སློབ་གསོ་པུའུ་ཡིས་རིམས་ནད་ཀྱི་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་གཅོད་ནན་མོ་བྱས་ཏེ་མཐོ་རྒྱུགས་ཀྱི་རིམས་འགོག་ལས་དོན་ཡག་པོ་སྤེལ་དགོས་པ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-03


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས31ཉིན། སློབ་གསོ་པུས་2020ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་བརྟན་པོ་བསྒྲུབ་རྒྱུའི་བརྡ་ཐོ་བཏང་སྟེ། 2020ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་གཅིག་གྱུར་གྱི་ཡིག་རྒྱུགས་ཟླ་གཅིག་ནར་འགྱངས་བྱ་རྒྱུ་དང་། ཞིང་ཆེན་རིམ་པ་ཁག་གི་སློབ་བསྡུ་ཨུ་ལྷན་གྱིས་ས་གནས་དེ་གའི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ། མཐོ་རྒྱུགས་ཀྱི་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ་དང་ཟླ་7པའི་ཟླ་འགོའི་རིམས་ནད་ཀྱི་གནས་ཚུལ་ལ་ཞིབ་འཇུག་དང་། བརྡར་ཤ་ནན་པོ་བཅད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་ཚད་གཞི་དང་རྒྱུགས་ར་དང་། རྒྱུགས་གཞི་འདོན་ཡུལ། རྒྱུགས་ཤོག་བཟོ་ཡུལ། རྒྱུགས་ཤོག་དཔྱད་བསྡུར་བྱ་ཡུལ་བཅས་ཀྱི་རིམས་འགོག་བྱེད་ཐབས་བཟོ་དགོས་པ་ཁ་གསལ་བཏོན་ཡོད།
        བརྡ་ཐོའི་ནང་རྒྱུགས་སྤྲོད་སློབ་མ་དང་ལས་དོན་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་འཇལ་དང་། ཐོ་འགོད། ཏོག་གསར་གློ་ཚད་གྲལ་བཤེར་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཡིག་རྒྱུགས་དང་སློབ་མ་བསྡུ་ཡུལ་རེ་རེ་བཞིན་དུག་སེལ་བྱས་ནས་ཁོར་ཡུག་གཙང་སྦྲ་དང་རླུང་འགྲོ་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས་པ། རྒྱུགས་རར་རིམས་འགོག་དངོས་རྫས་འདང་ངེས་སྒྲིག་སྦྱོར་བྱས་ནས་འགོག་སྲུང་ལོགས་འཇོག་བྱེད་ཐབས་ཀྱི་དམིགས་བསལ་བགྲོད་ལམ་དང་། ཆེད་སྤྱོད་ལོགས་འཇོག་རྒྱུགས་ར། གྲབས་སྤྱོད་རྒྱུགས་ར་བཅས་བཀོད་སྒྲིག་བྱེད་དགོས་པ་བསྟན་ཡོད།
        བརྡ་ཐོའི་ནང་ས་གནས་ཁག་གིས་ཡིག་རྒྱུགས་སྒྲིག་འཛུགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུགས་གཞི་འདོན་པ་དང་། རྒྱུགས་ཤོག་བཟོ་བ། རྒྱུགས་ཤོག་དོ་དམ་ཉར་ཚགས། སྤྲོད་པ། རྒྱུགས་ལེན། རྒྱུགས་ཤོག་ལྟ་བ་སོགས་ཀྱི་ལྷུ་ཚིགས་ཁག་གི་དོ་དམ་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་རྒྱུགས་ཤོག་གི་ནང་དོན་ཕྱིར་གཏན་ནས་མི་གྱར་བ་དང་། ཡིག་རྒྱུགས་སྒྲིག་འཛུགས་ཐད་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས་པ་དང་། ཡིག་རྒྱུགས་ལས་དོན་གྱི་དོ་དམ་གཏན་འབེབས་ལག་ལེན་ནན་པོ་བསྟར་ནས་རྒྱུགས་རའི་དོ་དམ་ལ་ཤུགས་སྣོན་དང་། ཡིག་རྒྱུགས་ཀྱི་སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་པོ་སྲུང་བ། ཡིག་རྒྱུགས་གཏོང་རིང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་གཅིག་ཤེས་རྟོགས་བྱུང་ཚེ་ཞིབ་བཤེར་ཐག་གཅོད་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་མི་གཏོང་བའི་བླང་བྱ་བཏོན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1