རིམས་ནད་རྒྱུན་མཐུད་འགོས་ཁྱབ་བྱུང་བ་དེས་ཨ་རིའི་དམག་དཔུང་གི་བཀོད་སྒྲིག་ལ་ཤུགས་རྐྱེན་ཐེབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-04


        སྤྱི་ཟླ་4པའི་ཚེས་1ཉིན། ཨ་རིའི་མཚོ་དམག་པུའུ་ཀྲང་གི་ལས་ཚབ་མོ་ཏེ་ལིས་ཀོན་ཏའོ་གླིང་ཕྲན་དུ་བཞག་པའི་རྡུལ་ཉིང་སྒུལ་ཤུགས་ཀྱི་གྲུ་གཟིངས་ཨ་མ་ཞི་ཨའོ་ཏོ་﹒ལོ་སི་ཧྥུ་རྟགས་ཅན་ཐོག་གི་དཔོན་དམག་93ལ་ཏོག་གསར་ནད་དུག་འགོས་ཡོད་ཅེས་བསྟན་ཡོད། མི་སྣ་མང་པོ་ཞིག་གིས་ཏོག་གསར་གློ་ཚད་རིམས་ནད་རྒྱུན་མཐུད་འགོས་ཁྱབ་བྱུང་བ་དེས་ཨ་རིའི་མཚོ་དམག་གི་རྒྱལ་ཁབ་ཕྱིའི་བཀོད་སྒྲིག་སོགས་དམག་དོན་བྱ་སྤྱོད་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
        ཞི་ཨའོ་ཏོ་﹒ལོ་སི་ཧྥུ་རྟགས་ཅན་གྱི་གྲུ་དཔོན་ཁེ་ལོ་ཙེས་ཉིན་ཤས་གོང་མཚོ་དམག་གི་དཔོན་རིགས་ལ་ཡི་གེ་བསྐུར་ཏེ་ཏོག་གསར་ནད་དུག་གྲུ་གཟིངས་སྟེང་འགོས་ཁྱབ་འགྲོ་བར་ཁ་གཏད་གཅོག་རོགས་བྱ་རྒྱུའི་རེ་བ་བཏོན་པར་གླེང་ཕྱོགས་ནས་རྒྱ་ཁྱབ་ཏུ་དོ་ཁུར་བྱས་ཡོད། ཨ་རིའི་གསར་འགྱུར་ལས་རིགས་ཀྱིས། ཤོག་ལྷེ་བཞི་ལྷག་ཙམ་ཡོད་པའི་ཁོང་གི་ཡི་གེའི་ནང་། ནད་དུག་དེ་གྲུ་གཟིངས་སྟེང་འགོས་ཁྱབ་མགྱོགས་པོ་འགྲོ་བཞིན་ཡོད་པ་དང་། གྲུ་གཟིངས་ཀྱི་སྒྲིག་ཆས་དང་བར་སྟོང་ལ་བལྟས་ཚེ་དམག་མིའི་དབར་བར་ཐག་འཇོག་ཐབས་བྲལ་ཡོད། དེར་བརྟེན། དམག་དཔོན་ཚུད་པའི་མི་ཚང་མ་འབྲེལ་གཏུག་ཟབ་མོ་བྱེད་མྱོང་བར་བརྩིས་ཏེ་གང་མགྱོགས་གྲུ་གཟིངས་སྟེང་གི་མི་སྣ་གྲུ་གཟིགས་ནས་བབས་ཏེ་ལོགས་དབྱེ་དང་ཡང་ན་བརྟག་དཔྱད་ཞིབ་བཤེར་བྱེད་དགོས་ཞེས་འཁོད་པའི་གནས་ཚུལ་སྤེལ་ཡོད།
