༄༅།།གློག་བཀོལ་སྟངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-02



      ཉེ་ཆར། བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་མི་རྣམས་ཀྱིས་གློག་བཀོལ་དུས་ཡིད་གཟབ་མ་བྱས་པར་མེ་སྐྱོན་བྱུང་པའི་གནས་ཚུལ་མང་པོ་འབྱུང་བཞིན་འདུགགློག་ནི་ང་ཚོའི་འཚོ་བ་ཁྲོད་དུ་མེད་དུ་མི་རུང་པའི་ཐོན་ཁུངས་ཤིག་ཡིན་པས། གློག་བཀོལ་དུས་ཡིད་གཟབ་མ་བྱས་ན་མིའི་ཚེ་སྲོག་དང་རྒྱུ་རྫས་ལ་ཉེན་ཁ་ཆེན་པོ་ཐོན་སྲིད།ཉེན་མེད་ངང་གློག་བཀོལ་བའི་ཤེས་བྱར་རྒྱུས་ལོན་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། དེ་བས་ཐེངས་འདིའི་རྒྱུན་ཤེས་འཚོ་བའི་མེ་ལོང་ཞེས་པའི་ལེ་ཚན་འདིའི་ནང་ང་ཚོས་གློག་བཀོལ་དུས་ཡིད་གཟབ་བྱ་དགོས་པའི་དོན་ཚན་འགའ་ལ་སློབ་སྦྱོང་བྱ།
     དང་པོ། གློག་སྐུད་ཆད་པ་དང་གློག་སྐུད་རྙིང་པར་གྱུར་བ། གློག་སྐུད་ལ་མེ་སྟག་མཆེད་པའི་གནས་ཚུལ་བྱུང་ན་གློག་སྐུད་གསར་པར་བརྗེ་དགོས།

       ང་ཚོས་ནམ་རྒྱུན་ཁྱིམ་ནང་གི་གློག་སྐུད་ཀྱི་གནས་ཚུལ་ལ་ཉམས་འཇོག་བྱས་ནས་གལ་ཏེ་གློག་སྐུད་ཆད་པ་དང་གློག་སྐུད་རྙིང་པར་གྱུར་བ། གློག་སྐུད་ལས་དུ་བ་འཕྱུར་ཞིང་མེ་སྟག་མཆེད་པའི་གནས་ཚུལ་བྱུང་ན་མགྱོགས་མྱུར་ངང་སྤྱིའི་གློག་སྒོ་བརྒྱབ་ནས་གློག་ལས་མི་སྣ་ལ་གློག་སྐུད་གསར་པར་བརྗེ་རུ་འཇུག་དགོས།
        གཉིས་པ།  ཁྱིམ་སྤྱོད་གློག་ཆས་བཀོལ་དུས་ཡིད་གཟབ་བྱེད་སྟངས།
        ད་ལྟའི་དུས་འདིར་བོད་ཁུལ་གྱི་ཁྱིམ་ཚང་མང་པོ་ལ་བརྙན་འཕྲིན་དང་། འཁྱགས་སྒམ། གོས་བཀྲུ་ཆས། སྐྲ་རླུང་རྒྱག་ཆས། མེ་ཐབ་སོགས་ཁྱིམ་སྤྱོད་གློག་ཆས་མང་པོ་ཡོད། དུས་མཚུངས་སུ་གློག་ཆས་བཀོལ་དུས་ཡིད་གཟབ་བྱེད་དགོས་ས་ཡང་མང་པོ་འདུག དཔེར་ན་བསྒར་ཁུང་གཅིག་གི་སྟེང་དུ་གློག་ཆས་མང་པོ་བཀོལ་མི་ཉན།བསྒར་ཁུང་གཅིག་གི་སྟེང་གློག་ཆས་བཀོལ་རྒྱུ་མང་དྲགས་ན་བསྒར་ཁུང་གི་གློག་ཚད་ལས་བརྒལ་ནས་མེ་འབར་པའི་ཉེན་ཁ་ཡོད། གལ་ཏེ་གློག་ཆས་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་དུ། དུ་བ་དང་མེ་སྟག གཞོབ་དྲི་སོགས་བྱུང་ན། གང་མགྱོགས་སྒོས་གློག་སྒོ་རྒྱག་དགོས་ཤིང་མུ་མཐུད་དུ་བཀོལ་མི་རུང་།
        གསུམ་པ། འབར་སླ་བའི་དངོས་རྫས་གློག་དང་ཁ་ཐག་རིང་དགོས།  
    འཚོ་བའི་ཁྲོད་ཀྱི་ཤོག་བུ་དང་སྲིང་བལ། སྣུམ་དང་གྱོན་ཆས་སོགས་འབར་སླ་བའི་དངོས་རྫས་གློག་དང་བསྒར་ཁུང་སོགས་དང་ཁ་ཐག་རིང་དགོས། ཐག་ཉེ་སར་བཞག་ལ་མེ་འབར་བའི་ཉེན་ཁ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1