རིམས་འགོག་ཁྲོད་ཚེ་སྲོག་ཤོར་བའི་མི་14སྔོན་གཤེགས་དཔའ་བོར་བདམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-04



     ཉེ་ཆར། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་《སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག་》དང་《དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་དང་ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུའུ་ཡི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ནང་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོའི་གཟེངས་བསྟོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》ཡི་དགོངས་དོན་ལ་གཞིགས་ནས། ཝང་པིང་དང་། ཧྥེང་ཞའོ་ལིན། ཅང་ཞུའེ་ཆིང་། ལིའུ་ཀྲི་མིང་། ཀྲང་ཝུན་ལིའང་། ཀྲང་ཁང་མེ། ཞའོ་ཅུན། ཝུའུ་ཡུང་། ལིའུ་ཧྥན། ཞ་སི་སི། ཧོང་ཝུན་ཅུན། མེ་ཀྲུང་མིང་། ཕེང་དབྱིན་ཧྭ། ལིའོ་ཅན་ཅུན་སོགས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་མདུན་སར་སྐུ་གཤེགས་པའི་དཔའ་བོ་14(རུས་མིང་གི་པིར་རིས་མང་ཉུང་ལྟར་བསྒྲིགས་པ)སྔོན་གཤེགས་དཔའ་བོ་ཁག་དང་པོར་བདམས། ཁོང་ཚོས་མི་སྒེར་གྱི་བདེ་སྡུག་རྒྱབ་ཏུ་བསྐྱུར་ནས་རིམས་ནད་ལ་གདོང་བཏད་ཅིང་། དཔའ་ངར་ཆེར་བསྐྱེད་དང་སྒེར་སེམས་མེད་པར་འགན་ལྕི་མོ་རང་ཕྲག་ཏུ་བླངས་ནས་ལེགས་སྐྱེས་ཕུལ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་གྱི་ཆེད་དུ་འབད་བརྩོན་བྱེད་སྐབས་རང་སྲོག་བློས་བཏང་བ་རེད།
     ཏོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བྱུང་བའི་རིམས་ནད་དག་ལས་མཆེད་ཚད་མགྱོགས་ཤོས་དང་། འགོས་པའི་ཁྱབ་རྒྱ་ཆེ་ཤོས། སྔོན་འགོག་དང་ཚོད་འཛིན་བྱེད་ཁག་ཤོས་བཅས་ཀྱི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱ་ཆེའི་སྨན་དོན་མི་སྣ་དང་རིམས་འགོག་ལས་དོན་པས་དཔའ་ངར་ཆེན་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མདུན་སར་འབད་འཐབ་བྱས་ཏེ། ཧུའུ་པེ་དང་ཝུའུ་ཧན་གྱི་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཞིང་། དགའ་སྐྱོ་གཉིས་ལྡན་གྱི་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཞིག་ཐོན་ཡོད་ལ། ཝང་པིང་སོགས་བློ་མཐུན་14ནི་དེའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཡིན།
     “སྔོན་གཤེགས་དཔའ་བོ་”ནི་ཏང་དང་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དང་། སྤྱི་ཚོགས། མི་དམངས་བཅས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྤྱི་དམངས་ལ་གནང་བའི་གཟི་བརྗིད་མཚན་སྙན་ཆེ་ཤོས་ཤིག་ཡིན། སྔོན་གཤེགས་དཔའ་བོ་ཁག་དང་པོའི་མི་14ཡི་ཁྲོད། མདུན་སར་སྐྱོབ་བཅོས་བྱས་ཤིང་རང་གི་ཚེ་སྲོག་གིས་གཞན་གྱི་ཚེ་སྲོག་སྲུང་སྐྱོབ་བྱེད་མཁན་སྨན་པ་བྱང་སེམས་ཅན་དང་། ཐོག་མཐའ་བར་གསུམ་དུ་མདུན་སའི་བདེ་འཇགས་སྲུང་ཞིང་ལས་འགན་གྱི་ཆེད་དུ་ཚེ་སྲོག་བཏང་ཟིན་པའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ཡོད་ལ། ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་སེལ་རོགས་བྱས་ཏེ་ཚེ་སྲོག་དང་བརྩེ་སེམས་ཕུལ་བའི་སྡེ་ཁུལ་གྱི་ལས་དོན་པའང་ཡོད།  ཁོང་ཚོ་ནི་དུས་རབས་གསར་པའི་ཆེས་གཅེས་པར་འོས་པའི་མི་ཡིན་པས། ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་ནམ་ཡང་ནུབ་པར་འགྱུར་མི་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1