གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༠༧ཉིན།

༄༅།།རྩྭ་ཐང་གི་སོ་སྲུང་བ་རྒྱ་མཚོ།


        ཉེ་བའི་ལོ་འགའི་རིང་། རྩྭ་ཐང་ལ་གནས་སྐོར་དུ་ཡོང་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས་གད་སྙིགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད། དེས་ཐོན་ཁུངས་གནས་སྐོར་གྱི་རྒྱུན་མཐུད་གསར་སྤེལ་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། རྩྭ་ཐང་ལ་ཡང་སྦགས་བཙོག་ཐེབས་ཀྱིན་ཡོད་པས། རྣམ་པ་དེ་མཐོང་རྗེས་ཧེ་ཡན་རྫོང་ཝ་མགྱོགས་ཞང་མདའ་བཞི་སྡེ་བའི་སྡེ་མི་རྒྱ་མཚོའི་སེམས་སུ་འཚུབ་ཆས་ལངས།
        རྒྱ་མཚོའི་ཕ་ཡུལ་ནི་མཚོ་བསྐོར་ས་ཁུལ་དུ་གཏོགས་ཤིང་། ཁོས་ཕ་ཡུལ་གྱི་ཁོར་ཡུག་དང་དགོ་བ། མཚོ་བསྐོར་ས་ཁུལ་གྱི་སྲོག་ཆགས་གཞན་དག་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུའི་སེམས་ཐག་བཅད། ཁོས་རང་གིས་མ་དངུལ་བཏང་ནས་ཁོར་སྲུང་དྲིལ་སྒྲོག་དཔེ་དེབ་སྣ་ཚོགས་དཔར་སྐྲུན་བྱས་ནས་འབྲོག་པ་དང་གནས་སྐོར་མགྲོན་པོར་བྱིན་པར་མ་ཟད། ཁོ་ཚོར་ཁོར་སྲུང་ཤེས་བྱ་ནན་ཏན་གྱིས་འགྲེལ་བཤད་བྱས། ཁོས་ཉིན་ནས་ཉིན་དང་ལོ་རེ་ནས་ལོ་རེར་གྲགས་འགུལ་ཅི་ཡང་མེད་པར་བྱ་བ་སྣ་གཅིག་བསྒྲུབས་ནས་ཡོང་ལ། ཁོས་འབད་བརྩོན་བྱས་པའི་ལོ་ངོ་དེ་དག་གི་རིང་ལ་ཕ་ཡུལ་གྱི་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཞིང་། ཁོས་ཕ་ཡུལ་གྱི་དོན་དུ་འབད་བརྩོན་བླ་ལྷག་གནང་བ་ཡང་མང་ཚོགས་ཀྱིས་མིག་གིས་མཐོང་ཞིང་སེམས་སུ་བཟུང་ཡོད།
        རྒྱ་མཚོ་ལ་སྔ་གཞུག་ཏུ་མཚོ་བྱང་ཁུལ་གྱི“ཕུལ་བྱུང་ཏང་ཡོན”དང“ཧེ་ཡན་གྱི་མིག་དཔེ”སོགས་ཀྱི་གཟེངས་བསྟོད་ཐོབ་མྱོང་། ཡིན་ཡང་ཁོར་གྲུབ་འབྲས་དེ་དག་ཐོབ་པས་ང་རྒྱལ་ཏིལ་འབྲུ་ཙམ་ཡང་མེད་པར་སྔར་བཞིན་བབ་ཆགས་པའི་རྩྭ་ཐང་གི་འབྲོག་པའི་ཚུལ་བཟུང་ནས་བསྡད་ཡོད། ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ལ་མོས་པའི་དང་བླངས་པ་དེར། གོང་རིམ་ལས་ཁུངས་ཀྱིས་ཐེངས་མང་པོར་གྲོན་དངུལ་མཁོ་སྤྲོད་བྱེད་འདོད་རུང་། ཁོས་ཚིག་འཇམ་པོས་དང་ལེན་མ་བྱས་པ་རེད། ཁོས“ངས་སྒོར་མོའི་ཆེད་དུ་བྱ་བ་འདི་བསྒྲུབས་པ་མིན་པར་རྩྭ་ཐང་འདིའི་སྟེང་དུ་འཚོ་སྡོད་བྱེད་བཞིན་པའི་སྐྱེ་འགྲོ་དག་ལ་ཕ་ཁྱིམ་དྲོན་མོ་ཞིག་ཡོད་པའི་སླད་དུ་བསྒྲུབས་པ་ཡིན”ཟེར། ཁོས་རང་ཉིད་ཀྱི་འབད་བརྩོན་འདི་དག་ལ་འབྲས་བུ་ཞིག་ཐོབ་པར་ཡིད་ཆེས་བརྟན་པོ་བཅངས་ཡོད་ལ། དེ་ནི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་དང་རི་སྐྱེས་སྲོག་ཆགས་རྩྭ་ཐང་དེའི་སྟེང་དུ་སྔར་བས་ཀྱང་འཚོ་སྡོད་ལེགས་པོ་བྱེད་རྒྱུ་དེ་རེད།
        “ལམ་ཐག་ཐུང་རུང་འགྲོ་དགོས་ལ། དོན་དག་ཆུང་རུང་བསྒྲུབ་དགོས”རྒྱ་མཚོ་ནི་རྩྭ་ཐང་གི་འབྲོག་པ་དཀྱུས་མ་ཞིག་ཡིན་པས། གཅིག་ནས་ཁོ་ལ་རིག་གནས་ཆུ་ཚད་མཐོན་པོ་མེད་ལ། གཉིས་ནས་མངོན་པར་མཐོ་བའི་ཤེས་རབ་མེད་རུང་། དུས་རྒྱུན་དུ་ཐོག་མའི་བསམ་པ་དང་དམངས་ལ་བརྒྱུས་པའི་བརྩེ་སེམས་ཟབ་མོ། དེ་མིན་རང་རྟོགས་གསོལ་འབུལ་གྱི་བསམ་པ་དཀར་པོ་རྒྱུན་སྲུང་བྱས་ནས། སྤྱིར་བཏང་གི་ལས་རྐང་སྟེང་ཁོས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་བཞིན་ཡོད། དུས་མཚུངས་སུ། ཁོ་རང་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་དུས་གཏན་དུ་ཏང་ཡོན་གྱི་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་དམངས་ལ་ཞབས་ཞུ་སྒྲུབ་པ་སེམས་དོན་དང་པོར་བརྩིས་ནས། ཁོ་རང་གིས་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་ཞིག་གི་འོས་འགན་ཡིད་ཏུ་བརྟན་པོར་འཆང་བའི་བླ་མེད་ཀྱི་བརྩེ་བ་ཕྱིར་མངོན་ཡོད།
        ལོ་ངོ་བཅུ་ཕྲག་གི་རིང་ལ། རྒྱ་མཚོ་སོགས་ཀྱི་འབད་བརྩོན་ལ་བརྟེན་ནས་ཝ་མགྱོགས་ཞང་རྣ་ཁ་ས་ཁུལ་གྱི་དགོ་བའི་གྲངས་ཀ་དུས་རབས་སྔོན་མའི་ལོ་རབས90པའི་སུམ་ཅུ་ལྷག་ནས་ད་ལྟའི་བཞི་བརྒྱ་ལྷག་ཏུ་འཕར་བ་དང་། མི་མང་པོ་ཞིག་དཔུང་སྡེ་དེའི་ཁྲོད་ཞུགས་པ་དང་ཁོར་ཡུག་ལ་གཅེས་སྐྱོང་དང་སྲོག་ཆགས་ལ་སྲུང་སྐྱོབ་བྱས་ནས་ཕ་ཡུལ་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1