར་འཛུགས་བྱེད་པ་དང་མཉམ་དུ། ཉེན་ཁ་སྔོན་འགོག་གི་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུ་དང་། བག་མེད་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་དུ་བསད་དེ་མེ་སྐྱོན་དང་། འདམ་རྡོའི་ཆུ་རུད། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་བྱུར་ཉེས་ཆག་སྒོ་ཐོན་མང་བའི་གནས་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས། ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་ངང་རི་མེ་གསོད་པ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་པ། མེ་ཤོར་སའི་མཐའ་འཁོར་གྱི་གཙོ་གནད་ཁུལ་དང་། ས་གནས། སྒྲིག་བཀོད་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཉེ་དུས་ནགས་ཚལ་མེ་སྐྱོན་ཤོར་བ་དང་མི་སྣ་ཤི་རྨས་བྱུང་བའི་བསླབ་བྱ་མང་པོ་ཕྱོགས་བསྡོམས་གཏིང་ཟབ་བྱེད་པ་དང་། ཕྱོགས་ཁག་དང་ལྷུ་ཚིགས་ཁག་གི་འགན་འཁྲི་སྔར་བས་ནན་དུ་བཏང་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནགས་ཚལ་མེ་སྐྱོན་ཧ་ཅང་ཚབས་ཆེན་བྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།
    ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་ནས། འཕྲལ་སྡོམ་དོ་དམ་པུས་འཕྲལ་མར་ལས་དོན་ཚོགས་ཆུང་ཡུལ་དངོས་སུ་མཛུབ་ཁྲིད་བྱེད་པར་བཏང་བ་མ་ཟད། རྒྱལ་ཁབ་ཀྱི་ནགས་ཚལ་མེ་ཟོན་དང་མེ་ཟོན་རོགས་སྐྱོབ་དཔུང་ཁག་རོགས་སྐྱོར་བྱེད་པར་བཏང་བ་རེད། སི་ཁྲོན་ཞིང་ཆེན་དང་ལེའང་ཧྲན་ཁུལ་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མེ་གསོད་བཞིན་ཡོད་པ་དང་མྱུར་དུ་ཉེ་འགྲམ་གྱི་མང་ཚོགས་གནས་སྤོས་པ་མ་ཟད། མཐའ་འཁོར་གྱི་སློབ་གྲྭ་དང་སྣུམ་སྣོན་ས་ཚིགས་སོགས་གཙོ་གནད་ཁུལ་ལ་སྲུང་སྐྱོང་བྱེད་ཐབས་སྤྱད་ཡོད། མིག་སྔར་མེ་གསོད་རོགས་སྐྱོབ་དང་། རྨས་མ་སྐྱོབ་བཅོས། མི་སྣ་ཁ་འགྲེམས་སོགས་ཀྱི་ལས་དོན་ཁག་སྤེལ་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1