        སྤྱི་ཚེས་1ཉིན། ཨ་རིའི་མཚོ་དམག་དཔོན་རིགས་ཀྱིས་གསར་འགྱུར་ལས་རིགས་ལ་ཞི་ཨའོ་ཏོ་﹒ལོ་སི་ཧྥུ་རྟགས་ཅན་གྱི་གྲུ་གཟིངས་སྟེང་གི་མི་1273ལ་ཏོག་གསར་ནད་དུག་འགོས་མིན་བརྟག་དཔྱད་བྱས་ཟིན་པ་དང་། དེའི་ཁྲོད་མི་93ལ་འགོས་པ་གཏན་འཁེལ་བྱས་ཡོད། མིག་སྔའི་བར་མི་སྟོང་གཅིག་མ་ཟིན་ཙམ་གྲུ་གཟིངས་སྟེང་ནས་སྐམ་སའི་ཐོག་གནས་སྤོ་བྱས་པ་དང་། དེ་རྗེས་མི་2700གཅིག་མཇུག་གཉིས་མཐུད་ངང་གནས་སྤོ་བྱས་ཡོད་ནའང་མཐར་མི་1000ཙམ་གྲུ་གཟིངས་སྟེང་རྡུལ་ཉིང་གས་གྱུར་ཕུང་པོ་འཁོར་རྒྱུག་སོགས་ཀྱི་དགོས་ངེས་ལས་ཀ་སྒྲུབ་པར་བཞག་ཡོད།
        ཞི་ཨའོ་ཏོ་﹒ལོ་སི་ཧྥུ་རྟགས་ཅན་གྱི་གྲུ་ཁ་ཨ་མ་ནི་ཨ་རིའི་ཀ་ལི་ཧྥུ་ཉི་ཡ་མངའ་སྡེའི་ཧྲེང་ཏེ་ཀོ་གྲོང་ཁྱེར་དུ་ཡིན་ཞིང་། གྲུ་གཟིངས་སྟེང་དཔོན་དམག་5000ཙམ་ཡོད་པ་དང་། མིག་སྔར་ཞི་བདེ་རྒྱ་མཚོ་ནུབ་མའི་ཨ་རིའི་ཕྱིའི་རྒྱལ་ཁབ་ཀྱི་ཀོན་ཏའོ་གླིང་ཕྲན་དུ་བཞག་ཡོད། ཁེ་ལོ་ཙེས། གྲུ་གཟིངས་སྟེང་བར་སྟོང་ཆུང་བས་ཆུ་དམག་ཚོས་ཉལ་ཁང་དང་། གསང་སྤྱོད། ཟ་ཁང་སོགས་སྒྲིག་ཆས་མཉམ་སྤྱོད་བྱེད་པའི་དབང་གིས་སྐས་ཀ་དང་སྟེམ་སྒོ་སོགས་ལ་རྟག་ཏུ་ལག་པ་འཕྱང་དགོས་ཀྱི་ཡོད། རྒྱུ་རྐྱེན་དེ་དག་གིས་ནད་དུག་འགོས་སླ་པོ་ཡོད་ཅེས་བསྟན་ཡོད་པ་རེད།
        ཞི་ཨའོ་ཏོ་﹒ལོ་སི་ཧྥུ་རྟགས་ཅན་ཕུད། མིག་སྔར་ཨ་རིར་དམག་གྲུ་མང་པོའི་སྟེང་གི་དཔོན་དམག་ལ་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བྱས་ཡོད། ཨ་རིའི་དེ་སྔའི་མཚོ་དམག་གི་ཧྲང་ཅང་དམག་དཔོན། བྱང་ཆིངས་སྒྲིག་འཛུགས་ཀྱི་དེ་སྔའི་དམག་དོན་དཔོན་པོ་མཐོ་ཤོས་སི་ཐ་ཧྥུ་ལི་ཏི་སིས། སླད་ཕྱིན་གནས་ཚུལ་དེ་དང་འདྲ་བ་མང་པོ་ཐོན་སྲིད། རྒྱུ་མཚན་ནི་དམག་གྲུ་ནི་ཏོག་གསར་གློ་ཚད་འགོ་སའི་གནས་ལྟ་བུ་ཞིག་ཡིན་ཞེས་བསྟན་ཡོད་པ་རེད།
        རྒྱལ་སྲུང་ཐོག་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཨ་རིའི་དམག་མི་རྒྱལ་ཁབ་དང་ས་ཁུལ་176ལ་མི་ཉིས་འབུམ་ལྔ་ཁྲི་ཙམ་བཅའ་སྡོད་བྱས་ཡོད་པ་དང་། དེའི་ནང་དམག་མི་དང་དམག་མི་མིན་པའི་མི་སྣ་ཚུད་ཅིང་། གཞན་ཡང་མི་ས་ཡ་གཉིས་དང་བདུན་འབུམ་ཨ་རིའི་མངའ་ཁོངས་ནང་གི་དམག་དོན་སྒྲིག་ཆས་ཁག་ཡོད་སར་ལས་དོན་སྒྲུབ་བཞིན་ཡོད་པ་དང་། དེའི་ཁྲོད་མི་ཉིས་ཁྲི་དྲུག་སྟོང་རྒྱལ་ས་ཝ་ཧྲིང་ཐོན་ཉེ་འགྲམ་གྱི་ཨ་ལིང་ཏུན་རྫོང་དུ་གནས་པའི་རྒྱལ་སྲུང་ཐོག་ཁང་དང་དེའི་ཉེ་འཁོར་དུ་ལས་དོན་སྒྲུབ་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་གང་མགྱོགས་འགོས་འགྲོ་བའི་རྒྱབ་ལྗོངས་འོག་གོ་ལ་ཧྲིལ་པོའི་ས་གནས་ཁག་ལ་དམག་ཤུགས་བཀོད་སྒྲིག་བྱས་ཡོད་པའི་ཨ་རིའི་དམག་ལ་ཚོད་བགམ་ཛ་དྲག་པོ་འཕྲད་ཡོད།
        ཨ་རིའི་ཡུའེ་ཧན་སི་﹒ཧོ་ཕུ་ཅིང་སི་སློབ་ཆེན་གྱིས་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཨ་རིའི་ཤར་ཕྱོགས་དུས་ཚོད་སྤྱི་ཟླ་4པའི་ཚེས་1ཉིན་གྱི་ཆུ་ཚོད་14དང་སྐར་མ་50བར་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བའི་མི་གྲངས་དགུ་འབུམ་ཆིག་ཁྲི་ཟིན་ཞིང་། དེའི་ཁྲོད་ཨ་རིར་གཏན་འཁེལ་བའི་མི་གྲངས་ཉིས་འབུམ་ཟིན་ཏེ་ནད་དུག་འགོས་པ་གཏན་འཁེལ་བའི་མི་གྲངས་ཉིས་འབུམ་ལས་བརྒལ་བའི་རྒྱལ་ཁབ་དང་པོར་གྱུར་བ་དང་། དེའི་ཁྲོད་ནད་གཞིས་རྐྱེན་པས་གྲོངས་པའི་མི་གྲངས་4476ཟིན་ཡོད། གཞན་ཡང་། རྒྱལ་སྲུང་ཐོག་ཁང་གིས་གསར་དུ་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལ་གཞིགས་ན། སྤྱི་ཟླ་4པའི་ཚེས་1ཉིན་བར། ཨ་རིའི་དམག་གི་ད་ཆ་དམག་ཞབས་སྒྲུབ་བཞིན་པའི་དམག་མི་771ལ་ཏོག་གསར་གློ་ཚད་ནད་དུག་འགོས་པ་གཏན་འཁེལ་བས་ཉིན་གོང་མ་དང་བསྡུར་ན་དམག་མི་29མང་དུ་སོང་ཡོད་པ་རེད། ཏོག་གསར་གློ་ཚད་རིམས་ནད་ཨ་རིའི་དམག་དཔུང་ནང་ཁུལ་དུ་འགོས་ཁྱབ་འགྲོ་རྒྱུ་བཀག་འགོག་བྱ་ཆེད། ཨ་རིའི་རྒྱལ་སྲུང་པུས་བྱ་ཐབས་རབ་དང་རིམ་པ་བཟུང་ཡོད། དཔེར་ན། དམག་མི་དང་ཞི་བའི་ལས་དོན་པ་དང་གང་དེའི་ཁྱིམ་མི་ཨ་རིའི་ས་ཁོངས་ནང་ཁུལ་དུ་ཡུལ་སྐོར་ལ་འགྲོ་རྒྱུ་གནས་སྐབས་མཚམས་འཇོག་བྱས་པ་དང་། ཨ་རིའི་རྒྱལ་སྲུང་ཐོག་ཁང་ནང་ངོ་འཕྲད་ཚོགས་འདུ་ཚོགས་ཚད་ཉུང་དུ་བཏང་བ། དྲ་ཐོག་ལས་སྒྲུབ་སོགས་བྱས་ཡོད། ཕྱི་རྒྱལ་དུ་ཡོད་པའི་ཨ་རིའི་དམག་གིས་ཀྱང་དམག་དོན་བྱ་སྤྱོད་སྤྱིའི་ཆ་ནས་སྤེལ་མཚམས་བཞག་ཡོད།
        ཉིན་ཤས་གོང་། ཨ་རིའི་རིག་མཛོད་འཐབ་ཇུས་དང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་བློ་འདྲི་ཡུལ་ཁན་ཤི་ཨེན་གྱིས་བྲིས་པའི་རྩོམ་ཡིག་ནང་། རིམས་ནད་དབང་གིས་ཨ་རིའི་དམག་དོན་སྟོབས་ཤུགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད། གཅིག་ནས་ཨ་རིའི་དམག་གིས་སྔོན་མ་ལྟར་ནང་སྦྱོང་བྱེད་ཐབས་བྲལ་བ་དང་། གཉིས་ནས་དམག་སྦྱོང་གནས་སྐབས་མཚམས་འཇོག་བྱས་པ་དེས་འབྲེལ་ཡོད་དམག་འཐབ་རྩལ་ནུས་ལྷོད་གཡེང་དུ་ཤོར་སྲིད་ལ། ཨ་རིའི་དམག་དང་མནའ་གྲོགས་བར་གྱི་དམག་དོན་སྤེལ་རེས་ཉུང་དུ་འགྲོ་སྲིད་ཅེས་བསྟན་ཡོད།
        མིག་སྔར། ཨ་རིའི་ས་གནས་མང་པོས་རྒྱལ་དམངས་ཉེན་སྲུང་རུ་ཁག་སྤྱད་དེ་རིམས་ནད་ལ་ཁ་གཏད་གཅོག་བཞིན་ཡོད། རྒྱལ་ས་ཝ་ཧྲིན་ཐོན་དུ་རྒྱལ་དམངས་ཉེན་སྲུང་རུ་ཁག་གིས་ཝ་ཧྲིང་ཐོན་གྲོང་སྤྱིའི་གཞུང་ལས་ཁང་དང་། ཉེན་རྟོག་ཅུད། དེ་བཞིན་ཨ་རིའི་རྒྱལ་སྲུང་བདེ་འཇགས་པུའུ་སོགས་ཚན་པར་རོགས་ལས་བྱས་ནས་བདེ་སྲུང་དང་། གསོ་རིག་འཐེན་བཤེར་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད། དེར་བརྗོད་དགོས་པ་ཞིག་ལ། དམག་འཁྲུག་མེད་པའི་གནས་ཚུལ་འོག རྒྱལ་དམངས་ཉེན་སྲུང་རུ་ཁག་མངའ་སྡེ་ཁག་གི་སྲིད་གཞུང་ནས་དོ་དམ་བྱེད་ཀྱི་ཡོད། ཨ་རིས་མིག་སྔར་རྒྱལ་ཕྲན་མཉམ་འབྲེལ་བང་རིམ་ནས་དམག་དོན་རྗེས་གྲབས་སྟོབས་ཤུགས་དེ་གཅིག་གྱུར་བཀོད་གཏོང་དང་བཀོད་འདོམས་བྱས་མེད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1